སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

༢༤/༣/༢༠༡༡ རྣམ་གྲྭ་མཁན་པོའི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.03.2014
བཀའ་སློབ་དང་གསུང་བཤད་གཞན། >>


རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེའི་གསུང་བཤད།

 

༄༅། །བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༢༤ ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལས་ཐོག་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་དབུས་སྨན་རྩིས་ཚོགས་ཁང་དུ་དགེ་སློབ་ལས་བྱེད་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་བ་གཤམ་གསལ། 

 

          བོད་གཞུང་སྨན་རྩིས་ཁང་གི་དགེ་སློབ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་དེ་རིང་འདིར་བཅར་ཐུབ་པ་དེར་དགའ་པོ་བྱུང་།  ྋགོང་ས་མཆོག་གིས་བཙུགས་པའི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གནང་བ་དང་།  ད་བར་ག་ས་ག་ལ་སྨན་ཁང་ཁག་དང་སྨན་རྩིས་ཁང་གི་འཛུགས་སྐྲུན་ཡར་རྒྱས་གནང་བ་དེར་ཕྱི་ནང་ཡུལ་གྲུ་མང་པོས་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་ཕན་ཐོགས་ཧ་ཅང་གིས་རྒྱ་ཆེན་པོ་བྱུང་ཡོད་པ་རེད། ང་རང་བོད་རིགས་ཞིག་ཡིན་པའི་ངོས་ནས་དགེ་སློབ་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

 

          ཁ་སང་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཁྱད་པར་ཅན་དེའི་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་རབས་དང་རིམ་པ་མང་པོ་ཞིག་གནང་ཡོད་སྟབས། ང་ལ་དེ་རིང་དམིགས་བསལ་གྱིས་བཤད་རྒྱུ་གང་ཡང་མེད། ང་རང་ཚོའི་སྨན་རྩིས་གཉིས་དེ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་རིག་གཞུང་ཞིག་ཡིན་ཙང་ངས་དེའི་ཐོག་ལ་ཏོག་ཙམ་ཞིག་ཞུ་རྒྱུ་ཡིན། དེ་ཚོ་ནི་སྒེར་གྱི་ལས་དོན་ཙམ་མ་ཡིན་པར་སྐྱབས་དང་མགོན་མེད་པའི་ཉམ་ཐག་ནད་པ་མང་པོར་ཕན་ཐོགས་དང་དཀའ་ངལ་སེལ་བར་བྱེད་པའི་ཐབས་ལམ་གཞན་དང་མི་འདྲ་བ་ཞིག་རེད། མ་ཟད་ང་ཚོའི་རིག་གཞུང་དེ་ཕྱི་རྒྱལ་གྱི་རིག་གཞུང་དང་མི་འདྲ་བར་དམིགས་བསལ་གྱིས་ནང་པའི་ཆོས་དང་འབྲེལ་བའི་རིག་གཞུང་རྩ་ཆེན་པོ་ཞིག་རེད།

 

          ནང་པའི་ཆོས་དང་འབྲེལ་བ་ཟེར་དུས་ནང་པའི་གཞུང་ནས་བཤད་པའི་ལྟ་གྲུབ། ནང་པའི་གཞུང་ནས་བཤད་པའི་ཚན་རིག ནང་པའི་གཞུང་ནས་བསྟན་པའི་ཉམས་ལེན་བཅས་གཞན་ལ་ཕན་ཐོགས་བྱེད་པའི་རིག་གཞུང་ཞིག་ཡིན་སྟབས་ཧ་ལས་པའི་རྩ་ཆེན་པོ་ཞིག་རེད་བསམ་གྱིན་འདུག བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་རིག་གཞུང་དེར་རྣམ་པ་ཚོས་ཞིབ་ཅིང་ཕྲ་བའི་སྒོ་ནས་སྦྱངས་གནང་བ་རེད། ངས་དེའི་ཐོག་ལ་ཞེ་དྲག་ཤེས་ཀྱི་མེད། ཁ་སང་ངར་སྨན་བླ་དང་འབྲེལ་བའི་སྐོར་བཤད་ཐུབ་ན་ཡག་པོ་ཡོད་རེད་ཅེས་གསུངས་ཀྱི་འདུག དེ་འདྲ་སོང་ཙང་ངའི་བསམ་པར་སྨན་པ་ཚོ་སྨན་བླ་དང་འབྲེལ་བ་ཆེན་པོ་ཞིག་རེད་སྙམ།

 

          ལྷ་དེ་ལ་ཡང་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་སྟེ། སྨན་གྱི་ལྷ། ཤེས་རབ་ཀྱི་ལྷ། ཚེ་ཡི་ལྷ། འཕྲིན་ལས་ཀྱི་ལྷ། བར་ཆད་སེལ་བའི་ལྷ་སོགས་གྲངས་ལས་འདས་པ་ཞིག་ཡོད་པ་རེད། རྣམ་པ་མི་འདྲ་བའི་རིགས་དེ་དག་ཡོང་དགོས་པ་ཡང་དཔེར་ན། སྨན་གྱི་ལྷ་དེ་བསྟེན་པ་ཡིན་ན་ནད་སོགས་སེལ་བར་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཞིག་དང་།  ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་བསྟེན་པ་ཡིན་ན་ཤེས་རབ་འཕེལ་བ་དང་།  ཡང་ཚེ་ཡི་ལྷ་ཚེ་དཔག་མེད་དང་རྗེ་བཙུན་སྒྲོལ་མ་སོགས་ཚེ་ཡི་ལྷ་རྣམས་བསྟེན་ན་ཚེ་འཕེལ་བ་སོགས་ཡོང་གི་ཡོད། ང་ཚོས་ཕུགས་རིང་པོའི་སྒོ་ནས་བསམ་བློ་བཏང་ནས་གཞི་རྩ་དེ་དག་ཇི་ལྟར་བྱུང་བ་རེད་ཅེས་ན། གཞུང་ནས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སེམས་ཀྱི་རང་བཞིན་དེར་དྲི་མ་ཞིག་ཞུགས་མེད། སེམས་ཀྱི་རང་བཞིན་ལ་དྲི་མས་བསླད་པ་ཡིན་ན་དྲི་མ་དག་ཐབས་མེད་པ་ཞིག་རེད། དཔེར་ན། སེམས་ཀྱི་རང་བཞིན་ལ་ཁོང་ཁྲོ་དང་འདོད་ཆགས་སོགས་ཞུགས་ན་མཚམས་ལ་ལར་མངོན་དུ་གྱུར་བ་ལས་ཕྲག་དོག་ལྟ་བུ་རྟག་པར་སེམས་ནང་མངོན་དུ་གྱུར་གྱུར་པ་ཞིག་མེད། མཚམས་མཚམས་ལ་ང་ཚོའི་སེམས་དེ་ཉོན་མོངས་ཀྱི་དབང་དུ་མ་སོང་བའི་སྐབས་སུ་སེམས་ལ་ཞི་བདེ་དང་བག་ཕེབས་དེ་འདྲ་ཡོང་གི་ཡོད། དེ་ནི་སེམས་ཀྱི་རང་བཞིན་ལ་དྲི་མ་མ་ཞུགས་པའི་རྟགས་རེད། དཔེར་མཚོན་ན་ནམ་མཁའི་རང་བཞིན་ལ་སྤྲིན་མ་ཞུགས་པ་དང་ཆུའི་རང་བཞིན་ལ་རྙོག་མ་ཞུགས་པ་ལྟར་སེམས་ཀྱི་དྲི་མ་གློ་བུར་བ་དེ་ཡང་སེལ་བའི་ཐབས་ཤེས་ཡོད་པ་རེད། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་དཔལ་ནཱ་ལེནྡྲའི་ནང་པའི་ཆོས་ཀྱི་བརྒྱུད་པ་དེར་དེང་སང་འཛམ་གླིང་ནང་གི་མི་ས་ཡ་མང་པོས་དོ་སྣང་བྱེད་བཞིན་པ་རེད།

 

