སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

༢/༦/༢༠༡༡ ྋརྒྱལ་བ་ཀརྨ་པ་མཆོག་གིས་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2013
བཀའ་སློབ་དང་གསུང་བཤད་གཞན། >> ༢/༦/༢༠༡༡ ྋརྒྱལ་བ་ཀརྨ་པ་མཆོག་གིས་བསྩལ་བའི་བཀའ་སློབ།


རྒྱལ་བ་ཀརྨ་པ་མཆོག་གིས་སྨན་རྩིས་ཁང་དུ་བསྩལ་བའི་བཀའ་སློབ།

 ༄༅། །སྒྲུབ་བརྒྱུད་བསྟན་པའི་བདག་པོ་དཔལ་ྋརྒྱལ་བ་ཀརྨ་པའི་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་སྤྱི་ལོ་༢༠༡༡ ལོའི་ཟླ་༦ ཚེས་༢ བཞུགས་སྒར་དབུས་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་དྲིན་ཞབས་སོར་མངོན་པར་བཀོད་ནས་བླང་དོར་བཀའ་སློབ་བཀའ་དྲིན་བསྩལ་བ།

དེ་རིང་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཁྱད་པར་ཅན་འདིར་ཞབས་བཅགས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྨན་རྩིས་ཁང་གི་དབུ་འཛིན་དང་། སྨན་རྩིས་མཐོ་སློབ་འདིའི་སློབ་སྤྱིའི་དབུས་པའི་དགེ་ལས་སློབ་ཕྲུག་དང་། དེ་བཞིན་སྐུ་མགྲོན་རྣམ་པ་བཅས་ལ་གུས་པའི་ངོས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

   ཐོག་མར་སྔོན་ལ་ངས་སྡུག་སྐད་གཅིག་རྒྱག་གི་ཡིན། དུས་རྒྱུན་ཆུ་ཚོད་བཅུ་གཉིས་ཙམ་ལ་ཁ་ལག་ཟ་བཞིན་ཡོད། ཁ་ལག་དེ་ཏོག་ཙམ་ཕྱིས་དྲགས་ན་ལམ་སེང་རླུང་ལངས་ཏེ་གཟུགས་པོ་ཡང་འདར་ཡོང་གི་ཡོད། བྱས་ཙང་ད་ལྟ་ན་གྲབས་བྱེད་ཀྱིན་འདུག

ཡིན་ནའང་དེ་རིང་འདར་ས་དེ་སྨན་རྩིས་ཁང་ཡིན་ཙང་བློ་བདེ་པོ་འདུག  གང་ཡིན་ཟེར་ན་མར་རིལ་སོང་ན་ཡང་སྨན་པ་འཁྲིས་ལ་ཡོད་པར་བརྟེན་བློ་བདེ་པོ་ཞེ་དྲག་འདུག  ད་རིང་འདིར་སྐུ་མགྲོན་གྱི་གཙོ་བོ་ཡིན་ཞེས་གསུངས་ཏེ་མགྲོན་དུ་བོས་ཀྱང་ངའི་ངོས་ནས་སྨན་རྩིས་སྐོར་ལ་སྦྱངས་པའི་ཡོན་ཏན་དང་། ཉམས་སུ་བླངས་པའི་ཤེས་ཡོན་དེ་འདྲ་གང་ཡང་མེད།  གཞི་རྩའི་བཀའ་སློབ་བཀའ་བློན་ཁྲི་པ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་རྒྱས་ཞིང་རྒྱས་པ་གསུངས་སོང་། དེའི་རོགས་འདེགས་ལྟ་བུར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཀྱང་བཀའ་སློབ་གནང་སོང་། ཁོང་གཉིས་ཀྱིས་མ་གསུངས་པ་ཞིག་དང་དེའི་ནང་དུ་མ་འདུས་པ་ཞིག་ང་ལ་ཞུ་རྒྱུ་མི་འདུག མ་གཞི་ད་གིན་ནས་གཅིག་དྲན་བསྡད་ཡོད་ཀྱང་ད་ལྟ་ཤེས་པ་ཟ་རི་ཟི་རེ་འདྲ་ཆགས་ནས་ དྲན་པ་བརྗེད་ཚར་འདུག

