སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

༢༣/༦/༢༠༡༡ ཉིན་བསྕལ་ཟམ་གདོང་རིན་པོ་ཆེའི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.11.2013
བཀའ་སློབ་དང་གསུང་བཤད་གཞན། >>


བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད།

 

སྤྱི་ལོ་ ༢༠༡༡ ཟླ་༦ ཚེས་ ༢༣ ཉིན་དྷ་ས་དབུས་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ཇི་ལྟར་གདན་འདྲེན་ཞུས་པ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་འདི་གར་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཆེད་དུ་ཕེབས་ནས་སྨན་རྩིས་བསྟན་པ་སྤྱི་དང་། སྒོས་སུ་སྨན་རྩིས་མཐོ་སློབ་ཁང་འདི་དང་སྒྲིག་འཛུགས་འདི་ལ་ཤིན་ཏུ་མཁོ་བ་གནད་ལ་སྨིན་པའི་ལམ་སྟོན་གསུང་བཤད་བཀྲིན་བསྐྱངས་པ་བཞུགས་སོ།།

 

༄༅། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག སྐྱབས་ཡུལ་དགེ་འདུན་པ་རྣམས་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ།  སྨན་རྩིས་ཁང་གི་དབུ་འཁྲིད་རྣམ་པ། ལས་སློབ་རྣམ་པ་ཚང་མར། དེ་རིང་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་ཉི་མ་འདི་ཐོག་ལ། སྨན་རྩིས་ཁང་གི་འདས་པའི་མཛད་གཙོ་རྣམ་པ་དང་། ད་ལྟ་ཕྱག་ལས་གནང་བཞིན་པའི་མཛད་གཙོ་རྣམ་པ། ཐོན་ཟིན་པའི་སྨན་རྩིས་སློབ་མ་རྣམ་པ། ད་ལྟ་སློབ་སྦྱོང་གནང་བཞིན་པའི་སྨན་རྩིས་སློབ་མ་རྣམ་པ་ཚང་མ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས། ང་རང་སྒེར་གྱི་ངོས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

 

བོད་གངས་ཅན་གྱི་ལྗོངས་ལ་རྒྱ་གར་ནས་ནང་དོན་རིག་པ་གཙོ་བོར་གྱུར་བའི་རིག་པའི་གནས་ཆེན་ལྔ་དང་། ཡང་ན་བཅུ་ཕྲག་རིག་པའི་གནས་ཧ་ཅང་གི་གཞི་རྒྱ་ཆེན་པོ་ཞིག་དར་རྒྱས་བྱུང་བ་རེད།  དེ་ཚོའི་ནང་ནས་གསོ་བ་རིག་པ་དེ་ཟུར་དུ་ཐོན་པ་ཞིག་རེད། དེ་ཞུ་དགོས་པ་གང་རེད་ཅེ་ན།  རིག་གནས་གཞན་ཚང་མ་གཙོ་ཆེ་བ་རྒྱ་གར་གྱི་རིག་གནས་དང་།  རིག་གནས་དེ་དག་བསྟན་པའི་རིག་པའི་གཞུང་ལུགས་རང་ལ་ཆ་བཞག་ནས་བོད་པས་གསར་བཟོ་དང་། གསར་གཏོད་རྩ་བ་ནས་མེད་པ་ཡོང་ཡག་གི་འབད་བརྩོན་གནང་བ་རེད།  ལྷག་པར་དུ་ལྟ་གྲུབ་དང་། ནང་དོན་རིག་པ། གསང་སྔགས་རིག་པ། དེ་ཚོའི་རིགས་ལ་རྒྱུད་དང་རྒྱ་གཞུང་གི་ཁུངས་མེད་པ་དང་། རྒྱ་གར་མཁས་པས་བཤད་པ་དང་སྟོན་པ་བདེ་བར་གཤེགས་པའི་གསུངས་པ་དེ་ཚོའི་ནང་ཐད་ཀར་ཁུངས་ལུང་མེད་པ་ཡིན་ན་བོད་པས་ནམ་ཡང་དེའི་ཐོག་ལ་གསར་གཏོད་དང་། རྒྱས་སྤྲོས་དང། བཤད་ཚུལ་མི་འདྲ་བ་མི་ཡོངས་རྒྱུའི་འབད་བརྩོན་གཙོ་བོར་བྱས་ཡོད། ཆུ་འགོ་གངས་ལ་ཐུག་པ་བཞིན་དུ་ཆོས་འགོ་རྒྱ་གར་ལ་ཐུག་པ་ཞིག་དགོས། སྟོན་པ་སངས་རྒྱས་ལ་ཐུག་པ་ཞིག་དགོས། འདུག་སེ་བྱས་ནས་གཟབ་གཟབ་བྱེད་པ་རེད།

ཡིན་ནའི་གསོ་བ་རིག་པ་དེ་རྒྱ་གར་གྱི་ཚེའི་རིག་བྱེད་ལ་ཁུངས་གཏུགས་པ་སྨྲོས་མེད་རེད། དེ་ཁུངས་གཏུགས་པའི་རྗེས་ལ་བོད་པ་རང་གིས་བོད་ལ་ནང་ཆོས་མ་དར་བའི་སྔོན་ནས་ཡོད་པའི་གསོ་བ་རིག་པའི་སྲོལ་རྒྱུན་དང་། ནང་ཆོས་དར་བའི་རྗེས་ལ་ཡང་ཁྱིམ་མཚེས་རྒྱལ་ཁབ་ཁག་རྒྱ་ནག་དང་། སྟག་ཟིག་ལ་སོགས་པ།  དབུས་ཨེཤི་ཡའི་ནང་དུ་དར་བའི་གསོ་བ་རིག་པ་ཚང་མ་དང་མཉམ་དུ་མཚུངས་བསྡུར་དང་ལེགས་ཆ་བླངས་པའི་ཐོག་ནས་བོད་པས་ཐུན་མོང་མ་ཡིན་པ་གསར་གཏོད་བྱས་ནས་གསོ་བ་རིག་པའི་རིག་གནས་རླབས་ཆེན་ཞིག་བྱུང་བ་རེད།  ཡིན་ནས་འདི་བོད་པའི་གསར་གཏོད་ཡིན་མིན་གྱི་ཐོག་ལ་བོད་པ་རང་གིས་ངོས་ནས་གསལ་པོར་མ་བཟོས་པར་བྱེད་རྒྱུན་རིང་པོ་ལུས་པ་རེད། ང་ཚོ་རྒྱ་གར་དུ་སླེབས་ནས་ལོ་ལྔ་བཅུ་ཡས་མས་ཤིག་གི་རིང་ལ་ཡང་རྒྱ་གར་ནང་དུ་རྒྱ་གར་གྱི་ཚེའི་རིག་བྱེད་དང་བོད་ཀྱི་གསོ་བ་རིག་པ་གཉིས་པོ་དེ་རིག་གནས་ཐ་དད་ཡིན་པ་གསལ་པོ་བཟོས་མ་ཐུབ་པར་བྱེད་ནས་ལུས་པ་རེད།

འདས་པའི་ལོ་ཁ་ཤས་ཀྱི་ནང་ཝྰ་རཱ་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཐུགས་འགན་རྐང་བཞེས་གནང་བ་དང་། རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ནས་མཐུན་འགྱུར་གནང་བར་རྟེན་ནས་ད་ལྟ་འདི་གསལ་པོར་ཆགས་ཡོད། རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་ཐོག་ནས་ཨྰཡུཥ་བྱེ་བྲག་ལ་བོད་ཀྱི་གསོ་བ་རིག་པ་གསར་པ་ཞིག་བསྣན་བྱས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཡིན་པ་དང་།  རྒྱ་གར་ལ་ཁུངས་གཏུགས་པ་ཡིན་ན་ཡང་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་གར་གྱི་ཚེའི་རིག་བྱེད་དང་གཅིག་གྱུར་མིན་པ་ཟུར་དུ་ངོས་འཛིན་ཐོབ་པ་འདི་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་འགྲོ་བར་ཕན་འདོགས་འབྱུང་བ་རེད་བསམ་གྱི་འདུག །

གལ་སྲིད་ཁྲིམས་མཐུན་གྱི་ངོས་འཛིན་དེ་འདྲ་ཞིག་ཐོབ་མེད་པ་ཡིན་ན་བོད་ནང་ལ་གསོ་བ་རིག་པའི་སློབ་སྦྱོང་དར་ཁྱབ་ཆེན་པོ་ཡོད་རེད་དེ་བོད་ནང་ལ་ཡང་བོད་པའི་རིག་གནས་ཀྱི་ངོ་བོར་མ་གནས་པར་རྒྱ་མིའི་རིག་གནས་ཀྱི་ངོ་བོར་བརྩིས་ཡག་ཅིག་དང་། རྒྱལ་སྤྱིའི་ནང་སྨན་གྱི་ཐོན་སྐྱེད་ཡང་རྒྱ་སྨན་གྱི་ཁྱབ་ཁོངས་འོག་ལ་འགྲོ་ཡག་གི་གནས་སྟངས་ཤིག་རེད། དེ་སོང་ཙང་རྒྱ་གར་གྱི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་ངོས་འཛིན་ཐོབ་པ་འདི། སྤྱིར་རིག་གཞུང་སྲུང་སྐྱོབ་བྱེད་ཡག་དང་། ལྷག་པར་དུ་རིག་པའི་གཞུང་ལུགས་འདི་རྒྱ་ནག་གི་རིག་གནས་མ་ཡིན་པ། བོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་པ་གསལ་པོར་ཆགས་པ་འདི་ཆབ་སྲིད་ཀྱི་དོན་གཉེར་ལྡན་པ་ཡང་བྱུང་ཡོད་རེད་བསམ་གྱི་འདུག །

ད་ལྟ་ང་ཚོས་ངོས་འཛིན་དེ་འདྲ་ཞིག་ཡོད་པའི་སྐབས་ལ་། ཕྱོགས་གཅིག་ནས་རིག་གནས་རྒྱུན་འཛིན་བྱེད་ཡག་དང་། ཕྱོགས་གཞན་ཞིག་ནས་རིག་གནས་འདི་རྒྱལ་སྤྱིའི་ནང་ལ་འགྲོ་བ་མི་རིགས་ཀྱི་ཞབས་འདེགས་ཆེན་པོ་ཞིག་གྲུབ་པའི་ཆེད་དུ་རིག་གནས་འདིའི་ཐོག་ལ་བྱང་ཆུབ་པའི་མཁས་ལས་པ་མང་པོ་འཐོན་དགོས་པ་འདི་ཧ་ཅང་གི་གལ་གནད་ཅིག་ཆགས་ཀྱི་ཡོད་རེད། ཉེ་ཆར་ྋསྐྱབས་མགོན་རིན་པོ་ཆེས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་གསུངས་པ་ནང་བཞིན་ང་ཚོས་སྨན་པ་སྟོང་ཕྲག་མང་པོ་བཏོན་དགོས་པ་མ་གཏོགས། ད་ལྟ་ང་ཚོས་ལས་བསྡོམས་བསྐྱོར་དུས་སྐབས་ལ་འདས་པའི་ལོ་ལྔ་བཅུའི་རིང་ལ་སྨན་པ་ཉིས་བརྒྱ་ལྷག་ཙམ་བཏོན་ཡོད་གསུངས་དུས་སྐབས་ལ་ཕྱོགས་གཅིག་ནས་བལྟས་ན་དེ་མང་པོ་རེད་དེ་ལོ་ལྔ་བཅུ་ལ་མར་བགོ་བཤའ་རྒྱག་པ་ཡིན་ན་ཉིས་བརྒྱ་ལྷག་ཙམ་དེ་ཉུང་ཉུང་ཞེ་དྲག་རེད། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་སྨན་རྩིས་ཁང་རང་གི་ཡན་ལག་སྨན་ཁང་ཁག་ལ་ཡང་སྨན་པ་ཁྱབ་མ་ཐུབ་པ་དང་། རྒྱལ་སྤྱི་དང་། སྨན་པ་དགོས་མཁོ་ཡོད་པའི་ས་གནས་གང་སར་ང་ཚོས་སྨན་པ་བཏང་མ་ཐུབ་པའི་གནས་བབས་ཡོད་དུས་སྐབས་ལ། ད་ལྟ་ལས་བསྡོམས་ནང་ཁྱེད་རང་ཚོས་གསུངས་པ་བཞིན་བོད་ཀྱི་གསོ་བ་རིག་པའི་མཐོ་སློབ་ཚད་ལྡན་ཞིག་གང་མྱུར་འཛུགས་བསྐྲུན་གནང་ཐུབ་ཡག་དང་། དེ་འདྲའི་སློབ་གཉེར་ཁང་ནང་ནས་ལོ་རི་བཞིན་དུ་སྨན་པ་བརྒྱ་ཕྲག་ཁ་ཤས་འཐོན་ཐུབ་པ་འབྱུང་བ་ཡིན་ན། རིག་གནས་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ། བོད་པའི་མཚན་དོན་ཚང་མར་ཐུགས་ཕན་གསོས་པ་ཡོང་གི་ཡོད་པ་ཡིན་ཙང་དེ་ཕྱག་ལེན་འཁྱེར་ཡག་ལ་ང་ཚོ་སྐོམ་པ་ཆུ་འདོད་བཞིན་སྒུག་ནས་བསྡད་ཀྱི་ཡིན།

དེ་དང་ཆབས་ཅིག་ཏུ། ཁ་སང་སྔོན་ལ་ཡང་ཞུས་པ་ཡིན། ངེས་པར་དུ་ང་ཚོས་དགོངས་པ་བཞེས་དགོས་པ་ཞིག་ལ། རྒྱ་གར་གྱི་ཁྲིམས་ཐོག་ནས་གསོ་བ་རིག་པ་ངོས་འཛིན་ཐོབ་ཟིན་པ་ཡིན་ཙང་། ད་ཆ་མཐོ་སློབ་འདི་ཡང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་འཛུགས་ཀྱི་ནང་ངོས་འཛིན་ཡོད་པ་ཞིག་དང་། མཐོ་སློབ་འདི་ནས་ཐོན་པའི་སྨན་པ་ཁག་གི་ལག་ཁྱེར་འདི་རྒྱ་གར་སྤྱི་ཡོངས་ཀྱི་གཙུག་ལག་སློབ་གཉེར་ཁང་ཡོངས་རྗོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས།   UNIVERSITY GRANT COMMISSION (UGC)  ངོས་ནས།   ASSOCIATION OF INDIAN UNIVERSITY (AIU)  ངོས་ནས།  ངོས་འཛིན་ཡོད་པའི་ལག་ཁྱེར་གནང་ཐུབ་ཡག་དང་། གནང་དགོས་ཡག་འདི་གལ་ཆེན་པོ་ཞེ་དྲག་རེད། འདི་མ་གནང་བ་ཡིན་ན་ང་ཚོ་ཁྲིམས་མཐུན་ཐོག་ནས་ངོས་ལེན་བྱུང་བ་དགོས་མཁོ་དེ་ཆ་ཚང་བེད་སྤྱོད་གནང་མ་ཐུབ་པའི་བཟོ་འདྲ་བོ་ཆགས་འགྲོ་གི་རེད། ཡང་བསྐྱར་ཁྲིམས་ཀྱི་ཐོག་ལ་ང་ཚོའི་སྨན་པ་འདི་ཚོར་ཁྲིམས་ཀྱི་ངོས་འཛིན་གཉིས་པའམ་ངོས་འཛིན་ཐ་མ་དེ་མ་རག་པའི་གནས་སྟངས་འདྲ་བོ་ཆགས་ཀྱི་ཡོད་པ་ཡིན་ཙང་། མཐོ་སློབ་ཀྱི་འཛུགས་བསྐྲུན་གྱི་ཐོག་ལ་ཞལ་འདེབས་ག་ཚོད་བྱུང་བ་དང་། དངུལ་ག་ཚོད་འགྲོ་གི་ཡོད་པ་དེ་གནད་འགག་ཆེན་པོ་གང་ཡང་མ་རེད།  དེའི་སློབ་ཚན་དང་། སློབ་ཚན་དེ་དག་སློབ་སྦྱོང་སྤྲོད་པའི་རྗེས་ལ་རྒྱུགས་སྤྲོད་ཐོན་པའི་ཕྱག་ཁྱེར་འདི་རྒྱ་གར་གྱི་ཁྲིམས་ཐོག་ནས་ངོས་འཛིན་ཡོད་པའི་ཕྱག་ཁྱེར་ཞིག་དགོས་པ་དེ་མེད་དུ་མི་རུང་བའི་གནས་བབས་ཞིག་རེད།

དེ་ཡོང་བར་སྒྲོམ་གཞི་འཛུགས་སྐྲུན་ཀྱི་དགོས་མཁོ་ཁ་ཤས་ཡོད་པ་དེ་དངོས་ཡོད་གནས་སྟངས་རེད། དགེ་རྒན་གྱི་གནས་བབས། སྒྲོམ་གཞིའི་གནས་བབས། དཔེ་མཛོད་ཀྱི་གནས་བབས། སློབ་ཕྲུག་གི་གནས་བབས། སློབ་ཚན་གྱི་ལོ་གྲངས་ཀྱི་གནས་བབས། ཚང་མར་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་དང་། རྒྱ་གར་གྱི་ལུགས་སྲོལ་དང་མཐུན་པ་ཞིག་དགོས་ཀྱི་ཡོད། དེ་ཚོ་ཡོང་བར་ཕྲན་བུ་དུས་ཚོད་འགོར་གྱི་ཡོད་པ་ཡིན་ན་ཝྰཎྰ་དབུས་བོད་ཀྱི་མཐོ་སློབ་རྒྱ་གར་ནང་ངོས་ལེན་ཡོད་བཞིན་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན་ཙང་དེ་དང་མཉམ་འབྲེལ་ཐོག་ནས་རྒྱུགས་སྤྲོད་བཏང་ཡག་ཞིག་དང་། དེ་ནས་སོ་སོས་ཟུར་དུ་རྒྱུགས་སྤྲོད་གཏོང་ཡག་གི་འགན་དབང་རག་རྒྱུའི་ཆེད་དུ་འབད་བརྩོན་གནང་ཡག །འབད་བརྩོན་གནང་ཡག་དེ་ལ་ཡང་ཐབས་ལམ་འདྲ་མིན་སྣ་ཚོགས་ཡོད་རེད།  གཙོ་བོ་མ་འོངས་པ་ལ་དམིགས་ཡུལ་བཟུང་ཡག་དེ་ངེས་པར་དུ་སྨན་རྩིས་མཐོ་སློབ་ཁང་འདི་རྒྱ་གར་གྱི་ UNIVERSITY (གཙུག་ལག་སློབ་ཁང་།) སྤྱི་ཚོགས་ནང་དུ་ DEEMED to be UNIVERSITY (ཉེ་བའི་གཙུག་ལག་སློབ་ཁང་།) གནས་ཚད་ཐོབ་པ་ཞིག་ངེས་པར་དུ་གནང་དགོས་པ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག །ལོ་གཉིས་གསུམ་རིང་གཙུག་ལག་སློབ་ཁང་གཞན་པ་དང་མཉམ་དུ། གལ་ཏེ་ཝྰརྰཎསི་གཙུག་ལག་སློབ་ཁང་དང་མཉམ་དུ་མ་འགྲིག་པ་ཡིན་ན་ IGNOU (Indhira Gandhi National Open University ) བཟོ་འདྲ་བོ་དེ་འདྲ་དང་མཉམ་དུ་འབྲེལ་བ་གནང་ནས་འགྲིག་པ་ཡིན་ན་ཐུགས་ཁྱད་གང་ཡང་ཡོད་མ་རེད། ