སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

༢༥/༩/༢༠༡༡ ྋདཔལ་ས་སྐྱ་ཁྲི་འཛིན་མཆོག་གི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.09.2013
བཀའ་སློབ་དང་གསུང་བཤད་གཞན། >> ༢༥/༩/༢༠༡༡ ྋདཔལ་ས་སྐྱ་ཁྲི་འཛིན་མཆོག་གི་བཀའ་སློབ།


 ྋདཔལ་ས་སྐྱ་ཁྲི་འཛིན་མཆོག་གི་བཀའ་སློབ། 

༄༅།   །འཁོན་རིགས་དཔལ་གྱི་གཙུག་རྒྱན་ས་སྐྱ་ཁྲི་ཆེན་ཞེ་གཅིག་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་རྒྱལ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་ས་དབུས་སྨན་རྩིས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ཞལ་བཞེས་གནང་བ་བཞིན། ཕྱི་ལོ་༢༠༡༡ ཟླ་༩ ཚེས་༢༥ ཉིན་དབུས་བོད་ཀྱི་སྨན་རྩིས་ཁང་དུ་སྐུ་དངོས་ཞབས་བཅག་པ་རེད། ཁོང་གིས་ཐོག་མར་སྨན་རྩིས་ཁང་མཆོད་ཁང་དང་། འཛིན་སྐྱོང་ཡིག་ཚང་། སྨན་མཛོད་ཁང་། སྨན་སྦྱོར་ཁང་ལ་སོགས་པའི་གལ་ཆེའི་གནས་གཞི་ཁག་ཅིག་ལ་གཟིགས་ཞིབ་དང་རབ་གནས་བཀྲིན་བསྐྱངས། མཐར་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་མི་འཇིགས་གདོང་ལྔའི་སེང་གེ་ཁྲི་ལ་ཞབས་སོར་བདེ་བར་འཁོད་པ་ན། སྨན་རྩིས་ཁང་གི་སྐུ་ངོ་ངེས་སྟོན་པ་དང་། དྲུང་ཆེ། སློབ་སྤྱི་བཅས་ནས་མཎྜལ་འདེགས་འབུལ་དང་འབྲེལ་སྨན་རྩིས་ཁང་གི་སྐྱེ་འགྲོ་འདུས་པར་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མདོ་ཆོག་བསྡུས་པའི་ལྗགས་ལུང་བསྩལ་བའི་སྔོན་འགྲོའི་ལམ་སྟོན་བཀའ་སློབ་ནང་པའི་ཆོས་ཀྱི་བསླབ་བྱ་སྙིང་བསྡུས་གང་མང་གི་གསུང་ཆོས་བཀྲིན་བསྩལ་བ།།

   

དེ་རིང་འདིར་སྨན་རྩིས་ཁང་གི་དབུ་འཛིན། དེ་བཞིན་ཨེམ་ཆི་རྣམ་པ་ཚོ་དང་། དགེ་སློབ་ལས་བྱེད་ཚང་མ་ལ་ཞུ་ཡག་ལ། དེ་རིང་ང་ཚོ་འདིར་བཞུགས་སྒར་རྡ་རམ་ས་ལར་ཆོས་ཚོགས་ལ་བཅར་བའི་གོ་སྐབས་དང་བསྟུན་ནས་སྨན་རྩིས་ཁང་གི་དབུ་འཛིན་ལས་བྱེད་ཚང་མས་ཐུགས་རེ་གནང་བ་ནང་བཞིན་ང་རང་འདིར་ཁྱུག་ཙམ་བཅར་ཐུབ་པ་དེ་ཞེ་དྲག་དགའ་པོ་བྱུང་། བར་སྐབས་མ་བཅར་བ་རྒྱུན་རིང་པོ་ཕྱིན་སོང་། སྨན་རྩིས་ཁང་ཐོག་མར་འཛུགས་པའི་སྐབས་ལ་འདི་གར་ཁྱུག་ཁྱུག་ཙམ་ཞིག་བཅར་མྱོང་། དེ་ནས་བར་སྐབས་ཤིག་ལ་ང་འདི་གར་ཁྱུག་ཙམ་མ་གཏོགས་དུས་ཡུན་རིང་པོ་བསྡད་ཀྱི་མེད་པ་ཡིན་དུས་བཅར་ཡག་བྱུང་མ་སོང་། དེ་རིང་སྨན་རྩིས་ཁང་ཚུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གནང་བའི་སྐབས་འཁེལ་བ་ཞེ་དྲག་དགའ་པོ་བྱུང་། ཚང་མས་ཐུགས་བརྩེ་ཆེན་པོའི་ཐོག་ནས་གང་ཅི་སྣེ་ལེན་དགའ་བསུ་ཟབ་རྒྱས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་ཡག་དང་ཆབས་ཅིག་ཏུ་གོ་སྐབས་འདི་བརྒྱུད་ནས་ཚང་མ་ལ་སྙིང་ནས་མཛའ་ཞིང་བརྕེ་བའི་འཚམས་འདྲི་དང་འབྲེལ་བའི་ཐོག་བཀྲ་ཤིས་བདེ་ལེགས་ཡོད་ཅེས་ཞུ་ཡག་ཡིན།