གཙོ་བོ་ཉེ་དུས་ྋརྒྱལ་བ་རིན་པོ་ཆེས་སྨན་རྩིས་ཁང་དུ་སློབ་མ་བརྒྱ་ཕྲག་ཙམ་དུ་མ་ཟད་སྟོང་ཕྲག་མང་པོ་ཐོན་ཐུབ་པ་ཞིག་དགོས་ཞེས་དང་། ལྷག་པར་ཁྱད་མཁས་ཀྱི་མི་སྣ་དེ་འདྲ་ཐོན་དགོས་ཞེས་པའི་བཀའ་སློབ་བཀའ་དྲིན་བསྩལ་བ་དེ་འདྲ་ངས་ཀྱང་གོ་ཐོས་བྱུང་།   དེ་འདྲ་ཡིན་དུས་བཀའ་སློབ་དེ་ཚོ་གལ་ཆེན་པོ་ཞེ་དྲག་རེད། ང་ཚོ་འདིར་མཐོ་རིམ་སློབ་གྲྭ་ཞིག་འཛུགས་དགོས་པའི་རྒྱུ་མཚན་ཡང་སློབ་མ་བསྐྱེད་བསྲིང་བྱེད་རྒྱུའི་ཆེད་དུ་ཡིན་པ་རེད། འདས་པའི་མི་ལོ་ལྔ་བཅུའི་ནང་དུ་སྨན་རྩིས་གཉིས་ཀྱི་སློབ་མ་ག་ཚོད་ཙམ་ཞིག་བསྐྱེད་བསྲིང་བྱེད་ཐུབ་ཡོད་དང་མེད། དེ་ཚོ་བརྒྱུད་དེ་རང་གཞན་ལ་ཕན་ཐོགས་ཇི་ཙམ་བྱུང་ཡོད་མེད། དེ་ཚོར་ང་ཚོས་ཕྱིར་མིག་ཅིག་བལྟས་ཡོང་དུས་དགའ་བ་དང་སྤོབས་པ་སྐྱེ་གཞི་ཞིག་ཆགས་ཡོང་གིན་འདུག  ཡིན་ནའང་ཕྱོགས་གཞན་ནས་བལྟས་ནས་དེས་འགྲིག་གི་འདུག་ཅེས་བློ་ཡིད་འདྲ་ཚིམས་ནས་བསྡད་ན་འགྲིག་ཐབས་མེད།  ལྷག་པར་དུ་དུས་ཚོད་ཟེར་བ་དེ་མགྱོགས་པོར་འགྲོ་བཞིན་ཡོད་པ་དང་། དེ་བཞིན་བོད་ཀྱི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་གནས་སྟངས་དག་གང་འདྲ་ཞིག་ཆགས་བསྡད་ཡོད་མེད་བཅས་ ལ་མནོ་བསམ་ཞིག་བཏང་ན་ཛ་དྲག་པོ་ཞིག་ཆགས་བསྡད་ཡོད་པ་རེད།

ང་ཚོ་བློ་འཚབ་ཆེ་རུ་འགྲོ་དགོས་པ་གཅིག་དང་། དེ་བཞིན་ང་ཚོའི་ལས་ཀའི་མྱུར་ཚད་དེ་ཡང་ཇེ་མགྱོགས་སུ་གཏོང་དགོས་པའི་དུས་ཚོད་གཅིག་ལ་སླེབ་ཀྱིན་མེད་དམ་བསམ་པ་ཞིག་དྲན་ཡོང་གིན་འདུག ཁ་སང་ང་ལ་མགྲོན་འབོད་གནང་བའི་སྐབས་སུ་སྐད་ཆ་བཤད་རྒྱུ་བྱུང་སོང་། ད་ལྟ་སྨན་རྩིས་ཁང་གི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་མེད་དང་། ན་ནིང་སྨན་སློབ་དང་རྩིས་སློབ་ཁག་གཅིག་རྒྱུད་སྟོད་ལ་ངའི་སར་བསླེབས་བྱུང་། སྨན་སློབ་མང་པོ་འདུག་ཀྱང་རྩིས་སློབ་གྲངས་བཞི་ལྔ་ལས་མི་འདུག སྨན་རྩིས་མཐོ་སློབ་ཟེར་དུས་སྨན་རྩིས་གཉིས་མཉམ་དུ་འགྲོ་ཡིན་ཡོད་དུས་དེ་གང་འདྲ་ཞིག་ཡིན་ནམ་བསམ་པ་དྲན་བྱུང་། ཕར་ཚུར་སྐད་ཆ་དྲིས་དུས་རྩིས་ཟེར་བ་དེ་དངུལ་གྱི་རྩིས་རྒྱག་རྒྱུ་དང་རྒྱ་མ་འདྲ་པོ་དེ་འདྲ་རྩིས་རྒྱུ་འདྲ་པོ་བསམ་བློ་གཏོང་གིན་མེད་འགྲོ།  རྩིས་ལ་སྐར་རྩིས་དང་། དབྱངས་འཆར་རྩིས། ནག་རྩིས་སོགས་དེ་ཚོ་ཚང་མ་ཟབ་ཅིང་རྒྱ་ཆེ་བ་བ་ཞིག་རེད། ཡིན་ནའང་སྤྱི་ཚོགས་ནང་རྩིས་ཀྱི་སྐོར་ལ་མཐོང་སྣང་དང་། གོ་རྟོགས། ཤེས་རྒྱ་སོགས་གཏིང་ཟབ་པོ་ཞིག་ཡོད་ས་མ་རེད།  དེའི་ཐོག་ནས་ཡང་དེང་སང་ཕལ་ཆེར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡང་མ་འོངས་པར་འཚོ་ཐབས་དང་། ཡང་ན་དངུལ་འདྲ་པོ་ག་ཚོད་ཅིག་བཟོ་ཐུབ་མིན་སྐོར་ལ་བསམ་བློ་གཏོང་གིན་མེད་འགྲོ།

དེ་འདྲ་ཡིན་དུས་རྩིས་བརྒྱབས་ནས་དངུལ་འདྲ་པོ་ག་ཚོད་ཅིག་བཟོ་ཐུབ་ཡོང་བསམ་པ་འདྲ་པོ་ཞིག་བསམ་བློ་གཏོང་གིན་མེད་འགྲོ། ངའི་ཁར་སྡོད་ཚུགས་འདྲ་པོ་མེད་ཙང་གཡས་ལ་ཕོག་གཡོན་ལ་ཕོག་བྱས་ན་ཡག་པོ་མེད། བྱས་ཙང་མང་པོ་ཞུ་གིན་མིན། གང་ལྟར་ན་ཡང་སྨན་རྩིས་ཟེར་དུས་གནའ་སྔ་མོ་ནས་བོད་ལ་སྨན་རྩིས་གཉིས་ཟུང་དུ་སྦྲེལ་ནས་སློབ་སྦྱོང་བྱེད་རྒྱུའི་ལམ་སྲོལ་ཞིག་དར་ཡོད་པ་རེད།  ཁྱེད་རང་ཚོ་ང་ལས་ལྷག་གི་རེད། སྨན་གྱི་སྐོར་ལ་སློབ་སྦྱོང་བྱས་ནའང་རྩིས་དེ་མེད་ཐབས་མེད་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་འདུག་ཅེས་ཟེར་གྱིན་འདུག ངས་ཤེས་ཀྱི་མེད་ཀྱང་མིས་དེ་འདྲ་བཤད་ཀྱི་འདུག དཔེར་ན། རྩ་བལྟ་བའི་སྐབས་སུ་ཡང་དུས་བཞིའི་རྣམ་གཞག་ཤེས་དགོས་པ་དང་། ངོ་མཚར་རྩ་བདུན་བལྟ་བའི་སྐབས་སུ་ཡང་ནག་རྩིས་ཤེས་དགོས་ཀྱི་རེད་ཅེས་ཟེར་གྱིན་འདུག ལྷག་པར་དུ་ང་ཚོའི་སྲོལ་རྒྱུན་གྱི་གསོ་བ་རིག་པ་དེ་དེང་དུས་ཀྱི་འཚོ་བྱེད་ཀྱི་རིག་པ་དང་མི་འདྲ་བར་དེང་དུས་ཕལ་ཆེར་རྐང་ལག་ལ་རྨ་འདྲ་པོ་བྱུང་ན་མཛུབ་མོ་བཅད་བཞག་པ་དང་། ཡང་ན་རྐང་པ་གཏུབ་རྒྱུའི་མཚོན་གང་ཙམ་ནས་གཟུགས་པོ་ཡང་གཏུབས་ནས་ལྷག་ས་མ་རེད་བསམས་པ་འདྲ་པོ་འདུག  ཞེད་སྣང་ཡང་ཚ་པོ་འདུག