          ང་ཚོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དེ་ཚན་རིག་དང་མཐུན་པ་མ་ཟད་ྋགོང་ས་མཆོག་གི་བཀའ་དྲིན་ལས་ང་ཚོ་དངོས་གནས་སྤོབས་པ་བྱེད་ཐུབ་པ་ཞིག་དང་གཟི་བརྗིད་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། སྐད་གྲགས་ཡོད་པའི་ཚན་རིག་མཁས་པ་མང་པོ་ཞིག་གིས་ནང་པའི་ཆོས་དེ་ལ་རང་དབང་མེད་པར་བརྩི་བཀུར་བྱེད་དགོས་པ་ཞིག་ཆགས་དུས་ང་ཚོའི་ཆོས་དང་རིག་གཞུང་དེ་རྩ་ཆེན་པོ་རེད་ལ་དེར་གཅེས་སྤྲས་བྱེད་དགོས།

 

          དེ་འདྲ་སོང་ཙང་སེམས་ཀྱི་གནས་སྟངས་དེ་དཔེར་ན། སྒྲིབ་གཉིས་བག་ཆགས་དང་བཅས་པ་སངས་པ་དང་ཆོས་ཐམས་ཅད་མངོན་སུམ་དུ་དུས་གཅིག་ལ་གཟིགས་ཐུབ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ང་རང་ཚོ་མི་ཙམ་མ་ཟད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་རེད། ང་རང་ཚོ་དེ་ལྟ་བུའི་རྣམ་མཁྱེན་གྱི་ཡེ་ཤེས་དེ་མི་རིག་པ་གང་ཡིན་ཞེས་ན་དེ་ནི་སྒྲིབ་གཉིས་ཀྱི་དྲི་མ་གློ་བུར་བ་དེས་སྒྲིབ་བསྡད་ཡོད་པའི་རྐྱེན་གྱིས་རེད། རྣམ་པ་ཚོ་ཚང་མ་མཁྱེན་ཡོན་ཆེན་པོ་རེད་ལ་ྋགོང་ས་མཆོག་གིས་ཀྱང་དེའི་ཐད་ལ་ཐུགས་རེ་ཆེན་པོ་གནང་གིན་ཡོད་རེད།

 

          སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་རུང་གི་ས་བོན་ཞིག་ང་རང་ཚོའི་རྒྱུད་ལ་ཡོད་དང་ཡོད་བཞིན་པ་རེད། དེ་ཡང་དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཚང་མའི་རྒྱུད་ལ་ཡོད་པ་རེད། རྒྱུད་བླ་མ་ལས་ཀྱང་། དེ་ཉིད་མེད་ན་རྟོགས་པའི་མི་རྟོགས་པ། །ས་ལ་རིན་ཆེན་བཟུང་བ་ཇི་འདྲ་བ། །གློ་བུར་ཉིད་དུ་དྲི་མས་སྒྲིབ་པ་ཡིས། །སེམས་ཅན་རྣམས་ལ་བདེ་གཤེགས་ཁམས་དེ་གནས། །ཞེས་གསུངས་པ་ལྟར་སངས་རྒྱས་རུང་གི་ཁམས་བདེ་གཤེགས་ཀྱི་སྙིང་པོ་དེ་སེམས་ཅན་རིས་སུ་མ་ཆད་པར་ཚང་མའི་རྒྱུད་ལ་གནས་ཡོད་པ་རེད།

 

          ང་རང་ཚོས་འབད་བརྩོན་གྱིས་ཐབས་ཤེས་ཤིག་མ་བྱས་པའི་དབང་ལས་ཐབས་ཤེས་ཤིག་བྱས་ན་ཏན་ཏན་ཁམས་བདེ་གཤེགས་ཀྱི་སྙིང་པོ་དེ་འདྲ་ཞིག་ཡོད་རེད། དེར་བརྟེན་ང་ཚོས་ཉོན་མོངས་པ་དེ་དག་སེལ་དགོས། སེལ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན་སངས་རྒྱས་ཀྱིས་ཀྱང་།  དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་ཚད་མའི་ལམ་ནས་རྒྱུ་མཚན་དང་རིག་པས་ངེས་པ་རྙེད་པ་ཞིག་དགོས་ཀྱི་ཡོད། ང་ཚོས་བརྟག་དཔྱད་རིམ་པས་ བྱས་ཡོང་དུས་ཉོན་མོངས་པ་དེ་ལས་དཀའ་ངལ་མང་པོ་ཞིག་སླེབས་ཡོང་གིན་ཡོད། ང་ཚོ་ཚང་མ་སྡུག་བསྔལ་འདོད་ཀྱི་མེད་ལ་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་དང་དཀའ་ངལ་དེ་དག་ནི་ཉོན་མོངས་པ་དེ་ལས་བྱུང་བ་རེད། དེ་ཡང་ཡོང་སའི་རྩ་བ་འདྲ་པོ་དེ་མི་ཤེས་པའི་རྨོངས་པ་མ་རིག་པ་ཟེར་བ་དེ་ལ་ཐུག་གི་ཡོད་རེད། གཞི་རྩ་བདག་འཛིན་མ་རིག་པ་དེ་ལས་མི་ཤེས་པའི་དབང་གིས་ལས་བསགས། ལས་བསགས་པ་ལ་བརྟེན་ནས་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་འབྱུང་བཞིན་ཡོད་པ་དེ་རེད།

 

          སྡུག་བསྔལ་ལའང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་བསྡུག་བསྔལ་བཅས་སྡུག་བསྔལ་མི་འདྲ་བ་ཁག་གསུམ་ཡོད་ཅིང་ང་ཚོས་སྡུག་བསྔལ་ཟེར་བ་དེ་ཤེས་པ་བྱ་དགོས། སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་དེ་དུད་འགྲོ་མིན་ཆད་ཀྱིས་སེལ་བའི་ཐབས་ཤེས་བྱེད་ཀྱིན་ཡོད། འགྱུར་བའི་སྡུག་བསྔལ་ཟེར་བ་དེ་ཕྱི་རོལ་པ་ཚོས་ཀྱང་ངོ་ཤེས་ནས་དེ་སྤོང་ཐབས་བྱེད་ཀྱིན་ཡོད། ང་རང་ཚོ་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ནས་ག་རེ་བསྟན་ཡོད་དམ་ཞེས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་འདི་བླངས་ཕྱིན་ཆད་ལ་སྡུག་བསྔལ་ཡོད་ཡོད་པ་རེད།

 

          དེ་ནི་ལས་ལ་བརྟེན་ནས་སྡུག་བསྔལ་བའི་རང་བཞིན་ཡིན་པ་སོང་ཙང་རེད། ལས་དེ་གང་ལ་བརྟེན་ནས་བྱུང་ཞེ་ན་དེ་ནི་བདག་འཛིན་མ་རིག་པའི་འཁྲུལ་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་རེད། བདག་འཛིན་མ་རིག་པ་དེ་ལ་བརྟེན་ནས་བསགས་པའི་དབང་གིས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་རེད། ཕུང་པོ་བླངས་བ་ལ་བརྟེན་ནས་སྡུག་བསྔལ་མི་འདྲ་བ་མང་པོ་ཞིག་འབྱུང་བཞིན་ཡོད། དེ་ཡང་སྤྱོད་འཇུག་ལས། སྡུག་བསྔལ་དོར་འདོད་སེམས་ཡོད་ཀྱང་།  །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བར་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སྡུག་བསྔལ་མ་བྱུང་ན་བསམ་པ་ཞིག་དང་ཡང་བདེ་བ་ཞིག་བྱུང་ན་བསམ་པ་དེ་ག་དུས་ཡིན་ནའང་ང་ཚོའི་སེམས་ལ་ཡོད་པ་རེད།

 

          ཡིན་ནའང་ག་དུས་ཡིན་ཀྱང་བདེ་སྐྱིད་ཅིག་ཡོང་གི་མེད་ཅིང་མི་ཤིས་པའི་གཏི་མུག་དེས་སྡུག་ལ་སྦྱར་བ་ཡིན་ཙང་ཉོན་མོངས་པ་དག་སེལ་བའི་ཐབས་ལ་འབད་དགོས་པ་ཡིན། དེ་སེལ་བའི་ཐབས་ལམ་ནི་ནང་པའི་གཞུང་ནས་ཐུན་མོང་མ་ཡིན་པ་ཞིག་བསྟན་ཡོད། ནང་པའི་གཞུང་ནས་སེམས་ཀྱི་འགྲོ་སྟངས་དང་།  ལུས་ལ་བརྟེན་པའི་ཤེས་པ། ཡིད་ལ་བརྟེན་པའི་ཤེས་པ། ཤེས་པ་དེ་ལ་བརྟེན་པའི་སེམས་བྱུང་།  ཡུལ་དང་ཡུལ་ཅན་གྱི་ཁྱད་པར་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀྲལ་ཡོང་གི་ཡོད་པ་དེ་དཔེ་མི་སྲིད་པའི་ཧ་ལས་དགོས་པ་ཞིག་དང་གཟི་བརྗིད་ཆེན་པོ་རེད། དཔེར་ན། ང་རང་ཚོ་འདོད་ཆགས་ཤུགས་ཆེན་པོ་ཞིག་སྐྱེ་བའི་གནས་སྐབས་དེར་མི་སྡུག་པའི་ཉེས་དམིགས་སྒོམ་པ་ལ་སོགས་པས་གནས་སྐབས་ཀྱི་རིང་དེ་ལ་འདོད་ཆགས་དེ་ཕྲན་བུའི་ཤུགས་ཆུང་དུ་ཆུང་དུ་གཏོང་ཐུབ་པ་ཡོད། ཁོང་ཁྲོ་ཤུགས་ཆེན་པོ་ཞིག་སྐྱེ་བའི་སྐབས་སུ་བཟོད་པ་དང་བྱམས་པ་སྒོམ་པར་བྱས་ན་མར་ཕྲན་བུ་ཤུགས་ཆུང་དུ་འགྲོ་སྲིད་པ་རེད། ཡིན་ནའང་དེ་དག་གཏན་ནས་མེད་པ་ཞིག་ཡོང་ཐབས་མེད་སྟབས། དེ་གཏན་ནས་མེད་པ་ཡོང་བར་བྱེད་པ་ལ་དེ་དང་འཛིན་སྟངས་འགལ་བའི་བློ་དཔེར་ན། ང་རང་ཚོའི་བློ་བདག་འཛིན་མ་རིག་པ་ཟེར་བའི་བློ་དེ་ལོག་ཤེས་རེད། དེར་རྒྱབ་བརྟེན་གྱི་ཚད་མ་མེད་པ་རེད། དེ་ལོག་ཤེས་རེད། དེ་དང་འཛིན་སྟངས་འགལ་བའི་བློ་ཞིག་དཔེར་མཚོན་ན་སྟོང་ཉིད་རྟོགས་པའི་བློ་ཞེས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་དེ་ནང་པའི་ཆོས་ཀྱི་རྩ་བ་ཡིན་པར་བརྟེན་ྋགོང་ས་མཆོག་གིས་ག་དུས་ཡིན་ན་ཡང་དེ་གསུངས་ཀི་ཡོད་པ་རེད།

 

          རྟེན་ཅིང་འབྲེལ་བ་བྱུང་བའི་ཐོག་ནས་དེ་དང་འཛིན་སྟངས་འགལ་བ་ཞིག་ཆགས་ཡོང་གི་ཡོད་རེད། གང་ཡིན་ཟེར་ན་རྟེན་ནས་འབྱུང་བ་ཞེས་ལབ་དུས་རང་དབང་གིས་བྱུང་བ་ཞིག་མ་ཡིན་པར་རྟག་པ་རང་དབང་གིས་གྲུབ་པ་ཞིག་མ་ཡིན་པ་རྟོགས་ཐུབ། དེར་བརྟེན་ང་རང་ཚོའི་བློ་བདག་འཛིན་དེ་དང་རྒྱབ་འགལ་ཏག་ཏག་ཅིག་ཆགས་ཀྱི་ཡོད། རང་གི་ངོས་ནས་གྲུབ་པའི་ཆོས་ཤིག་མེད་པ་གང་ཡིན་ཟེར་ན་དེ་ནི་བརྟག་ཅིང་དཔྱད་པས་དྲངས་པའི་སྒོ་ནས་རང་དབང་གིས་གྲུབ་པ་ཞིག་རྙེད་དགོས་ཀྱང་།  བརྟགས་ཤིང་དཔྱད་ན་དཔེར་ན་ང་རང་ཚོའི་ཕུང་པོ་འདི་དང་དེ་བཞིན་བཀྲ་ཤིས་ཟེར་བའི་མི་དེ་སུ་རེད་ཅེས་མགོ་དང་མིག་ཡན་ལག་སོགས་ལ་དཔྱད་ན་མཐར་བཀྲ་ཤིས་ཟེར་བའི་མི་དེ་བརྒྱ་ཆ་བརྒྱ་ཐམ་པ་བཙལ་ན་རྙེད་རྒྱུ་མེད་པ་དེ་གསལ་པོ་རེད།

 

          ང་རང་ཚོའི་ཕུང་པོ་ཟེར་དུས་ཕར་ཕྱོགས་ནས་བལྟ་དུས་གཟུགས་ཀྱི་ཕུང་པོ་རགས་པ་ཞིག་ཡོད་བསྡད་པའི་སྣང་བ་ལྟ་བུ་ཞིག་བློ་ལ་འཆར་གྱིན་ཡོད་ཀྱང་དེར་བརྟག་ཅིང་དཔྱད་པ་བྱས་ན་ཕུང་པོ་ཟེར་བ་དེ་རྩ་བ་ནས་རྙེད་རྒྱུ་མེད་པ་ཞིག་ཡིན། འཛིན་སྟངས་འགལ་བའི་བློ་དེ་ལ་བརྟེན་ནས་ང་རང་ཚོས་བློ་དེ་ཤུགས་ཆུང་དུ་གཏོང་ཐུབ་ཀྱི་རེད་ལ་ང་རང་ཚོས་ཁ་ཡོད་ལག་ཡོད་ཀྱིས་སོ་སོའི་སེམས་ལ་དཔྱད་པ་ཞིག་བྱས་ན་འདོད་ཆགས་ཞེ་སྡང་ཁོང་ཁྲོ་སོགས་དང་ལྷག་པར་དུའང་མི་ཞིག་ལ་ཡག་པོ་ཞིག་ཡིན་གིན་ཡོད་ན་ཕྲག་དོག་མངོན་དུ་གྱུར་པའི་སྐབས་དེར་དེ་ཚོའི་ཐོག་ལ་བརྟག་དཔྱད་ཡག་པོ་གནང་ན་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཞིག་འབྱུང་གི་རེད།

 

          ང་རང་ཚོས་ད་ལྟ་སོ་སོ་མི་དགའ་བའི་མི་ཞིག་ལ་ཁོང་ཁྲོ་ཟ་ན་རྣམ་པ་ཚོས་ཁོང་ཁྲོ་ལངས་ས་མིའི་ལག་པ་དང་རྐང་པ་མགོ་སོགས་གང་ལ་ཁོང་ཁྲོ་ལངས་ཀྱི་འདུག་བརྟགས་ན་ཁོང་ཁྲོ་ཟ་སའི་ཡུལ་དེ་ང་ཚོས་རྩ་བ་ནས་རྙེད་ཐབས་མེད་པ་རེད། ང་ཞེས་ཁོང་ཁྲོ་ཟ་མཁན་གྱི་མི་དེ་ཡང་བཙལ་ན་ང་ཚོས་རྩ་བ་ནས་རྙེད་རྒྱུ་མེད། ཁོང་ཁྲོ་ཟ་མཁན་གྱི་བྱེད་པོ་ང་དེ་དང་ཁོང་ཁྲོ་བའི་ཡུལ་གཞན་མི་དེ་གཉིས་ཀྱི་སྐོར་ལ་བསམ་བློ་ཞིབ་ཏུ་བཏང་ན་རང་བཞིན་གྱིས་ཁོང་ཁྲོའི་ཤུགས་ཆུང་དུ་འགྲོ་བཞིན་ཡོད། དེར་བརྟེན་རིམ་པས་འདོད་ཆགས་དང་ཁྲོ་བ་སོགས་ལ་གཉེན་པོ་བསྟེན་ནས་ཉོན་མོངས་ཟད་པའི་ཟད་པ་སྤང་པ་དེ་འགོག་བདེན་རེད། དེ་སྤོང་བའི་ཐབས་དེ་ལམ་བདེན་རེད། དེས་ཉོན་སྒྲིབ་ཟད་པ་དང་དེའི་རྗེས་སུ་ཐབས་བྱང་ཆུབ་ཀྱི་སེམས་དང་དེ་དང་ཟུང་དུ་འབྲེལ་བའི་སྟོང་ཉིད་རྟོགས་པའི་བློ་དེས་དངོས་སུ་གཉེན་པོ་བསྐྱེད་ནས་བདག་འཛིན་བག་ཆགས་དང་བཅས་པ་སྤངས་ནས་རིམ་བཞིན་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་དེ་འདྲ་རེད། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་པའི་དྲི་མས་སླད་མ་ཞུགས་པ་ཡིན་ཙང་དེའི་གཉེན་པོ་བསྟེན་ནས་བདག་འཛིན་བག་ཆགས་དང་བཅས་པ་ཡོངས་སུ་སྤངས་པའི་སེམས་དེ་སངས་རྒྱས་ཀྱི་སེམས་རེད། དེ་ལྟ་བུའི་སེམས་ཁོ་རང་སངས་རྒྱས་ཀྱི་སེམས་ཞེས་ཡེ་ཤེས་ཆོས་སྐུ་རེད།