          ཁ་སང་ཐུགས་རེ་གནང་ཡག་ལ་རྟ་ཕྱག་ཁྱུང་གསུམ་གྱི་གཟུངས་སྔགས་སམ་ལུང་ངམ། ཡང་ན་སྨན་ཆོག་བསྡུས་པའི་ལུང་ཞིག་སྦྱིན་རོག་ཞེས་དེ་འདྲ་གསུངས་ཀྱི་འདུག  དེ་ཡིན་དུས། སྐབས་སུ་བབ་པ་སྨན་ཆོག་བསྡུས་པའི་ལུང་ཞིག་འབུལ་ན་བསམ་པ་དྲན་བྱུང་།  སྤྱིར་བཏང་འཇིག་རྟེན་གྱི་ཁམས་འདི་ལ་མི་དང་། ཆོས་ལུགས། ལྟ་བ། ལུགས་སྲོལ། གཞིས་ཀ་འདྲ་མིན་འདྲ་ལ་སོགས་པ་མང་པོ་ཞེ་པོ་ཞིག་ཡོད་རེད་དེ། ཡིན་ནའང་སྤྱི་མཐུན་ལ་གཅིག་ཡོད་པ་དེ། གང་གས་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། སྡུག་བསྔལ་སེལ་བ་དང་བདེ་སྐྱིད་ཐོབ་པའི་ཆེད་དུ་གང་གས་འབད་བརྩོན་བྱེད་ཀྱི་ཡོད་རེད། ཆོས་ཁས་ལེན་མཁན་ཡིན་ནའང་འདྲ། མི་ལེན་མཁན་ཡིན་ནའང་འདྲ། ཤར་ཕྱོགས་པ་ཡིན་ནའང་འདྲ། ནུབ་ཕྱོགས་པ་ཡིན་ནའང་འདྲ། གང་ལྟར་ཚང་མས་དོན་དུ་གཉེར་ཡག་དེ་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས། དངོས་གནས་དྲང་གནས་སྡུག་བསྔལ་མཐའ་དག་སེལ་ཐུབ་པ་ཞིག་དང་། བདེ་སྐྱིད་དངོས་གནས་དེ་ང་རང་ཚོའི་ནང་སེམས་ལ་སྒྱུར་བ་གཏོང་བྱེད་དེ་ཡང་ཆོས་ཀྱི་བསླབ་བྱའི་ཐོག་ནས་སྒྱུར་བ་བཏང་ནས་ཐོབ་དགོས་ཀྱི་ཡོད་རེད།  འཛམ་བུ་གླིང་ནང་ཆོས་ལུགས་འདྲ་མིན་འདྲ་མང་པོ་ཡོད་རེད། ཆོས་ལུགས་སོ་སོར་རང་རང་སོ་སོའི་དགེ་མཚན་དང་གང་ལྟར་སོ་སོའི་ལྟ་གྲུབ་ཀྱིས་མིའི་སྤྱི་ཚོགས་ལ་ཞེ་དྲག་ཕན་གྱི་ཡོད་རེད། དེ་ཡིན་ནའང་། ང་རང་ཚོའི་སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་བཞག་པའི་ནང་པ་སངས་རྒྱས་པའི་ཆོས་དེ་གཞན་དང་མི་འདྲ་བ། ཇི་ཙམ་བརྟག་དཔྱད་དང་ཉམས་ཞིབ་བྱེད་པ་དེ་ཙམ་གྱི་གཟི་བརྗིད་དང་ངོ་མཚར་ཇེ་ཆེ་ཇེ་ཆེར་འགྲོ་གི་ཡོད་པ། དེ་འདྲའི་རྒྱུ་མཚན་ལ་རྟེན་ནས་དེ་རིང་ཁ་སང་འཛམ་བུ་གླིང་ཤར་ནུབ་ག་ས་ག་ལ་ནང་པའི་ཆོས་ལ་དད་པ་དང་། དོ་སྣང་དང་། དོན་གཉེར་བྱེད་མཁན་ཉིན་རེ་ནས་ཉིན་རེ་བཞིན་དུ་ཇེ་རྒྱས་ཇེ་འཕེལ་ལ་འགྲོ་གི་ཡོད་རེད།  དེ་འདྲ་ཡིན་དུས། ང་རང་ཚོ་མི་གཞན་ལ་སྐྱབས་བཅོལ་མི་དགོས་པ། གཙོ་བོ་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་རེད། ཕྱོགས་གཅིག་ནས་རྒྱ་གར་གྱི་མཁས་པའི་དབང་པོ་ཚོའི་ཐུགས་རྗེ་བྱིན་རླབས་དང་། ལྷག་པར་དུ་བོད་རང་གི་ལོ་ཙྭ་བ་ཚོས་དཀའ་བ་དུ་མ་སྤྱད་པ་དེ་འདྲའི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ། ཐེག་པ་ཆེ་ཆུང་མདོ་སྔགས་ཐུན་མོང་རིག་གནས་དང་བཅས་པ། ཆ་ཚང་ལ་སྤུས་དག་པ། གང་ལྟར་དམ་པའི་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་དང་གཉིས་སུ་མ་ཕྱེས་པ་ལྟ་བུ། དེ་འདྲ་ཞིག་བྱུང་ཡོད་ཡིན་པ་རེད།  དེ་འདྲའི་ཐུགས་རྗེ་བྱིན་རླབས་ལ་རྟེན་ནས་བོད་གངས་ཅན་གྱི་ལྗོངས་རེད། ད་ག་ནང་བཞིན་བོད་ཀྱི་བླ་མ་ཚོའི་འཕྲིན་ལས་ཀྱི་ཁྱབ་བསྡད་པའི་ཧིམྰལཡའི་རི་བརྒྱུད་རེད། ཆེན་པོ་ཧོར་གྱི་ཡུལ་གྲུ་རེད། དེ་ཚོའི་ནང་རང་བཞིན་གྱི་མང་ཚོགས་ཀྱི་ཆོས་རྒྱ་ཆེན་པོ་གཏིང་ཟབ་པོ་མ་ཤེས་པ་ཡིན་ནའང་། རང་བཞིན་གྱི་མི་ཚེའི་ནང་ཡར་བླ་མ་དཀོན་མཆོག་ལ་དད་པ་བྱེད་ཡག་རེད། མར་སེམས་ཅན་སྲོག་ཆགས་གྲོག་འབུ་ཚུན་ཆད་ལ་སྙིང་རྗེ་བྱེད་ཡག་རེད། གཞན་ཡང་ཉིན་རེ་ཉིན་རེའི་མི་ཚེའི་ནང་ལ་ལས་རྒྱུ་འབྲས་ཀྱི་གནད་ཀ་ཞིབ་ཕྲ་ཤེས་ཀྱི་མེད་པ་ཡིན་ནའང་ལས་རྒྱུ་འབྲས་ལ་སྲུང་བརྩི་བྱེད་དགོས་ཀྱི་ཡོད་པ་ཞིག་དང་། ལས་ལ་རྟེན་ནས་འཇིག་རྟེན་ཁམས་ཀྱི་བདེ་སྡུག་གྱི་སྣང་ཚུལ་མང་པོ་ཅིག་ཡོང་གི་ཡོད་པ། རང་རང་སོ་སོས་ལས་དགེ་སྡིག་བསགས་པ་ལ་རྟེན་ནས་ཡོང་གི་ཡོད་པ་ཚང་མས་ཤེས་ཀྱི་ཡོད་རེད།  དེ་ཡིན་དུས། བོད་མི་མང་ཚོགས་ཀྱིས་ཆོས་རྒྱ་ཆེན་པོ་མ་ཤེས་པ་ཡིན་ནའང་། རང་བཞིན་གྱི་སེམས་རྒྱུད་དུལ་བ་དང་བཟང་བ། བག་ཕེབས་པོ་དང་།  དེ་རིང་ཁ་སང་ནང་བཞིན་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ནས་འཕྲུལ་འཁོར་དང་། ཚན་རིག་ལ་སོགས་པ་དེ་འདྲའི་ཐོག་ནས་ང་རང་ཚོ་བོད་ལུང་པ་དེ་ཞེ་དྲག་གི་རྗེས་ལུས་ཐེབས་པ་རེད་དེ། ཡིན་ནའང་། གནའ་རབས་ཀྱི་རིག་གཞུང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ཚུལ་རྒྱ་ཆེ་ལ་གཏིང་ཟབ་པ། དེ་འདྲ་ཞིག་གིས་གང་ལྟར་རྒྱུད་འདུལ་ཞིང་ཡུལ་གྲུ་ཕུན་སུམ་ཚོགས་པ། འཕགས་མཆོག་ཕྱག་ན་པདྨོའི་འདུལ་ཞིང་ཡིན་པ། ད་ག་ནང་བཞིན་གྱི་ཕྱི་ཡུལ་གྱི་བཀོད་པ་ཡིན་ནའང་ས་མཐོ་པོ། གངས་རི་ཕྲེང་བས་འཁོར་ཡུག་ཏུ་བསྐོར་ཞིང་། ཁ་རླུང་གཙང་མ་འཛམ་བུའི་གླིང་གི་ཡང་ཐོག་རེད། ཡིན་ནའང་། དུས་ཀྱི་འགྱུར་བ་ཟེར་བ་དེ་ག་པར་ཡིན་ནའང་འགྲོ་བསྡད་ཀྱི་ཡོད་རེད།  འདུས་བྱེད་ཐམས་ཅད་མི་རྟག་པ། །གསུངས་པ་དེ་རང་བཞིན་གྱི་ཁམས་ཚང་མ་འགྱུར་འགྲོ་གི་ཡོད་རེད།  ང་རང་ཚོ་སྔོན་ཆད་བོད་ལུང་པ་རུ་དར་རྒུད་ཀྱི་གནས་ཚུལ་སྣ་ཚོགས་བྱུང་ཡོད་རེད། ལྷག་པར་དུ་ང་རང་ཚོ་མི་ཐོག་འདི་ལ་གཞན་དང་མ་འདྲ་བར་བོད་ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་པའི་ས་ཁུལ་ཡོངས་རྗོགས་ལ་འགྱུར་བ་ཆེན་པོ་ཞེ་པོ་ཞིག་བྱུང་རྗེས་གནས་སྟངས་འདི་ལྟ་བུ་ཞིག་གི་སྐབས་ལ་ཐུག་ཡོད་རེད། ཡིན་ནའང་། ཕྱོགས་གཅིག་ནས་བོད་མི་གཞིས་བྱེས་ཡོངས་རྫོགས་ཀྱི་སྤྱི་མཐུན་གྱི་བསོད་ནམས་ལ་རྟེན་ནས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་དངོས་གནས་དྲང་གནས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཐར་ཐུག་པ་གནང་མཁན་གྱི་མངའ་འོག་ཏུ་ཚུད་བྱས། ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུའི་གསང་བ་གསུམ་ལ་སྐུ་སྒེར་བགེགས་གྱི་ཚད་མ་ཕྲ་མོས་ཀྱང་མ་གོས་པར་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་ཐུབ།  འཁོད་ཐུབ་པ་ཙམ་དུ་མ་ཟད་རྒྱ་གར་གྱི་མཚོན་པའི་འཛམ་བུ་གླིང་ཡོངས་སུ་རྫོགས་པར་འཕྲིན་ལས་ཀྱི་ཉི་མས་ཁྱབ་ནས་ཕྱོགས་ག་ས་ག་ལ་བོད་ཀྱི་བསྟན་པ་དང་། ཤེས་རིག ལེགས་བྱང་ཐམས་ཅད་ཕྱོགས་ཀུན་ནས་དར་ཞིང་རྒྱས་པ་ཡོང་དང་ཡོང་བཞིན་པ་འདུག་སེ་ཡིན་པ་རེད། གང་ལྟར་མགོན་པོ་གང་གིས་བདག་གཉེར་འཕྲིན་ལས་ལ་རྟེན་ནས་སྨན་རྩིས་ཁང་ཡིན་ནའང་དངོས་གནས་དྲང་གནས་ཧ་ལས་པའི་ཡར་རྒྱས་དང་། གྲུབ་འབྲས་གང་མིན་ཚད་རེད།
 

          ང་མི་འདྲ་མིན་འདྲ་མང་པོ་དང་ཐུག་གི་ཡོད་རེད། དེ་འདྲ་ཡིན་དུས། མི་མང་པོས་ཟེར་གྱི་འདུག  བོད་ཀྱི་སྨན་དེ་ཞེ་པོ་ཞིག་ཕན་པོ་འདུག  ང་རང་ཡིན་ན་སྤྱི་བཏང་ནད་པ་རྒན་པོ་འདྲ་བོ་ཡིན། སྨན་མང་པོ་ཟ་དགོས་མཁན་དེ་འདྲ་ཡིན། དེ་ཡིན་དུས་ཙ་ནས།  ཕྱི་རྒྱལ་གྱི་སྨན་ཟ་གི་ཡོད་ལ། ད་ག་ནང་བཞིན་བོད་སྨན་ཡང་མང་པོ་ཟ་གི་ཡོད། ཕྱི་རྒྱལ་གྱི་སྨན་དེ་ཚོ་ཟོས་ན་ལམ་སང་ལམ་སང་ཕན་མཁན་དང་དྲག་ཐུབ་མཁན། སྤྱི་བཏང་ཆ་ནས་ཞེ་དྲག་ཡག་པོ་འདུག་སྟེ་ཡིན་ནའང་། ཕྱོགས་གཅིག་ནས་དྲག་ན་དེའི་རྐྱེན་པས་ན་ཚ་གཞན་དག་སློང་གི་ཡོད་པ་འདྲ་བོ།  ད་ལྟ་དྲག་ནས་གང་ཙམ་ཞིག་ནས་ལང་གི་ཡོད་པ་འདྲ་བོ་དེ་འདྲ་འདུག  ང་རང་ཚོ་བོད་སྨན་དེ་སངས་རྒྱས་ཀྱི་གསུང་། སྨན་གྱི་མདོ་ལ་སོགས་པ་གཞིར་བྱས་ནས་དེའི་ཐོག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་རྣམ་འཕྲུལ་དུ་མ་བྱོན་བྱས་མཛད་པ་ཡིན་དུས་གཞན་དང་མ་འདྲ་བ་ཡོང་དགོས་ཀྱི་རེད་ལ་ཡོང་ཡོད་པའང་རེད།  དཔེར་ན་སྨན་སྦྱོར་བྱེད་པའི་སྐབས་ཡིན་ནའང་། ད་གིན་ང་ཚོ་སྨན་སྦྱོར་ཁང་དུ་བལྟ་སྐོར་ལ་ཕྱིན་དུས་སྨན་རྫས་བཞག་གནང་ས། ད་ག་ནང་བཞིན་སྨན་སྦྱོར་གནང་ས་རེད། ལྷག་པར་དུ་སྨན་བརྡུང་མཁན་དེ་ཚོ་གཟུངས་སྔགས་འདོན་བྱེད་ནས་ཞེ་དྲག་གི་བྱིན་རླབས་ཆེན་པོ་དང་། གཞན་དང་མ་འདྲ་བ་ཞིག་འདུག   བོད་སྨན་དེ་ལམ་སང་ཕན་ཐུབ་ཡག་མིན་འདུག་སྟེ་སྙུགས་བསྲིངས་ནས་ཟོས་པ་ཡིན་ན་དྲག་གཅིག་དྲག་ཡག་དང་། ལྷག་པར་དུ་སྨན་ཟོས་པ་དེའི་རྐྱེན་བྱེད་ནས་ན་ཚ་གཞན་ལངས་ཡག་མེད་པ་དེ་འདྲ་དངོས་གནས་དྲང་གནས་གཟི་བརྗིད་དང་ངོ་མཚར་གང་མིན་ཚད་ཆེན་པོ་རེད། དེ་འདྲ་ཡིན་དུས་གང་མིན་ཚད་ཡག་པོ་བྱུང་བཞག   རྗེས་སུ་ཡི་རང་ཞུ་ཡག་ཡིན།

 

          ད་ལྟ་སྐབས་སུ་བབ་པ་ད་གིན་ཞུས་པ་ནང་བཞིན་རེད། གང་ག་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད།  སྡུག་བསྔལ་མི་འདོད་པ་ཡིན་ན་སྡུག་བསྔལ་གྱི་རྒྱུ་སྤང་དགོས་རེད། བདེ་སྐྱིད་འདོད་པ་ཡིན་ན་བདེ་སྐྱིད་ཀྱི་རྒྱུ་གྲུབ་དགོས་པ་རེད། སྡིག་པ་མི་དགེ་བའི་ལས་བསགས་པ་ཡིན་ན་སྡུག་བསྔལ་ཡོང་གི་རེད།  སྡིག་པ་མི་དགེ་བའི་ལས་བསགས་པ་ལ་རྟེན་ནས་ང་རང་ཚོའི་འཇིག་རྟེན་གྱི་ཁམས་དེ་འགྲོ་བ་རིགས་དྲུག་བྱས་ནས་སྡེ་ཚན་འདྲ་བོ་དྲུག་ཏུ་དབྱེ་ཡོད་པ་རེད། དེ་ནི་ངན་སོང་གསུམ་དང་། མཐོ་རིས་གསུམ་བཅས་རེད།  ངན་སོང་གསུམ་ཟེར་ན། དམྱལ་བ་ཡི་དྭགས་དུད་འགྲོ་ཡིན་པ་རེད། སྡིག་པ་མི་དགེ་བའི་ལས་བསགས་པ་ཡིན་ན་དམྱལ་བ་ཡི་དྭགས་དུད་འགྲོའི་ནང་སྐྱེ་གི་ཡོད་རེད།  དམྱལ་བ་དང་ཡི་དྭགས་གཉིས་ང་རང་ཚོས་དངོས་སུ་མཐོང་ཐུབ་ཡག་ཡོད་མ་རེད་དེ་ཡིན་ནའང་། རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་རྣམས་ཀྱི་ནང་དུ་དམྱལ་བའི་སྡུག་བསྔལ་དང་། ཚེ་ཚད་དང་། ངོ་བོ་དང་། གནས་ལ་སོགས་པ་ཞིབ་ཅིང་ཕྲ་བ་གསུངས་ཡོད་པ་རེད།  དེ་ནང་བཞིན་ཡི་དྭགས་སུ་སྐྱེས་པ་ཡིན་ན་བསམ་གྱི་མི་ཁྱབ་པའི་སྡུག་བསྔལ་ཡོད་པ་རེད།  དུད་འགྲོ་ང་རང་ཚོས་མཐོང་ཆོས་སུ་ཡོད་པ་རེད། ལུང་ལ་རྟེན་མ་དགོས་པར་ང་རང་ཚོའི་མིག་གིས་མཐོང་བ་དུད་འགྲོའི་སྡུག་བསྔལ་ཉམ་ཐག་པ་དེ་མི་ཡིས་མྱོང་དགོས་པ་འབྱུང་བ་ཡིན་ན་རྩ་ནས་བཟོད་ཐུབ་ཡག་ཡོད་མ་རེད།  དེ་ཡིན་དུས་ཙ་ནས།  ངན་འགྲོ་ངན་སོང་གི་གནས་སུ་ལྷུང་བ་ཡིན་ན་བསམ་གྱི་མི་ཁྱབ་པའི་སྡུག་བསྔལ་ཡོད་རེད།
 

          ད་མཐོ་རིས་གསུམ་ནི། མི་དང་ལྷ་མ་ཡིན་དང་ལྷ། དགེ་བ་བྱས་པ་ལ་རྟེན་ནས་མཐོ་རིས་སུ་སྐྱེས་ཀི་ཡོད་རེད།  མཐོ་རིས་སུ་སྐྱེས་པ་དེ་ལ་མཐོ་རིས་ཀྱི་ཡོན་ཏན་བདུན་ཞེས་གསུངས་ཀྱི་ཡོད་རེད།  དེ་ག་རེ་རེད་ལབ་པ་ཡིན་ན། དང་པོ་དེ་རིགས་ཡིན་པ་རེད།  རྒྱ་གར་ཡིན་ན་རིགས་དེ་ཞེ་དྲག་གལ་ཆེན་པོ་བརྩིས་ཀྱི་ཡོད་རེད། བྲམ་ཟེ་རིགས་དང་། རྗེ་རིགས། དམངས་རིགས། གདོལ་པའི་རིགས་ཟེར་བ་འདྲ་བོ། སྔོན་གྱི་ལུགས་སྲོལ་ལ་རང་རང་གི་རིགས་གང་ཡིན་པ་དེ་ཡི་ལས་ཀྱི་རྒྱུན་བྱེད་དགོས་དུས་དང་པོ་རིགས་བཟང་པོར་སྐྱེས་པ་དེ་གལ་ཆེན་པོ་ཡིན་གསུངས་ཡོད་རེད།  ཡིན་ནའང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་གཙོ་བོ་གནང་གི་མེད་པ་ཡིན་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་གསུངས་ཡོད་ཟེར་ན། རལ་པ་ཉིད་དང་རུས་དག་གིས། །བྲམ་ཟེ་ཉིད་དུ་མི་འགྱུར་ཏེ། །གང་ལ་བདེན་དང་ཆོས་ཡོད་པས། །རལ་པ་ཅན་དེ་བྲམ་ཟེའོ། །མགོ་ལ་རལ་པ་ཡོད་པ་དང་། རིགས་བྲམ་ཟེ་ཡིན་པ་དང་། རུས་བྲམ་ཟེ་ཡིན་པས་བྲམ་ཟེ་ཡོང་གི་མ་རེད།  འོ་ན་བྲམ་ཟེ་དེ་ག་རེ་རེད་ཟེར་ན། གང་ལྟར་མི་དེ་བདེན་པ་དྲང་པོ་བཤད་མཁན། སྡིག་པ་མི་དགེ་བའི་ལས་མི་བྱེད་མཁན། དགེ་བའི་ལས་བྱེད་མཁན་དེ་བྲམ་ཟེ་རེད་ཅེས་གསུངས་པ་རེད། བྱས་ཙང་དེ་འདྲ་ཡིན་དུས། རིགས་བཟང་མ་བཟང་ཟེར་བ་དེ་གཙོ་བོ་སྤྱོད་པའི་ཐོག་ནས། རིགས་བཟང་པོ་ཡིན་ནའང་སྤྱོད་པ་མ་རབས་བྱེད་པ་ཡིན་ན་རང་བཞིན་གྱི་རིགས་དེ་ངན་པར་འགྱུར་འགྲོ་ཡི་ཡོད་རེད། རིགས་བཟང་པོ་དེ་གཙོ་བོ་རང་གི་སྤྱོད་པ་ལ་རག་ལས་པ་རེད།  ད་ག་ནང་བཞིན། གཉིས་པ་དེ་གཟུགས་བཟང་པོ། གཟུགས་པོའི་འཕྲོད་བསྟེན་བྱེད་ཡག  ཡོན་ཏན་ཚང་མའི་གཞི་རྟེན་འདྲ་བོ་གང་ལྟར་ལུས་རྟེན་འདིའི་ཐོག་ནས་ཡོང་དགོས་པ་ཡིན་དུས་གཟུགས་བཟང་པོ་ཡིན་པ་རེད།  ད་ག་ནང་བཞིན། ཤེས་རབ། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་འདྲ་ཞིག་བྱེད་པ་ཡིན་ནས་ཤེས་རབ་དགོས་རེད། ཤེས་རབ་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དང་། སྦྱང་ཐོབ་ཀྱི་ཤེས་རབ་ཅེས་གཉིས་གསུངས་པ་རེད། སྐྱེས་ཐོབ་ཀྱི་ཤེས་རབ་ཟེར་བ་དེ་རང་རང་སྔོན་གྱི་ལས་ལ་རག་ལས་པ་རེད།  སྦྱང་ཐོབ་ཀྱི་ཤེས་རབ་ཟེར་བ་དེ་སོ་སོས་འབད་བརྩོན་བྱས་ནས་གང་ལྟར་ལེགས་བཤད་ནང་དུ་གསུངས་པ་ནང་བཞིན། མཁས་པ་བྱེད་འདོད་པ་ཡིན་ན་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་རེད། དཔེར་ན། ཉི་མ་རེ་རེ་ལ་ཚིག་རེ་རེ་ཟིན་པ་ཡིན་ན་ཉི་མ་བརྒྱ་ཕྱིན་པའི་སྐབས་སུ་ཚིག་བརྒྱ་ཤེས་ཀྱི་ཡོད་རེད། དེ་ནང་བཞིན་དཔེར་ན། གྲོག་མ་ཆུང་ཆུང་དེ་ཚོ་དང་། སྦྲང་མ་ཆུང་ཆུང་དེ་ཚོས་སྦྲང་རྩི་ཉུང་ཉུང་གསོག་ནས་རིམ་པས་ཕོན་ཆེན་པོ་བསགས་པ་ནང་བཞིན་འབད་བརྩོན་བྱས་པ་ཡིན་ན་རིམ་པས་ཤེས་རབ་རྒྱ་ཆེན་པོ་སྐྱེ་ཐུབ་ཡག་ཡོང་གི་རེད་གསུངས་པ་རེད།  དེ་ནས་དབང་ཕྱུག་དང་། ལོངས་སྤྱོད་དང་། ཚེ་རིང་བ་དང་། ནད་མེད་པ་དེ་དག་མཐོ་རིས་ཀྱི་ཡོན་ཏན་བདུན་གསུངས་པ་རེད།

          གལ་ཆེ་ཤོས་དེ་ང་རང་ཚོ་ཚེ་རིང་པོ་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་པ་རེད།  ཚེ་རིང་པོ་མེད་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་རྒྱ་ཆེན་པོ་གང་ཡང་འགྲུབ་ཐུབ་ཡག་ཡོང་གི་མ་རེད།  དེའི་ནང་ནས་ཀྱང་། ཆོས་དགེ་བ་སྒྲུབ་མཁན་གྱི་ལུས་རྟེན་དེ་ཇི་ཙམ་གྱི་ཡུན་རིང་བ་འཚོ་ཐུབ་པ་ཡིན་ན་དེ་ཙམ་གྱི་རང་གཞན་ཚང་མར་ཕན་ཐོགས་ཡོད་རེད། ཚེ་རིང་པོ་དགོས་པ་བྱེད་པ་ལ་གཟུགས་པོ་བདེ་ཐང་དང་ནད་མེད་པ་དགོས་ཀྱི་ཡོད་རེད། ནད་མང་པོ་ཡོད་པ་ཡིན་ན་རང་བཞིན་གྱི་དེའི་རྐྱེན་བྱས་ནས་འཆི་བ་མྱུར་དུ་ཡོང་གི་ཡོད་ཡིན་པ་རེད། དེ་འདྲ་ཡིན་དུས། གཟུགས་པོའི་འཕྲོད་བསྟེན་བྱེད་ཡག་དང་། སྨན་བཅོས་བྱེད་ཡག སྨན་ཟ་ཡག་འདི་གལ་ཆེན་པོ་ཞེ་པོ་ཞིག་ཡིན་པ་རེད།  ན་ཚ་དྲག་པོ་ཕོག་ཚར་བའི་རྗེས་སུ་སྨན་བཅོས་གང་ཡིན་ནའང་བྱེད་ཁག་པོ་ཡོད་རེད། ནམ་གཞག་རྒྱུན་དུ་གཟུགས་པོ་བདེ་ཐང་ཡིན་པའི་སྐབས་ལ། གཟུགས་པོའི་འཕྲོད་བསྟེན་བྱེད་ཡག་རེད། སྨན་བཅོས་བྱེད་ཡག་རེད། བརྟག་དཔྱད་བྱེད་ཡག་རེད། དེ་ཡང་ནས་ཡང་དུ་བྱེད་པ་ཡིན་ན་རང་བཞིན་གྱི་གཟུགས་པོ་བདེ་པོ་ འབྱུང་བ་ཡིན་ན་ཆོས་འཇིག་རྟེན་གྱི་བྱ་བ་གང་ཡིན་ནས་འགྲུབ་ཐུབ་ཡག་དང་། ཚེ་རིང་བ་དང་ཡུན་རིང་དུ་འཚོ་ཐུབ་པ་ཡོང་གི་ཡོད་རེད།

           སྤྱིར་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་ཞེ་དྲག་དཀའ་ལས་ཁག་པོ་ཡོད་རེད།  ངན་སོང་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །མཐོ་རིས་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་མོ། །ཞེས་གསུངས་པ་རེད། གང་ལྟར་སྐྱེ་བ་སྔོན་མ་ལ་ལས་དང་སྨོན་ལམ་བཟང་པོས་མཚམས་སྦྱར་ནས་སྤྱིར་མི་ལུས་ཐོབ། དེའི་ནང་ནས་དལ་བརྒྱད་འབྱོར་བཅུ་ཚང་བ་བྱས་ནས་མི་ཁོམ་པའི་གནས་ལས་ཐར་ཞིང་རང་འབྱོར་ལྔ་དང་གཞན་འབྱོར་ལྔའི་མཐུན་རྐྱེན་འདོད་རྒུ་ཚང་སྡད་པའི་དལ་འབྱོར་གྱི་མི་ལུས་བཟང་པོ་དེ་ཐོབ་ཡོང་དུས་སྐབས་ལ་དེ་ཇི་ཙམ་ཡུན་རིང་དུ་གནས་ཐུབ་པ་འབྱུང་བ་ཡིན་ན་དེ་ཙམ་གྱི་རང་གཞན་ཚང་མ་ལ་དགེ་མཚན་ཡོད་པ་ཡིན་དུས་ཚང་མས་གཟུགས་པོའི་འཕྲོད་བསྟེན་བྱེད་ཡག་གལ་ཆེན་པོ་ཞེ་དྲག་རེད། དེའི་ཆེད་དུ་སྨན་རྩིས་ཁང་བཙུགས་གནང་བྱས་དངོས་གནས་དྲང་གནས་ད་གིན་ཞུས་པ་ནང་བཞིན་རེད། མི་མང་པོ་ལ་ཕན་ཐོགས་ཡོང་གི་ཡོད་རེད། ན་ཚ་དྲག་ཡག་དང་གཟུགས་པོ་བདེ་ཐང་ཡོང་ཡག་དང་། ཚེ་རིང་པོ་ཡོང་ཡག་ལྟ་བུ། གང་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོའི་མཛད་པའི་ཆ་ཤས་རེ་རེ་ཡང་སྐྱེ་འགྲོ་དཔག་ཏུ་མེད་པ་ལ་ཕན་ཐོགས་ཐུབ་མཁན་གྱི་མཛད་འཕྲིན་བླ་ན་མེད་པ་དེ་འདྲ་བསྐྱངས་པ་ཡིན་དུས་ཙ་ནས་དེ་ཚོ་དངོས་གནས་དྲང་གནས་ཧ་ལས་པ་བསམ་གྱི་མི་ཁྱབ་པའི་བཀའ་དྲིན་རྗེས་སུ་དྲན་དགོས་ཡག་དང་། སྙིང་ནས་རྗེས་སུ་ཡི་རངས་ཞུ་དགོས་ཡག་འདུག་སེ་རེད།

          ང་རང་ཚོ་སྨན་ཟོས་པ་དང་ཆབས་ཅིག་ཏུ་གཙོ་ཆེ་ཤོས་རང་གི་སྡིག་པའི་ལས་སྤངས་ནས་དགེ་བའི་ལས་གསོག་དགོས་རེད། གཟུགས་པོའི་འཕྲོད་བསྟེན་བྱེད་ཡག་དང་།  དཀོན་མཆོག་ལ་གསོལ་བ་འདེབས་ཡག  དེའི་ནང་ནས་ཀྱང་སངས་རྒྱས་སྨན་གྱི་བླ། སྨན་བླ་བདེ་གཤེགས་བརྒྱད་ཟེར་བ་དེ་འདྲ་ལ་སྙིང་ནས་གསོལ་བ་འདེབས་པ་ཡིན་ན་ཚེ་འདིའི་ནད་གདོན་སྡིག་གྲིབ་དག་ཡག་དང་སྐྱེ་བ་ཕྱི་མ་ཡིན་ནའང་དལ་རྟེན་རིམ་བརྒྱུད། ས་བཅུ་ལམ་ལྔ་ལ་སོགས་པ་རིམ་གྱིས་བགྲོད་ནས་ཐར་པ་ཐམས་ཅད་མཁྱེན་པ། རྗོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཐུབ་ཡག འདི་ཕྱི་ལེགས་ཚོགས་མཐའ་དག་དེ་ལ་རྟེན་ནས་བྱུང་བ་ཡིན་དུས་ང་རང་ཚོས་སྨན་ཟ་བ་དང་ཆབས་ཅིག་ཏུ་སྨན་བླ་ལ་གསོལ་བ་འདེབས་པ། སྨན་བླའི་མདོ་ཆོག་བསྡུས་པ་ཕྱག་དཔེ་ཡོད་པ་དེ་རང་གི་ཐོག་ནས་ངས་ལུང་ཐོབ་པ་ཨ་ཡོད་བསམ་གྱི་འདུག  ཡིན་ནས་སྤྱིར་བཏང་ངས་སྨན་བླའི་དབང་ཆེན། རྒྱུད་སྡེ་ཀུན་འདུས་ནང་དུ་སྨན་བླའི་དབང་ཆེན་ཞུ་གི་ཡོད་རེད། ཡང་གྲུབ་མཐའ་ཀུན་འདུས་ནང་དུ་སྨན་བླའི་རྗེས་གནང་། སྨན་བླའི་མདོ་ཆོག་རྒྱས་པ། འབྲིང་པོ། བསྡུས་པ། ཤིན་ཏུ་བསྡུས་པ་དེ་འདྲའི་ལུང་མང་པོ་ཐོབ་མྱོང་། བརྗོད་བྱ་ཕལ་ཆེར་གཅིག་པ་འདྲ་བོ་རེད་བཞག དེ་ཡིན་དུས་འདུག་སེ་མར་འདོན་གནང་ན་ཕལ་ཆེར་འགྲིག་མ་ཡོང་ངམ་བསམ། ད་གང་ལྟར་གཞན་ཕན་བྱང་ཆུབ་ཀྱི་སེམས་ཐུགས་ལ་སྐྱེས་ནས་གསན་པར་གནང་བ་ཞུ།

(འདི་སྐབས་སྨན་བླའི་མདོ་ཆོག་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་ཞེས་བྱ་བའི་བཀའ་ལུང་བསྩལ་བ་དང་། དེ་གྲུབ་མཚམས་རྗེས་སླར་ཡང་མུ་འཐུད་གསུང་ཆོས་ནང་དོན།)

          འོ་ད་དེའི་སྨན་བླའི་མདོ་ཆོག་བསྡུས་པའི་ལུང་ཕུལ་ཚར་བ་ཡིན།  གང་ལྟར་འདིར། དབུ་སྐྱོང་གནང་མཁན་ཚོ་རེད། ཨེམ་ཆི་ཚོ་རེད། ཨེམ་ཆི་སྦྱོང་མཁན་ཚོ་རེད། སློབ་ཕྲུག་ཚོ་རེད། སྨན་ཡོག་རྒྱུག་མཁན་ཚོ་རེད། ལས་བྱེད་ཚོ་རེད། གང་ལྟར་ཚང་མས་དུས་དང་རྣམ་པ་ཀུན་ཏུ་སེམས་རྒྱུད་བཟང་པོ་བྱེད་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་པ་རེད།  རང་ལ་ལྟོས་པ་ཡིན་ནའང་སེམས་རྒྱུད་བཟང་པོ་བྱེད་པ་ཡིན་ན་རང་གི་འདི་ཕྱི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དེ་སེམས་རྒྱུད་བཟང་པོ་བྱེད་པ་ལ་རྟེན་ནས་ཡོང་གི་ཡོད་རེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་བཟང་ལ་རག་ལས་པས། །ཞེས་གསུངས་པ་རེད།  ད་ག་ནང་བཞིན། ནད་པ་ལ་ཡིན་ནའང་སྤྱིར་སྨན་ཟ་ཡག་དང་། འཕྲོད་བསྟེན་བྱེད་ཡག་དང་། མཐུན་པའི་རྐྱེན་བསྟེན་ཡག་དེ་ཞེ་དྲག་གལ་ཆེན་པོ་རེད་དེ་ཡིན་ནའང་། གཙོ་བོ་སེམས་རྒྱུད་བཟང་པོ་དང་། སེམས་བཟང་པོའི་ཐོག་ནས། ཨེམ་ཆི་སེམས་བཟང་པོའི་ཐོག་ནས་སྨན་བཅོས་བྱེད་པ་དང་། ཡང་། ཚོང་དང་ཁེ་ཕན་རང་གི་འདུ་ཤེས་བཞག་ནས་བྱེད་མཁན་དེ་ཚོ་ཕན་ལོས་ལ་ཞེ་དྲག་ཁྱད་པར་འདུག་ཟེར་མཁན་དེ་འདྲ་ཡོང་གི་འདུག   ཕྱི་རྒྱལ་དུ་བརྟག་དཔྱད་བྱེད་མཁན་དེ་ཚོས་ཟེར་ཡག་ལ། སྨན་སྤྲོད་ཡག་དང་མཐུན་སྦྱོར་བྱེད་ཡག་གཅིག་པ་ཡིན་ནའང་ཨེམ་ཆི་རང་བཞིན་གྱི་སེམས་རྒྱུད་བཟང་པོ་ཡོད་མཁན་དེ་ཡིས་སྨན་བཅོས་བྱེད་དུས་རང་བཞིན་གྱི་ནད་པ་ལ་ཕན་ཐོགས་ཡོང་བ་དང་།  ན་ཚ་ཡིན་ནས་མགྱོགས་པོ་དྲག་པ་དང་། སྨན་ཡིན་ནས་ཟུག་པ་དང་།  གང་ཅིར་དགེ་མཚན་ཆེ་བ་འདུག་ཟེར་མཁན་ཡོང་གི་འདུག ང་རང་ཚོས་འདུག་སེ་བསམ་པ་ཡིན་ན། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ལ་ཐུག་གི་ཡོད་པ་ཡིན་ཙང་སེམས་རྒྱུད་བཟང་པོ་བྱེད་དགོས་པ་དེ་གཞན་ལ་བལྟོས་ནའང་གལ་ཆེན་པོ་རེད།  རང་ལ་བལྟོས་པ་ཡིན་ནའང་ད་གིན་ཞུས་པ་ནང་བཞིན། ང་རང་ཚོ་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། སྡུག་བསྔལ་མི་འདོད་པ་ཡིན་ན་སྡུག་བསྔལ་གྱི་རྒྱུ་སྤོང་དགོས་ཀྱི་ཡོད་རེད།  བདེ་སྐྱིད་འདོད་པ་ཡིན་ན་བདེ་སྐྱིད་ཀྱི་རྒྱུ་གྲུབ་དགོས་པ་རེད།  བདེ་སྐྱིད་ཡོང་བ་ཤོག   སྡུག་བསྔལ་མི་ཡོང་བ་ཤོག་ཅེས་སྨོན་ལམ་འདེབས་པ་གཅིག་པོས་སྒྲུབ་ཐུབ་པ་ཁག་པོ་ཡིན་པ་རེད།  སྤྱིར་བཏང་ནས་སྨོན་ལམ་ལ་ནུས་པ་ཡོད། བདེན་པའི་སྟོབས་དང་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ལ་རྟེན་ནས་སྨོན་ལམ་གྱིས་སྤྱི་བཏང་འགྱུར་བ་ཆེན་པོ་གཏོང་ཐུབ་ཀྱི་ཡོད་རེད་དེ་ཡིན་ནའང་། གཙོ་བོ་དེ་རང་རང་སོ་སོས་འབད་བརྩོན་བྱེད་པ་ལ་རྟེན་ནས། གང་ཡིན་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པ་རེད།  འཇིག་རྟེན་གྱི་ཁམས་འདིའི་ནང་བདེ་སྡུག་གི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་རང་རང་སོ་སོས་ལས་བཟང་ངན་བསགས་པ་ལས་བྱུང་བ་ཡིན་པ་གསུངས་པ་རེད། མ་གཏོགས་པས་དེ་མིན་རྐྱེན་འདྲ་མིན་འདྲ་ཡོང་སྲིད་ཀྱི་རེད་དེ། རྩ་བའི་རྒྱུ་དེ་རང་རང་སོ་སོས་ལས་དགེ་སྡིག་བསགས་པ་ལ་རྟེན་ནས་བྱུང་བ་ཡིན་པ་རེད།  དེ་འདྲ་ཡིན་དུས།  སྡིག་པ་མི་དགེ་བའི་ལས། བསམ་པ་ངན་པ། གཞན་ལ་གནོད་འཚེ་བསམ་པ་ལ་སོགས་པ་གང་ལྟར་ཆགས་སྡང་རྨོངས་གསུམ་གྱི་ཀུན་ནས་ལངས་པས་ལས་གང་འདྲ་ཞིག་བསགས་པ་ཡིན་ནས་དེའི་འབྲས་བུ་དེ་སྡུག་བསྔལ་མྱོང་ཡག་ཡིན་པ་རེད།  སྡུག་བསྔལ་དེ་ང་རང་ཚོ་ཚང་མས་མི་འདོད་པ་ཡིན་པ་རེད།  ང་རང་ཚོ་ཚང་མས་བདེ་སྐྱིད་འདོད་པ་ཡིན་པ་རེད། བདེ་སྐྱིད་འདོད་པ་ཡིན་ན་བདེ་སྐྱིད་ཀྱི་རྒྱུ་སྒྲུབ་དགོས་པ་རེད།  བདེ་སྐྱིད་ཀྱི་རྒྱུ་མེད་པ་ལས་འབྲས་བུ་བདེ་བ་ཡོང་ཐུབ་ཐབས་མེད་པ་རེད།  དེ་འདྲ་ཡིན་དུས།  དུས་དང་རྣམ་པ་ཀུན་ཏུ་སེམས་རྒྱུད་བཟང་པོ་བྱེད་པ་ཡིན་ན་རང་བཞིན་གྱི་གནོད་འཚེ་བསམ་པ་ཤིག་པ་དང་། དེ་ལ་རྟེན་ནས་རང་བཞིན་གྱི་དགེ་བའི་ལས་ལ་འཇུག་པ། དེ་འབྱུང་བ་ཡིན་ན་འཕྲལ་དང་ཕུགས་ཀྱི་རང་བཞིན་ཚང་མས་དགེ་བའི་རྩ་བ་དེ་ལ་ཚུགས་ཡོང་གི་ཡོད་པ་རེད།

          ཚང་མས་ད་ལྟ་བར་དུ་ཞེ་དྲག་གི་ཡག་པོ། སྨན་རྩིས་ཁང་དངོས་གནས་འདི་མ་ས་རེད། རྒྱ་གར་མཚོན་པའི་ག་ས་ག་ལ་ཡན་ལག་ཡོད་པ་ཚང་མས་གང་ཅིའི་ཐོག་ལ་ཕན་ཐོགས་ཡག་པོ་འདུག་ཅེས་ཟེར་གྱི་འདུག ཚང་མར་བསམ་སྦྱོར་གཉིས་ཀ་ཕུན་སུམ་ཚོགས་པ་ཡོད་པའི་རྟགས་མཚན་ཡིན་པ་རེད། ད་དུང་ཡིན་ནའང་། ྋསྐྱབས་མགོན་རིན་པོ་ཆེའི་གཞན་དང་མ་འདྲ་བར་ཐུགས་བརྩེ་ཆེན་པོ་གནང་བྱེད་སེམས་ཅན་ཐམས་ཅད་ལ་ཕན་པའི་དགོངས་པ་དུས་རྟག་ཏུ་བཞེས་ནས་ཐུགས་བྲེལ་གནང་བ་བཞིན་ཁྱེད་རང་ཚོ་ཚང་མས་ད་ལྟ་བར་དུ་གནང་བ་རེད། ད་དུང་ཡིན་ནས་འདིར་ཕྱག་ལས་གནང་བ་དེ་སོ་སོའི་མི་ཚེ་ཕུད་ཡག་གཅིག་པོ་མ་ཡིན་པ་འཕྲལ་དང་ཕུགས། རང་གཞན་ཚང་མའི་དོན་དག་རླབས་པོ་ཆེ་ཞིག་འགྲུབ་ཐུབ་ཀྱི་ཡོད་དགོངས་གནང་བ་ཡིན་ན་ལས་ཀ་བྱེད་ཡག་གཅིག་པ་ཡིན་ནས་བསམ་བློའི་ཐོག་ནས་འགྱུར་ལྡོག་ཆེན་པོ་ཆགས་དུས་རང་བཞིན་གྱི་དགེ་བ་རྒྱ་ཆེན་པོ་ཤུགས་མ་ཐུབ་ཏུ་གསོག་ཐུབ་ཡག་ཡོང་གི་ཡོད་རེད། གང་ལྟར་ང་ཚོ་དེ་རིང་འདིར་འབྱོར་བའི་སྐབས་ལ་གང་གས་ཐུགས་བརྩེ་ཆེན་པོས་གང་ཅིར་གྲ་སྒྲིག་ཟབ་རྒྱས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད།   སྨན་རྩིས་ཁང་འདི་ད་དུང་ཡིན་ནའང་། ཁྱེད་རང་ཚོ་ཚང་མས་མུ་འཐུད་ཡར་རྒྱས་གོང་འཕེལ་གཏོང་རོག་བཅས། ཕྱག་ལས་གང་གནང་བ་དེ་དངོས་གནས་དྲང་གནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐུབ་པ་ཡོང་ཡག་གི་ང་རང་ཡིན་ནས་སྨོན་ལམ་འདེབས་ཀྱི་ཡིན། ཐུགས་རྗེ་ཆེ།།  །།

 

ཞེས་བཀའ་སློབ་བཀྲིན་ཟིན་རྗེས་མང་ཚོགས་འདུས་པ་ཡོངས་ལ་རེ་རེ་བཞིན་ཕྱག་དབང་བྱིན་རྟེན་གནང་བའི་ཐོག་ནས་མང་ཚོགས་ཀྱི་བསམ་དོན་གྲུབ་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པ་ལགས་སོ།། །།

མཐའ་མའི་འདོན་ཐེངས་།: 13.01.2014 ཉིན། 3:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།