དེ་ནས་སྲོལ་རྒྱུན་གྱི་གསོ་བ་རིག་པ་དེ་རྟེན་འབྲེལ་དང་། ཕྱི་ནང་གི་རྒྱུ་རྐྱེན་སོགས་ལ་བརྟགས་ཤིང་དཔྱད་པའི་སྒོ་ནས་ཕན་ཚུན་གཅིག་གིས་གཅིག་ལ་རོགས་པ་འདྲ་པོ་བྱས་ནས་ཕྱི་ནང་སྣོད་བཅུད་ཀྱི་འབྱུང་བ་སོགས་གཅིག་གིས་གཅིག་ལ་གྲོགས་བྱས་ནས་ལུས་འཚོ་བར་བྱེད་པའི་དམིགས་བསལ་གྱི་བསམ་བློ་དང་གཏིང་ཟབ་པ་འདྲ་པོ་ཞིག་མེད་འགྲོ་བསམས་པ་འདུག  དེ་འདྲ་ཡིན་དུས་ཕྱི་ནང་གི་རྟེན་འབྱུང་དང་། ཕྱི་ནང་གི་རྒྱུན་རྐྱེན་ཆ་ཚང་བ་ཞིག་རྟོགས་པར་བྱེད་པ་ལའང་སྐབས་གཅིག་རིང་ལ་སྨན་རྩིས་གཉིས་ཟུང་དུ་སྦྲེལ་དགོས་པ་དེ་འདྲ་འདུག  ངས་ཞེ་དྲག་ཤེས་ཀྱི་མེད་ཀྱང་དེང་སང་ནམ་མཁའི་རྒྱུ་སྐར་དེ་ཚོར་དོ་སྣང་ཆེན་པོ་སླེབ་བཞིན་ཡོད། ན་ནིང་ཐེངས་གཅིག་རྡོ་རྗེ་གདན་དུ་འདུལ་བའི་སྐོར་ལ་བགྲོ་གླེང་ཞིག་ཚོགས་པ་རེད། དེ་དུས་གསོ་སྦྱོང་ག་དུས་ཚུགས། དབྱར་གནས་ག་དུས་བྱས། དགག་དབྱེ་ག་དུས་བྱས་ཟེར་བའི་སྐད་ཆ་ཞིག་ཡོད་རེད། མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་པོ་ཡོད་རེད། མཁས་པ་ཁ་ཤས་ཀྱིས་རྩིས་དེ་འདྲ་མཁྱེན་གྱི་ཡོད་ས་མ་རེད།  གནམ་རིག་སྐར་དཔྱད་གཞིར་བཟུང་སྟེ་བརྟག་དཔྱད་བྱས་ན་ཡག་པོ་མེད་འགྲོ། ང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་སྐར་རྩིས་དེ་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། ཡིན་ནའང་དེང་སང་ཚན་རིག་དང་འཕྲུལ་ཆས་ཀྱི་ལམ་ནས་དཀའ་གནད་ཀྱི་སྐོར་ལ་རིག་པས་བརྟག་དཔྱད་འདྲ་པོ་བཏང་བ་རེད།  དེ་ནས་བཟུང་སྟེ་ང་རང་ཡང་དབྱིངས་འདྲ་པོ་འཕར། ངའི་ངོ་ཤེས་དེ་འདྲ་ཁོང་ཚོ་ཡང་དབྱིངས་འདྲ་པོ་འཕར་བྱས་མཚན་གང་པོར་མ་ཉལ་བར་ གློག་ཀླད་འཁྲིས་སུ་བཞག་ནས་ཞོགས་པའི་ཆུ་ཚོད་གསུམ་པ་བར་དེ་འདྲ་ཐེངས་ཁ་ཤས་ཤིག་བསྡད་སོང་། དེ་འདྲ་བྱས་ན་སྨྱོ་ཡང་སྨྱོ་ཡོང་ཞེས་བཤད་རྒྱུ་བྱུང་།  གྲུབ་འབྲས་མ་ཐོན་སྔོན་ནས་སོ་སོ་སྔོན་ལ་སྨྱོ་བའི་ཉེན་ཁ་ཡོད་རེད་ཅེས་དེ་འདྲ་བཤད་རྒྱུ་བྱུང་སོང་། བྱས་ཙང་ཚན་རིག་གི་འགྲོ་སྟངས་ཐོག་ནས་བྱས་ན་ང་ཚོའི་འཛམ་བུ་གླིང་འདི་དང་། ཉི་མའི་ཁྱིམ་བརྒྱུད། ཉི་མ་དེ་ནུས་པའི་འབྱུང་ཁུངས་ཡིན་པ།  དེའི་མཐའ་སྐོར་དུ་ཡོད་པའི་གཟའ་སྐར་དེ་ཚོ་ཡང་དེ་ལ་བརྟེན་ནས་ཡོང་དགོས་པ། དེ་ཡང་རྒྱ་ཆེ་ས་ནས་བཤད་ན་འཇིག་རྟེན་གྱི་ཁམས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་བསྡད་པ། དེ་དག་གི་ནང་ནས་རྒྱ་ཆུང་ས་ང་ཚོའི་འཛམ་བུ་གླིང་འདིའི་ཐོག་གི་སྐྱེ་དངོས་ཀྱི་དངོས་པོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ། གཅིག་ལ་གཅིག་ལྟོས་ནས་ཡོད་དགོས་པ། དེར་བརྟེན་ནང་པ་སངས་རྒྱས་ཀྱི་རྟེན་འབྱུང་གི་རིག་པ་ཟེར་བ་དེ་ཧ་ཅང་གིས་གཏིང་ཟབ་ལ་རྒྱ་ཆེ་བའི་ཤེས་བྱའི་གནས་གང་འདྲ་ཞིག་གི་སྟེང་ལ་ཡང་འབྲེལ་བ་ཆགས་ནས་གཏིང་ཟབ་པོ་ཞེ་དྲག་ཅིག་འདུག་བསམ་པ་དེ་འདྲ་དྲན་གྱིན་འདུག  དེ་རིང་ངས་སྙིང་པོ་འདྲ་པོ་དེ་གང་བཤད་སྙིང་འདོད་བྱུང་ཞེ་ན་ནི། ད་ལྟ་ང་རང་ཚོས་འདས་པའི་མི་ལོ་ལྔ་བཅུ་སོང་བའི་སྨན་རྩིས་ཀྱི་དུས་དྲན་མཛད་སྒོ་འདི་འཚོགས་རྒྱུ་བྱུང་བ་རེད།

དེའི་རིང་ལ་ལེགས་པའི་ཆ་དང་ཡང་སྐྱོན་གྱི་ཆ་ཡང་གཉིས་སུ་བྱུང་ཡོད་པ་རེད། ཉམ་ཆག་བྱུང་བའི་ཆ་དེ་དག་ལ་ཡང་དོ་སྣང་བྱེད་དགོས་པ་དང་ལྷག་པར་བརྟག་དཔྱད་གཏོང་རྒྱུ་དེ་ནི་ཞེ་དྲག་གིས་གལ་ཆེན་པོ་ཞིག་རེད་བསམ་གྱིན་འདུག  ངས་སོ་སོའི་བོད་པར་སྨད་ར་བཏང་བ་མ་ཡིན་པར་མིས་ངར་བོད་པ་ཚོས་སོ་སོའི་ལས་ཀ་གྲ་འགྲིག་པོ་དང་ཚགས་ཚུད་པོ་འདྲ་བྱུང་ཚེ་དེས་བློ་ཡིད་འདྲ་ཚིམས་ནས་སྡོད་པ་ལས་གཞན་འཛམ་བུ་གླིང་སྤྱིའི་འགྲོ་སྟངས་དང་གནས་སྟངས་སོགས་ལ་བརྟག་དཔྱད་བྱེད་ཀྱིན་མི་འདུག་ཅེས་བཤད་ཀྱི་འདུག  དཔེར་ན། ཤིང་ཏོག་སོགས་ཉིན་ཤས་བདག་པོ་མ་བརྒྱབས་པར་བཞག་ན་སྣོད་ནང་དུ་རུལ་འགྲོ་བ་ལྟར་བོད་པ་ཚོ་ཡང་འཕུང་བྱེད་གཞན་མི་དགོས་པར་ཁོ་རང་ཚོའི་ངོས་ནས་རུལ་འགྲོ་བ་ལྟར་ གཅིག་མཚུངས་རེད་ཟེར། ཁོར་ཡུག་དེ་འདྲ་གཅིག་གི་ནང་དུ་བསྡད་ནས་མགོ་བོ་འདྲ་འཁོར་ནས་བསྡད་ན་ཉེན་ཁ་ཞིག་མིན་འགྲོ་བསམ་པ་རེད། ང་མ་གཞི་ནས་དུས་རྒྱུན་དུ་བསམ་རྒྱུ་དང་དྲན་རྒྱུ་སྐྱེན་པོ་རེད།  ལག་ལེན་ཞེ་དྲག་བཀལ་མ་ཐུབ་མཁན་གྱི་མི་ཞིག་རེད། ང་འདྲ་ལྟ་བུའི་མི་ཞིག་གི་ངོར་བལྟས་ཡོང་དུས་སྤྱིར་ང་ཚོའི་རིག་གནས་དང་སྒོས་ སུ་སྨན་རྩིས་གཉིས་ཀྱི་གཞུང་ལུགས་དེ་ཟབ་ཅིང་རྒྱ་ཆེ་བའི་སྐོར་ད་གིན་ཟམ་གདོང་ རིན་པོ་ཆེས་གསུངས་པ་བཞིན་གཏེར་མཛོད་ལྟ་བུ་ཞིག་ཡོད་ན་ཡང་ང་ཚོས་ཆ་ཚང་བ་ལྟ་བུ་ཞིག་ལག་ལེན་དུ་བསྟར་མ་ཐུབ།  ཚད་མཐོ་རུ་གཏོང་བ་དང་། ཡང་གསར་གཏོད་བྱེད་པ། ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་ཐད་ལ་ང་ཚོས་དོ་སྣང་བྱེད་རྒྱུ་ཉུང་དྲགས་པ་དང་མ་འདང་བའི་ཆ་ཡོད་པ་རེད། རྒྱ་གར་གཞུང་གི་ངོས་ནས་བོད་སྨན་དེ་ཁྲིམས་མཐུན་ངོས་ལེན་བྱས་པར་བརྟེན། བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་བརྒྱུད་རིམ་ཐོག་ང་ཚོར་རྒྱལ་ཁ་ཆེན་པོ་ཐོབ་པ་ ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད།

གཞུང་ལུགས་ཀྱི་རིག་པ་དེ་དེབ་སྐྱེལ་བྱས་པ་ཙམ་གྱིས་མི་འགྲིག་པར་ལག་ལེན་དུ་བསྟར་ནས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ཡིན་དུས་རིན་པོ་ཆེས་གསུངས་པ་བཞིན་སློབ་ཐོན་གྱི་ལག་འཁྱེར་ཡང་ཚད་ལྡན་ཡོད་དགོས་པ་དང་། དེ་ཡང་རྒྱ་གར་གྱི་མཐོ་སློབ་དང་ཚད་ལྡན་གྱི་ངོས་ལེན་ཡོད་པའི་ལག་འཁྱེར་གཅིག་མཚུངས་སུ་ཐོབ་ཐུབ་ན་ཡག་པོ་ཞེ་དྲག་ཡོད་པ་རེད། མདོར་ན་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་བསམས་བྱུང་།

མ་གཞི་སྔོན་མ་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་དང་བླ་སྨན་བློ་བཟང་དབང་རྒྱལ་ལགས་ཕལ་ཆེར་དགོངས་པ་མ་རྫོགས་པའི་སྔོན་དེར་ང་ལའང་འགན་ཆེ་ཐག་ཆོད་ཅིག་སྤྲད་སོང་། ཀརྨ་པ་སྐུ་འཕྲེང་རིམ་བྱོན་དེ་དག་སྨན་རྩིས་གཉིས་ཀྱི་ཐོག་ལ་ཕྱག་རྗེས་ཆེན་པོ་ཞེ་དྲག་ཡོད་རེད་ལ་འབྲེལ་བ་ཆེན་པོ་ཡོད་ཅེས་གསུངས་བྱུང་། བྱས་ཙང་ཁྱེད་རང་ཡང་སྨན་རྩིས་སྦྱང་དགོས་པ་རེད། ད་དུང་ཁོང་དགོངས་པ་མ་རྫོགས་པའི་སྔོན་དེར་དེབ་ཁ་ཤས་ཤིག་ཀྱང་བསྐུར་བྱུང་། སྐྱེམས་པ་ཚེ་དབང་གི་རྒྱུད་བཞིའི་འགྲེལ་པ་སོགས་དེབ་ཁ་ཤས་ཤིག་འདུག དེ་དུས་སེམས་འགུལ་ཆེན་པོ་འདྲ་ཞིག་ཐེབས་བྱུང་ལ་ཁས་ལེན་བྱས་པ་ཡིན་ཡང་ད་བར་སྦྱོང་ཐུབ་མ་སོང་།  མཚམས་མཚམས་ལ་གོ་སྐབས་འདྲ་བྱུང་ན་བལྟ་ཀློག་བྱེད་ཀྱིན་ཡོད། ད་གིན་ཟམ་གདོང་རིན་པོ་ཆེས་རྒྱུད་བཞི་དེ་སུས་མཛད་མ་མཛད་ཀྱི་སྐོར་ལ་བསམ་ཚུལ་ཡོང་དུས་ཙ་ན། ཟུར་མཁར་བློ་གྲོས་རྒྱལ་པོས་དེ་ལ་ཡང་དཔྱད་རྩོམ་ཞིག་མཛད་དེ་ཕྱི་ནང་གསང་གསུམ་གྱི་གནས་ལུགས་མང་པོ་ཞིག་འདུག གང་ཙམ་ནས་དེའི་ནང་དུ་ཕྱི་ལྟར་ན་སྟོན་པ་སངས་རྒྱས་སྨན་བླ་དང་གསང་བ་ལྟར་ན་བོད་ཀྱིས་མཛད་པའི་སྐོར་ཐོན་བཞིན་འདུག དེ་དུས་མ་གཏོགས་མཐོང་མ་མྱོང་། དེའི་སྐོར་ལ་ཕྲན་བུ་ཙམ་བལྟ་ཀློག་བྱས་པའི་ཁུལ་རེད། དེ་བཞིན་ཀརྨ་པའི་སྐུ་འཕྲེང་རིམ་བྱོན་དེའི་ཚོའི་ནང་དུ་སྨན་རྩིས་གཉིས་ལ་མཁྱེན་པ་ཡོད་མཁན་དཔེར་ན། ཀརྨ་པ་རང་བྱུང་རྡོ་རྗེ་ལྟ་བུའི་མཚོན་མང་པོ་ཡོང་བསྡད་ཀྱི་འདུག   དེ་ཚོའི་མཛད་པ་འཕྲིན་ལས་ཁག་ལ་ཐོས་བསམ་དང་སློབ་གཉེར་བྱེད་དུས་རང་ཉིད་ཡིན་ནའང་ངོ་ཚ་དགོས་པ་དེ་འདྲ་ཡོང་གི་འདུག དེ་འདྲ་སོང་ཙང་ངའི་ངོས་ནས་ཡང་མ་འོངས་པར་མི་ཚེ་རིང་པོ་འདྲ་བྱུང་ན་སོ་སོའི་ངོས་ནས་བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གནས་སྐོར་ལ་ཡང་བག་ཆགས་མི་དམན་ཙམ་ཞིག་འཇོག་ཐུབ་པའི་ཆེད་དུ་འབད་བརྩོན་ཞུ་གིན་ཡིན་ཞེས་ཞུ་འདོད་བྱུང་། (མཚམས་འདིར་སྨན་རྩིས་མཐོ་སློབ་ཀྱི་དུས་དྲན་ཉིན་མོར་འདུ་མཛོམས་བྱུང་བའི་སྨན་རྩིས་དགེ་སློབ་སོགས་ཚོགས་བཅར་བ་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་ཚད་མེད་ཅིག་བསྒྲགས།)མུ་མཐུད་དེ་བཀའ་སློབ་གནང་བ་ནི། བོད་ཀྱི་སྨན་རྩིས་གཉིས་སྦྱངས་ནས་སྨན་པ་མཁས་པ་ཞིག་དང་རྩིས་པ་མཁས་པ་ཞིག་ཆགས་ཀྱི་རེད་དྲན་གྱི་མེད་ནའང་དེས་བོད་ཀྱི་སྨན་རྩིས་གཉིས་ཀྱི་བསྟན་པར་ཕྲན་བུའི་ཞབས་འདེགས་འགྲོ་བ་ཞིག་དང་། ལྷག་དོན་སྨན་རྩིས་གཉིས་ཀྱི་བསྟན་པར་ཕྱར་གྲུ་མཉམ་འདེགས་གནང་དང་གནང་བཞིན་ཡོད་པ་སྤྱི་དང་དམིགས་བསལ་དེ་རིང་འདིར་ཕེབས་པའི་སྨན་རྩིས་དགེ་སློབ་ཡོངས་ལ་སེམས་འགུལ་ཐེབས་ཐུབ་པ་ཞིག་ཡོང་གི་རེད་དྲན་བྱུང་།  སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འདིར་ངའི་ངོས་ནས་སྐད་ཆ་གྲ་འགྲིག་པོ་ཞིག་དང་རྒྱ་ཆེ་བ་དེ་འདྲ་བཤད་རྒྱུ་མི་འདུག་ཀྱང་ངས་གོང་དུ་ཞུས་པ་ལྟར་སོ་སོས་སྨན་རྩིས་གཉིས་ལ་སྦྱང་བརྩོན་བྱ་རྒྱུའི་དམ་ བཅའ་ལྟ་བུ་ཞིག་འབུལ་འདོད་བྱུང་། དེི་མིན་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ། ཞེས་བཀའ་བསྩལ་ཏོ།། །།

ཞེས་དབུས་སྨན་རྩིས་རིག་གཞུང་ཞིབ་འཇུག་ཁང་གིས་སྒྲ་སྡུད་འཕྲུལ་འཁོར་ནས་ཕབ་ལེན་ཞུས་པའོ།། །།

མཐའ་མའི་འདོན་ཐེངས་།: 13.01.2014 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།