 

          སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བའང་བྲལ་བའི་སེམས་དེ་ཡེ་ཤེས་ཆོས་སྐུ་ཡིན་པ་དང་།  དེས་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་ཐུབ་ཅིང་དེ་ལྟ་བུ་རྒྱུད་ལ་མངའ་བ་དེ་སངས་རྒྱས་འཕགས་པ་རེད། ང་རང་ཚོ་ཕོ་མོ་སུ་ཞིག་ཡིན་ནའང་ཉམས་ལེན་ཡག་པོ་ཞིག་བྱས་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་ཐུབ་ལ་ང་རང་ཚོ་སངས་རྒྱས་ཡིན་པ་རེད། གང་ཡིན་ཟེར་ན་ང་རང་ཚོའི་སེམས་དེ་ཡེ་ཤེས་ཆོས་སྐུའི་ངོ་བོར་གྱུར་ཟིན་པ་རེད། དེའི་ཕྱིར་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་གཟིགས་པའི་སྒོ་ནས་ཡེ་ཤེས་ཆོས་སྐུ་དེས་གང་ལ་གང་འདུལ་གྱི་སྒོ་ནས་འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་པར་མཛད་པའི་ཚུལ་དེ་ལྟར་རེད།

 

          ཡེ་ཤེས་ཆོས་སྐུ་དེ་ལ་བརྟེན་ནས་འགྲོ་བའི་དོན་དུ་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པའི་ཚུལ་བསྟན་པ་ཡིན་ཙང་དཔེར་ན། འཕྲིན་ལས་ཀྱི་རོལ་པར་རྗེ་བཙུན་སྒྲོལ་མ་དང་།  སྙིང་རྗེའི་རོལ་པར་སྤྱན་རས་གཟིགས། སྨན་གྱི་རོལ་པར་སྨན་བླ་སོགས་འགྲོ་བའི་དོན་དུ་གང་ལ་གང་འདུལ་གྱི་ཐབས་མཁས་ཐུགས་རྗེ་ཆེན་པོས་འགྲོ་བའི་གཞན་དོན་ཁོ་ན་མཛད་པའི་ཚུལ་དེ་ལྟར་བསྟན་པ་རེད།

 

          ལྷག་པའི་ལྷ་མཆོག་མི་འདྲ་བ་མང་པོ་ཞིག་གི་ནུས་པ་མི་འདྲ་བ་དེ་ལྟར་སོ་སོར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ་ཞེ་ན། དེ་ནི་སྔོན་ང་རང་ཚོ་དང་འདྲ་བར་བསླབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་ཡལ་བར་དོར་གཞན་གཅེས་པར་བཟུང་ནས་སྙིང་རྗེ་ཆེན་པོའི་བློ་ཡིས་ཀུན་ནས་བླངས་ཏེ། བསླབ་པ་ལམ་གྱི་གནས་སྐབས་སུ་སྔོན་གྱི་འགྲོ་བའི་དོན་དུ་སྨོན་ལམ་གང་ཅི་བཏབ་པ་དེའི་མཐུས་སྤྲུལ་པའི་ཟློས་གར་བསམ་གྱིས་མི་ཁྱབ་པ་དེ་འདྲ་བྱུང་བ་རེད། དཔེར་ན། སངས་རྒྱས་སྨན་བླ་ཡིན་ན་སྔོན་བསླབ་པ་ལམ་གྱི་གནས་སྐབས་སུ་བདག་མ་འོངས་པའི་དུས་མངོན་པར་རྫོགས་པར་འཚང་རྒྱ་བ་ན་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྲོ་བའི་སྡུག་བསྔལ་དང་ནད་རིགས་ཐམས་ཅད་སེལ་བར་ནུས་པའི་སྨན་པའི་རྒྱལ་པོར་འགྱུར་བར་ཤོག་ཅེས་སྔོན་གྱི་དུས་སུ་སྨོན་ལམ་ཆེན་མོ་བཅུ་གཉིས་ཀྱིས་རྒྱས་བཏབ་པ་མཛད་པ་རེད།

 

          དེ་འདྲ་ཡིན་ཙང་ང་རང་ཚོས་སངས་རྒྱས་སྨན་བླ་བསྟེན་པ་ཡིན་ན་འགྲོ་བའི་ནད་རིགས་སོགས་སེལ་བར་བྱེད་པ་ལ་སྔོན་གྱི་དམ་བཅའ་དང་།  སྨོན་ལམ། བདེན་པའི་ནུས་མཐུ་སོགས་ཀྱིས་དམིགས་བསལ་གྱི་ནུས་པ་ཆེན་པོ་ཞིག་ཡོད་པ་དེ་ལྟར་རེད་སྙམ། ང་རང་ཚོའི་སྨན་པ་ཞིག་ལ་མཚོན་ན་ནང་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་སྨན་བླ་དང་དེའི་ཉམས་ལེན་ཡག་པོ་ཞིག་གནང་སྟེ། ནད་པ་ཚོར་དམིགས་བསལ་གྱིས་བརྩེ་བ་སྙིང་རྗེ་ཆེན་པོ་ཞིག་དགོས་པ་རེད། ནད་པར་བྱམས་སྐྱོང་དང་རྣམ་འགྱུར་བསྟེན་སྟངས་ཀྱིས་མཚོན་པའི་བརྩེ་བས་སྐྱོང་བའི་སྨན་པ་ཞིག་བྱུང་ན་སྨན་པ་ཡོང་དུས་སུ་ནད་པས་ཡང་དགའ་མགུ་ཡི་རང་བསྐྱེད་ཐུབ་པ་ཞིག་ཡོང་གི་རེད། གང་ཡིན་ཟེར་ན། སྨན་པའི་འཛུམ་དང་།  བརྩེ་བའི་བསམ་པ། བྱམས་པ་ཆེན་པོ་བཅས་བྱུང་ན་ནད་པར་དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་འབྱུང་གི་རེད་བསམ་གྱིན་འདུག

 

          མ་ཟད་ྋསྐུ་མདུན་གྱིས་བཀའ་སློབ་ལྟར་རྣམ་པ་ཚོ་ཆོས་སྦྱོང་རྒྱུ་དེ་ཡང་གལ་ཆེན་པོ་རེད། སྐྱབས་དང་མགོན་མེད་པའི་ནད་པ་མང་པོ་དེ་འདྲ་སྐྱོབ་རྒྱུའི་དོན་དག་ལ་ང་ཚོས་ཆོས་ཀྱི་གནས་ལུགས་དང་།  ཆོས་ཀྱི་བསླབ་བྱ་སོགས་ལ་སྦྱངས་ནས་ཉམ་ཐག་ནད་པ་མང་པོར་ཕན་ཐོགས་ཡོང་ཕྱིར་བྱམས་པ་དང་བརྩེ་བས་ཀུན་ནས་བླང་དགོས། ཕ་རོལ་པོའི་ནད་པར་མཚོན་ན་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དང་དེ་ཡང་ལུས་ལ་བརྟེན་པའི་དཀའ་ངལ་གཅིག་དང་སེམས་ལ་བརྟེན་པའི་དཀའ་ངལ་གཅིག་བྱས་དཀའ་ངལ་མི་འདྲ་བ་ཁག་གཉིས་ཡོད། དཔེར་ན། ང་ཚོའི་མིག་གི་རྣམ་ཤེས་དང་།  རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས་སོགས་ལུས་ལ་བརྟེན་ཡོད་པ་དང་།  དེ་དག་ལ་བརྟེན་པའི་ཚོར་བ་བདེ་བ་དང་ཚོར་བ་སྡུག་བསྔལ་བ་སོགས་ནི་རགས་པའི་ཚོར་བ་ཙམ་ཞིག་རེད།

 

          གང་ཡིན་ཟེར་ན། དེ་ཚོ་ནི་ལུས་ལ་བརྟེན་ཅིང་འབྱུང་བ་ཆེན་པོ་བཞི་འམ་ལྔ་ལ་བརྟེན་ཡོད་པ་རེད། དབང་པོའི་ཤེས་པ་དེ་ཚོ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་འབྱུང་བཞིར་བརྟེན་ཡོད་ཅིང་འབྱུང་བ་བཞི་དེ་མར་ཉམས་ན་ང་ཚོའི་དབང་ཤེས་སོགས་ཀྱང་མར་ཉམས་བཞིན་ཡོད། འབྱུང་བཞི་ཆ་སྙོམས་པ་ཞིག་བྱུང་ན་ང་ཚོའི་ལུས་ཀྱི་དབང་ཤེས་སོགས་ཀྱང་བདེ་ཐང་འབྱུང་བཞིན་ཡོད་པ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་མིག་གིས་མཐོང་ཐུབ་པ་ཞིག་རེད།

ཡིན་ནའང་ང་ཚོའི་དཀའ་ངལ་ཆེ་ཤོས་ནི་སེམས་ཀྱི་དཀའ་ངལ་དེ་རེད། ཡིད་ཀྱི་ཤེས་པའམ་སེམས་ཀྱི་དཀའ་ངལ་ནི་ལུས་ཀྱི་དཀའ་ངལ་ལས་ཀྱང་ཆེ་བ་ཡོད། ངས་དུས་རྒྱུན་དུ་སྨན་པ་ཚོའི་ཕྱག་ལས་དེ་དཔེ་ཡག་པོ་ཞིག་རེད་བསམ་སྟེ་དགའ་མགུ་ཡི་རང་ཞུ་བཞིན་ཡོད། གང་ཡིན་ཟེར་ན་མིའི་དཀའ་ངལ་དངོས་སུ་སེལ་མཁན་དེ་སྨན་པ་ཚོ་ཡིན་ཙང་རྒྱུན་དུ་སྨན་པ་ཚོར་ངས་གུས་བཀུར་ཞུ་བཞིན་ཡོད། ཡིན་ནའང་ང་རང་ཚོའི་སྨན་པ་ནི་ཕྱི་རྒྱལ་གྱི་སྨན་པ་ཞིག་དང་མི་འདྲ་བར་ནང་པའི་ཆོས་ཀྱི་ཐོག་ནས་སེམས་ཀྱི་དཀའ་ངལ་སེལ་མཁན་གྱི་སྨན་པ་ཞིག་ཆགས་ཀྱིན་ཡོད་ཙང་སྨན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ནད་པའི་སེམས་ཀྱི་དཀའ་ངལ་སེལ་བར་ཡང་སྨན་པ་ཚོས་ཐབས་ཤེས་གནང་རྒྱུར་ངས་གཞེན་བསྐུལ་ཞུ་རྒྱུ་ཡིན།

 

          གང་ཡིན་ཟེར་ན་སེམས་ཀྱི་དཀའ་ངལ་ཡོད་པའི་སྐབས་སུ་ཆོག་ཤེས་དང་བསམ་བློའི་འཁྱེར་སྟངས་འདི་ལྟ་བུ་ཞིག་བྱོས། འདི་ལྟ་བུ་མ་བྱེད་ཅེས་ཆོས་ཀྱི་བསླབ་བྱ་བཟང་པོས་སེམས་ཀྱི་དཀའ་ངལ་དེ་ཡང་སེལ་དགོས། སེམས་ཀྱི་དཀའ་ངལ་ཆེན་པོ་དེ་སེལ་ཐུབ་ན་དེས་རང་བཞིན་གྱིས་ལུས་ཀྱི་དཀའ་ངལ་དང་ན་ཚ་ལྟ་བུ་ཡང་རང་བཞིན་གྱི་ཆུང་དུ་འགྲོ་ཐུབ་པ་ཡིན། རྣམ་པ་ཚོས་མཁྱེན་གསལ་རེད། ང་ཕྱི་རྒྱལ་ལ་ལོ་ཉི་ཤུ་ཙམ་བསྡད་པ་ཡིན་ལ་ཕྱི་རྒྱལ་ལ་ཁྲ་ཁྲ་ཟིང་ཟིང་མང་པོ་འདུག ང་རང་ཚོ་ཚང་མས་ཕྱི་རྒྱལ་ལ་སྐྱིད་པོ་ཞེ་དྲགས་ཞིག་ཡོད་ས་རེད་བསམས་ཏེ་རྩ་ཆེན་པོ་ཞིག་བརྩིས་བསྡད་ཀྱིན་ཡོད་རེད། ཡིན་ན་ཡང་ང་ཕྱི་རྒྱལ་ལ་བསྡད་པའི་རིང་དེ་དག་ལ་ངས་ཕྱི་རྒྱལ་ལ་དཀའ་ངལ་ཆེན་པོ་ཞེ་དྲགས་ཞིག་ཡོད་པ་དངོས་སུ་མཐོང་ཐོས་བྱུང་།  དཀའ་ངལ་དེ་གང་རེད་ཅེ་ན། ཕྱི་རྒྱལ་གྱི་མི་ཚོར་སེམས་ཀྱི་དཀའ་ངལ་ཆེན་པོ་འདུག ཕར་བལྟས་དུས་ཁྲ་ཁྲ་ཟིང་ཟིང་དང་།  མལ་གོས་དེ་ཚོ་ཡག་པོ། ཁང་པ་དེ་ཚོ་ཡག་པོ་བཅས་སྐྱིད་ཉམས་ཆེན་པོ་ཞེ་པོ་ཞིག་ཡོད་པའི་བཟོ་འདྲ་འདུག དཔེར་ན། མཚོ་འགྲམ་ལ་ཁང་པ་འདུག གྲོང་ཁྱེར་གྱི་ཁང་པ་རེད། རི་ལ་ཁང་པ་འདུག ཕར་ཕྱོགས་ནས་བལྟ་དུས་ཧ་ལས་པའི་སྐྱིད་པོ་ཞིག་འདུག་སྙམ་པ་དེ་ལྟར་རེད།

 

          དེ་ནས་ཕྱི་རྒྱལ་གྱི་མི་དེ་ཚོ་རིམ་བཞིན་ཐུག་ནས་སྐད་ཆ་བཤད་པའི་སྐབས་སུ་རྟག་པར་སེམས་ནང་སེམས་ཁྲག་ཁོ་ན་མ་གཏོགས་མི་འདུག དབྱིན་སྐད་ཀྱི་ནང་དུ་ Depression ཞེས་སེམས་ཁྲལ་རྐྱང་རྐྱང་གིས་སེམས་རྦད་དེ་མར་ཞུམ་ནས་གང་ཡང་བྱེད་མི་འདོད་པའི་སེམས་ཀྱི་དཀའ་ངལ་ལམ་སེམས་ཀྱི་ན་ཚ་དེ་བརྒྱ་ཆ་བདུན་ཅུ་ཙམ་འདུག ངས་ག་དུས་ཡིན་ནའང་མི་དེ་ཚོའི་མི་ཚེའི་ནང་སྙིང་པོ་གང་ཅི་ཡང་མི་འདུག་སྙིང་རྗེ་བསམ་པ་འདྲ་པོ་རྟག་པར་ཡིད་ལ་དྲན་བསྡད་ཀྱིན་ཡོད། ལྷན་རྒྱས་ཚོ་ཚང་མས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་རེད། བོད་མི་རིགས་ཀྱི་དོན་དག་རེད། ཁ་སང་གསུངས་པ་ལྟར་གྱིས་ཡར་རྒྱས་ལ་མཐའ་མེད་པ་ཞིག་རེད། ཚང་མས་ཧུར་ཐག་གནང་དགོས།

 

ཆོས་ཀྱི་བསླབ་བྱ་གནང་ཐུབ་པ་དགོས་ལ་ཆོས་ཀྱི་བསླབ་བྱ་རྒྱག་པར་སྔོན་ལ་རང་ཉིད་ཀྱིས་ཆོས་ཀྱི་བསླབ་བྱའི་གནད་འགག་དེ་དག་ངེས་པར་དུའང་ཤེས་པ་ཞིག་བྱ་དགོས། དེ་ནི་ངས་གལ་ཆེན་པོ་ཞིག་རེད་བསམ་གྱིན་ཡོད། དེ་ནས་སྨན་པ་ཚོས་སྨན་བླར་སྐྱབས་སུ་མཆི་ཞེས་ལབ་བསྡད་པ་གཅིག་པུས་གང་ཡང་ཕན་ཐོགས་མེད། བྱས་ཙང་སངས་རྒྱས་སྨན་བླའི་བདག་བསྐྱེད་དང་མདུན་བསྐྱེད་ཅེས་པ་ལས་བདག་བསྐྱེད་བསྡུས་པ་དེ་འདྲ་ཡོད་པ་རེད།

 

          སྨན་པ་མང་ཆེ་བས་སྨན་བླའི་དབང་ལུང་ཞུས་ཡོད་རེད་སྙམ། དུས་རྒྱུན་དུ་བདག་བསྐྱེད་བཏོན་ནས་ཉམས་ལེན་བྱེད་དགོས། བདག་བསྐྱེད་འདོན་ཐབས་དེ་ཡང་གཙོ་ཆེ་ཤོས་ནི་དང་པོ་ང་རང་ཚོས་སྐྱབས་ཡུལ་གསལ་བཏབ་པ་དང་།  དེ་ནས་ཚོགས་ཞིང་གསལ་བཏབ་པ། དེ་རྗེས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་སྒྲིབ་སྦྱོང་བྱེད་པ། བདག་ཉིད་སོ་སོ་སྨན་བླར་བསྐྱེད་པ་སོགས་མདོར་བསྡུས་ཤིག་རེད།

 

          དེ་ཡང་དང་པོ་སྐྱབས་ཡུལ་གསལ་འདེབས་པ་ནི་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་སུ་བྱ་དགོས་པ་ལས་ཚིག་ཙམ་གྱི་སྐྱབས་འགྲོ་ཕན་གི་མེད། སྐྱབས་འགྲོ་དངོས་གནས་དེ་ནི་མངོན་རྟོགས་རྒྱན་ལས་ཀྱང་།  སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །སྒྲུབ་པ་རང་གི་ངོ་བོ་ཞེས་སྤྱི་ཡོངས་ཀྱི་ཐོག་ནས་གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་ནས། །ཞེས་ྋསྐུ་མདུན་གྱིས་གསུངས་པ་ལྟར་བདེན་པ་གཉིས་ཀྱི་གནས་ཚུལ་དེ་ཚོ་ཡག་པོ་མཁྱེན་དགོས། གཞི་ཡི་གནས་ཚུལ་བདེན་གཉིས་ཀྱི་དོན། འཁོར་བའི་མཇུག་ལྡོག་གི་རིམ་པ། བདག་འཛིན་མ་རིག་པ། སེམས་ཀྱི་རང་བཞིན་འོད་གསལ་བ། དྲི་མ་བ་ནི་གློ་བུར་བ། དྲི་མ་ཟད་རུང་།  འགོག་བདེན་ཐོབ་རུང་།  དེ་ཐོབ་རུང་གི་ལམ་བདེན་ལ་སོགས་པའི་ཚུལ་རྣམས་ཡག་པོ་ཞིག་མཁྱེན་ཐུབ་པ་བྱེད་དགོས།

 

          བདེན་བཞིའི་གནས་ཚུལ་དེ་ཡག་པོ་ཞིག་རྟོགས་ན་ཆོས་དཀོན་མཆོག་ཅེས་སྐྱབས་དངོས་དེ་ཡག་པོ་ཞིག་མཁྱེན་ཐུབ་ཀྱི་རེད། གང་ཡིན་ཟེར་ན་སྐྱབས་དངོས་དེ་འགོག་བདེན་དང་ལམ་བདེན་གཉིས་པོ་དེ་རེད། དེ་གཉིས་རང་རྒྱུད་ལ་ཡོད་ན་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་བྱེད་ནུས་པ་ན་སྐྱབས་དངོས་དེ་ཡིན་པ་རེད། བསྟན་པ་གནས་པའི་དབང་དུ་བྱས་ནའང་དང་པོ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱོན། དེ་ནས་དམ་པའི་ཆོས་གསུངས་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བའི་ཕྱིར་དུ་རེད། དེར་བརྟེན་ནས་སྐྱབས་ཡུལ་གསལ་བཏབ་པ་ཞེས་པ་དེ་ཡང་རང་གི་བླ་མ་དང་སངས་རྒྱས་གཉིས་ངོ་བོ་དབྱེར་མེད་པར་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་ཡིན་བསམ་དགོས། དེ་ནས་བློ་ལིང་སྟེ་གཏད་པའང་བཀལ་བའི་ཐོག་ནས་བླ་མ་སངས་རྒྱས་ཆོས་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་དགོས་པ་ཡིན།

 

          སེམས་བསྐྱེད་ཅེས་པ་དེ་ཚད་མེད་བཞི་ཡི་སྒོ་ནས་སེམས་བསྐྱེད་པར་བྱེད་པ་ཡང་།  རང་ཡལ་བར་དོར་གཞན་སེམས་ཅན་ཐམས་ཅད་གཅེས་པར་བཟུང་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་གྱུར་ཅིག སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད་བཟང་པོ་བསྒོམ་པར་བྱ་དགོས། དབང་ཐོབ་པ་དེ་འདྲ་ཡིན་ན་རང་ཉིད་སྨན་བླ་ཡིན་བསམ་པར་བྱ་བ་དང་དེ་ནས་ཚོགས་ཞིང་གསལ་གདབ་པར་བྱ་བ་དང་རང་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དེ་ཡིན་བསམས་ཏེ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས་ཀྱང་།  ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།  །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གོང་གི་ཚོགས་ཞིང་གསལ་བཏབ་ནས་དེ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་བ། མཆོད་ཅིང་ཞེས་མཆོད་པ་འབུལ་བ་དེ་ནི་ང་ཚོས་ཡོན་ཆབ་སོགས་མཆོད་པ་འབུལ་བ་དེ་གཙོ་བོ་མ་རེད། རྒྱ་གར་གྱི་སྐད་དུ་མཆོད་པ་ཟེར་བ་དེ་ལ་པུཇྰ་ཟེར་ཞིང་དེ་བོད་སྐད་ཀྱི་ནང་དུ་བསྒྱུར་ན་མཉེས་པར་བྱེད་པ་ལ་གོ་བ་ཡིན།

 

          སུ་ཞིག་མཉེས་པར་འགྱུར་བ་ཞེ་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུགས་མཉེས་པར་འགྱུར་བ་ཞིག་ལ་གོ་དགོས། དེ་དག་ཐམས་ཅད་ཐུགས་ཇི་ལྟར་མཉེས་སམ་ཟེར་ན་ང་ཚོས་སེམས་ཅན་གྱི་དོན་བྱས་ན་མཉེས་པར་འགྱུར་བ་ཡིན། ཀུན་སློང་ངན་པ་ཞིག་གིས་སྒོ་ནས་སངས་རྒྱས་ལ་མཆོད་པ་སྟོང་ཕྲག་ཁྲི་ཕྲག་ཕུལ་ན་ཡང་མཉེས་རྒྱུ་ཞིག་མེད། ཁྱི་བདག་མེད་ལྟ་བུ་ཉམ་ཐག་པ་ཞིག་ལ་ཕན་ཐོགས་བྱས་ན་སངས་རྒྱས་ཐུགས་མཉེས་པའི་མཆོད་པ་མཆོག་ཏུ་གྱུར་པ་དེ་རེད། སངས་རྒྱས་མཉེས་པའི་མཆོད་པ་དངོས་དེ་སེམས་ཅན་ལ་ཕན་གདགས་པར་བྱ་བ་དེ་ཁོ་ན་རེད། མདོར་ན་སྡིག་སྤོང་དགེ་སྒྲུབ་གང་བྱེད་པ་ཐམས་ཅད་མཆོད་པ་ཡིན་ཞིང་མཆོད་པ་ཟེར་བ་དེ་ཧ་ཅང་གི་རྒྱ་ཆེན་པོ་ཞིག་རེད། ཡོན་ཆབ་སོགས་མཆོད་པ་ཕུལ་བ་དེ་གཅིག་པུ་མཆོད་པ་མ་ཡིན་པར་མི་ཡ་རབས་དང་མི་བཟང་པོ་ཞིག་བྱེད་ཐུབ་ན་དེ་ནི་མཆོད་པ་དངོས་གནས་རེད། རྣམ་པར་ཚོར་མཚོན་ན་དང་པོ་སློབ་སྦྱོང་བྱས། དེ་ནས་ཉམ་ཐག་པའི་ནད་པ་མང་པོར་སྨན་བཅོས་བྱས་ཏེ་ཕན་ཐོགས་གནང་བ་དེ་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད། མི་སྐད་གྲགས་ཆེན་པོ་དང་རྒྱུ་ཆེན་པོ་ག་ཚོད་ཅིག་ཡིན་ནའང་ན་བའི་སྐབས་སུ་ཉམ་ཐག་པོ་ཞེ་དྲག་ཆགས་ཀྱིན་འདུག དེ་དུས་སྨན་ཁང་དུ་སླེབས་ནས་སྨན་པར་རེ་བ་དང་སྐྱབས་བཅོལ་བ་མ་གཏོགས་ང་དབང་ཆེན་པོ་ཡིན་ཟེར་ས་ཡང་མི་འདུག བྱས་ཙང་སྨན་པ་ཚོ་རང་གི་དོན་ཡིན་ནའང་འདྲ། གཞན་གྱི་དོན་ཡིན་ནའང་འདྲ། གང་ལྟར་སྨན་པ་ཟེར་བ་དེ་ཧ་ཅང་གི་རྩ་ཆེན་པོ་ཞིག་ཆགས་ཀྱིན་འདུག དེར་བརྟེན་ངས་ཚང་མར་དུས་ཚོད་འཕྲོ་ལྷག་ཏུ་མ་བཏང་བར་རང་གཞན་གཉིས་ཀར་ཕན་ཐོགས་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན།

 

          དེ་ནས་སྡིག་པ་བཤགས་པ་རེད། ང་རང་དུས་ཐོག་མ་མེད་པ་ཞིག་ནས་ད་བར་སྡིག་པ་མང་པོ་ཞིག་བསགས་ཡོད། དེ་ཡོད་པའི་རྒྱུ་མཚན་གང་ཡོད་ཅེ་ན། ཞོག་པ་ལངས་པ་ནས་དགོང་དྲོ་མ་ཉལ་གྱི་བར་དུ་སྡིག་པ་ཟེར་བ་དེ་ངམ་ངམ་ཤུགས་ཀྱིས་སླེབས་ཡོང་གི་འདུག དགེ་བ་ཟེར་བ་དེ་ཆེད་དུ་འབད་བརྩོན་བསྐྱེད་དེ་མ་བྱས་ན་ཡོང་རྒྱུ་མེད། ང་རང་ཚོའི་ཉམས་མྱོང་ནས་ཤེས་ཐུབ་པ་རེད། དུག་གསུམ་ཟེར་བ་དེ་ཐ་ན་དུད་འགྲོ་ཡིན་ཕྱིན་རང་བཞིན་གྱིས་ཡོང་བསྡད་ཀྱིན་ཡོད། དཔེར་ན། དྷརྨ་ཤྰ་ལའི་ཤིང་ནགས་འདིའི་ནང་དུ་སྤྲེའུ་མང་པོ་ཞིག་ཕྱོགས་ཁག་མང་པོ་བྱས་ནས་སྐབས་རེ་འཛིང་རེས་དང་རྒྱག་རེས་རྒྱག་བཞིན་མི་འདུག་གམ། འགའ་ཞིག་རྨ་བཟོས་པ་དང་།  ཡང་འགའ་ཞིག་པགས་པ་དབྲལ་བ་སོགས་སློབ་མི་དགོས་པར་རང་ཤུགས་ཀྱིས་ཡོང་བསྡད་ཀྱི་ཡོད། སྡིག་པ་ལ་ཡོན་ཏན་གཅིག་ཀྱང་མེད་གསུངས། ཡིན་ན་ཡང་བཤགས་པས་དག་པ་སྡིག་པའི་ཡོན་ཏན་ཁོ་ན་ཡིན་གསུངས་པ་ལྟར་རྣམ་པ་ཚོས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་ཡག་པོ་གནང་རོགས།

 

          སྡིག་པ་བསགས་པ་དེ་ཡང་ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔར་བརྟེན་ནས་ཡང་ན་སེམས་ཅན་ལ་བརྟེན་ནས་སྡིག་པ་བསགས་པ་ཡིན། སངས་རྒྱས་ལ་བརྟེན་ནས་སྡིག་པ་བསགས་ཡོད་ན་སྐྱབས་འགྲོ་ཡག་པོ་བྱེད་དགོས། སེམས་ཅན་ལ་བརྟེན་ནས་སྡིག་པ་བསགས་ཡོད་ན་བྱང་ཆུབ་ཀྱི་སེམས་ཡག་པོ་བསྒོམ་དགོས། དེ་ནི་རྟེན་གྱི་སྟོབས་ཡིན། ང་ཚོས་ལས་འབྲས་ལ་ངེས་ཤེས་མ་བརྙེས་པའི་དབང་གིས་སྡིག་པ་བསགས་པ་ལ་འགྱོད་པ་ཆེན་པོ་ཞིག་སྐྱེ་ཐུབ་ཀྱི་མེད། སྔར་བསགས་པའི་སྡིག་པ་དེ་དག་འགྲིག་མ་སོང་བསམས་ཏེ་དུག་ཁོང་དུ་སོང་བ་ནང་བཞིན་འགྱོད་སེམས་སྐྱེས་ནས་ཕྱིན་ཆད་མི་བྱེད་སྙམ་དུ་སླར་སྡོམ་སེམས་བསྐྱེད་ནས་དེའི་ཕྱིར་དུ་སྡིག་པ་བཤགས་ཆེད་ཚོགས་བསགས་སྒྲིབ་སྦྱངས་བྱས་ཏེ་རྟེན་གྱི་སྟོབས། རྣམ་པ་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་ཀྱིས་བཤགས་སྡོམ་གནང་དགོས།

 

          རྗེས་སུ་ཡི་རང་ཟེར་བ་དེ་ནི་རྟོགས་བརྗོད་མདུན་ལེགས་མ་ལས། འབད་པ་ཆུང་ངུས་རླབས་ཆེན་ཚོགས་བསྡུས་ལ། །དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་བསྔགས། །ཞེས་སོ་སོས་དགེ་བ་ཆུང་ཞིག་བྱས་ན་ཡང་དེ་ལ་ཡག་པོ་བྱུང་སོང་སྙམ་སྟེ་དགའ་བ་སྒོམ། མི་གཞན་གྱིས་དགེ་བའི་བྱ་བ་གང་དག་བསྒྲུབས་དང་སྒྲུབ་བཞིན་ཡོད་ནའང་དེ་ལ་མི་དགའ་བའི་ཕྲག་དོག་མ་བྱས་པར་སྙིང་ནས་དེ་དག་ལའང་རྗེས་སུ་ཡི་རང་བྱ་དགོས། དེ་ལྟར་བྱས་ན་འབད་བརྩོན་ཆུང་ངུས་ཀྱང་ཆེས་རླབས་ཆེ་བའི་ཚོགས་རྫོགས་ཐུབ་པ་དེ་རེད།

 

          དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་།  མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དེའི་མཇུག་ཏུ་བསྔོ་བ་བྱེད་དགོས། དེ་ཡང་བསྔོ་བར་བྱ་བ་ནི་དཔེ་མི་སྲིད་པའི་གལ་ཆེན་པོ་ཞིག་རེད། དཔེར་ན། ཆུ་ཐིགས་པ་གཅིག་རྒྱ་མཚོའི་ནང་བླུགས་པ་ན་རྒྱ་མཚོ་མ་ཟད་ཀྱི་བར་དུ་ཆུ་ཡི་ཐིགས་པ་དེ་ཡང་མ་བསྐམས་པར་གནས་ཐུབ་པ་ལྟར་རེད། དེ་བཞིན་ང་ཚོས་དགེ་བ་ཆེ་ཆུང་གང་ཞིག་བྱས་ན་ཡང་ཇི་སྲིད་སེམས་ཅན་རྣམས་སངས་མ་རྒྱས་ཀྱི་བར་དུ་དགེ་བ་དེ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དུ་བསྔོས་ན་སེམས་ཅན་རྣམས་སངས་རྒྱས་མ་འཐོབ་ཀྱི་བར་དུ་དགེ་བ་དེ་ཡང་འཛད་མེད་དུ་གནས་ཡོད། དེའི་རྗེས་སུ་བདག་ཉིད་སངས་རྒྱས་སྨན་བླར་བསྐྱེད་ནས་བདག་བསྐྱེད་བྱེད་པ་དང་ཆབས་ཅིག རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ཀྱི་བློ་ལ་བསམས་པར་བྱས་ཏེ་ཡག་པོ་ཞིག་ཐུགས་སྣང་གནང་དགོས།

 

          དུས་ཚོད་ཞེ་དྲགས་མི་འདུག རྣམ་པ་ཚོ་དུས་ཚོད་སོགས་ཕྱོགས་མང་པོ་ཞིག་དང་བསྟུན་ནས་འདིར་ཕེབས་པ་ཡིན་ཙང་ངས་རང་ཉིད་ཀྱིས་གང་ཤེས་པ་དེ་རྣམ་པ་ཚོར་ཕན་ཐོགས་བྱུང་ན་བསམས་ཏེ། ཀུན་སློང་དང་ལྷག་བསམ་རྣམ་དག་གིས་ཞུ་བཞིན་ཡོད་ཀྱང་གྲ་འགྲིག་པོ་དང་ཆ་ཚང་པོ་འདྲ་ཞིག་བྱུང་མ་སོང་།  དུས་རྒྱུན་དུ་གཙོ་གལ་ཆེན་པོ་གཅིག་ཡོད་པ་དེ་ནི་རྣམ་པ་ཚོས་རྒྱུན་དུ་སོ་སོའི་སེམས་ལ་རྟག་དཔྱད་ཡང་ཡང་བྱེད་དགོས། དཔེར་ན། ང་ག་རེ་བསམ་གྱིན་འདུག ང་ག་རེ་བྱེད་ཀྱིན་འདུག ང་ག་རེ་བཤད་ཀྱིན་འདུག་ཅེས་དུས་རྒྱུན་དུ་སེམས་ལ་བརྟག་དཔྱད་གཏོང་དགོས།

 

          ཞོགས་པ་སྔ་དྲོ་ལངས་པ་ནས་དགོང་དྲོ་མ་གཟིམ་གྱི་བར་དུ་ང་ག་རེ་དྲན་གྱིན་འདུག་ཅེས་བློ་ལ་བརྟག་དཔྱད་བྱེད་དགོས་ཀྱང་ང་ཚོས་ག་རེ་དྲན་གྱིན་འདུག ང་ག་རེ་བསམ་གྱིན་འདུག་ཅེས་པ་འདི་ཚོའི་ཐད་ལ་བརྟག་དཔྱད་བྱ་རྒྱུ་དེ་ཁྱོན་ནས་དྲན་གྱི་མེད་པ་དེ་རེད། དཔེར་ན། ང་རང་ལྟ་བུ་ཞིག་ཡིན་ན་དེ་ཚོའི་ཐོག་ལ་དོ་སྣང་ཞེ་དྲགས་བྱེད་ཀྱིན་མེད། དེའི་ཐོག་ལ་ཞུ་དག་ཡང་ཡང་ངེས་པར་དུའང་བྱེད་དགོས། ང་རང་ཚོ་རྒྱུན་དུ་ཉམས་མྱོང་ཡོད་ཙང་སྡུག་ཅག་རྐྱང་རྐྱང་དྲན་བསྡད་ཀྱིན་ཡོད་རེད། སྡུག་ཅག་རྐྱང་དྲན་བསྡད་པ་དེ་ཡང་གཙོ་བོ་རང་གཅེས་འཛིན་ལ་བློ་གོམས་པའི་སྟོབས་ཀྱིས་ཡོང་གི་ཡོད་པར་བརྟེན་ནས་ངས་བསམ་བློ་སྡུག་ཅག་འདི་འདྲ་བཏང་འདུག  གང་དྲག་བསམས་པར་བྱས་ཏེ། སེམས་ལ་དེ་འདྲ་སྡུག་ཅག་དྲན་པ་དེ་ཕྱིས་འབྱུང་མི་བྱེད་ཨང་སྙམ་པའི་བློ་ལ་བརྟག་དཔྱད་བཏང་ན་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན།

 

          ང་རང་ཚོས་མི་མང་པོ་མཉམ་དུ་གཞན་ལ་གནོད་པའི་སྐད་ཆ་འདྲ་མི་འདྲ་མང་དག་ཅིག་གླེང་ནས་སྡོད་བཞིན་ཡོད། དུས་དེར་ངས་ག་རེ་བཤད་ཀྱིན་ཡོད་དམ། ངས་ག་རེ་དྲན་གྱིན་འདུག་ཅེས་དཔྱད་པ་བཏང་ན་གཞན་ལ་གནོད་པའི་སྐད་ཆ་མང་པོ་བཤད་པ་དེས་གཞན་ལ་མི་གནོད་པར་རང་ཉིད་ལ་གནོད་པ་ཡིན། གང་ཡིན་ཟེར་ན་སོ་སོ་རང་ཉིད་མ་སྐྱིད་པ་ཡོང་སའི་གཞི་གཙོ་བོ་དེ་ནས་ཡོང་གི་ཡོད་ཙང་རེད། དེ་འདྲ་ཡིན་པར་བརྟེན་ཇོ་བོ་ཨ་ཏི་ཤས། མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་སྡོད་དུས་སེམས་ལ་བརྟག །དྲན་པས་བཟུང་ནས་བརྟག་དཔྱད་བྱོས། །ཞེས་སོ་སོས་བཤད་བཞིན་པའི་སྐད་ཆ་དེ་གཞན་ལ་ཕན་པ་ཞིག་ཡིན་ན་ནི་ཕན་པ་ལ་མཐའ་ཡོད་པ་མ་རེད། གཞན་ལ་གནོད་པའི་ཚིག་ཅིག་ཡིན་ན་ནི་ཕྱིས་སུ་དེ་འདྲ་མི་བཤད་རྒྱུ་དང་སྤང་ཐུབ་ན་སྤོང་དགོས། དེ་བཞིན་ལུས་ཀྱི་སྒོ་ནས་བྱ་བ་སྡུག་ཅག་དེ་འདྲ་བྱེད་ཀྱིན་ཡོད་ནའང་དེ་འདྲ་མི་ཡོང་བར་ཉུང་དུ་གཏོང་དགོས། དེས་སོ་སོའི་སེམས་ལ་རྒྱུན་དུ་བརྟག་དཔྱད་གཏོང་དགོས་པའི་སྐོར་དེ་ངས་རྣམ་པ་ཚོར་མདོར་བསྡུས་ཤིག་ཞུ་བཞིན་ཡོད།

 

          གལ་ཏེ་ང་ཚོས་དེ་འདྲ་ཞིག་གནང་ཐུབ་ཚེ་ལོ་འགའ་ཤས་སམ་ལོ་གཉིས་ཙམ་གྱིས་རིང་དུ་དུས་རྒྱུན་དུ་སེམས་ལ་ཞུ་དག་དང་བརྟག་དཔྱད་ཡང་ཡང་གཏོང་ཐུབ་ན་སེམས་ལ་འགྱུར་བ་ཆེན་པོ་ཞེ་པོ་ཐེབས་ངེས་ཡིན། ཨ་ཙི་ད་ངའི་སེམས་ལ་སྔར་དང་མི་འདྲ་བར་བསྒྱུར་བཅོས་ཞེ་པོ་ཐེབས་འདུག་བསམས་པའི་ཚོར་བ་མི་འདྲ་བ་ཞིག་ཏན་ཏན་ཡོང་རྒྱུ་ཡོད།

 

          དེ་འདྲ་སོང་ཙང་རྣམ་པ་ཚོས་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་འགྲུབ་ཐུབ་པ་ཞིག་དང་།  སེམས་ཅན་མང་པོ་ཞིག་གི་དོན་བྱེད་ཐུབ་པ་ཞིག   ནད་པ་མང་པོའི་ལུས་སེམས་གཉིས་ལ་དཀའ་ངལ་འཕྲད་པ་དག་སེལ་ཐུབ་པར་ངས་སེམས་གཏིང་ནས་སྨོན་འདུན་ཞུ་རྒྱུ་ཡིན། དེ་མིན་ང་ལ་གང་ཡང་ཞུ་རྒྱུ་མེད། ཐུགས་རྗེ་ཆེ།

མཐའ་མའི་འདོན་ཐེངས་།: 31.03.2014 ཉིན། 4:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།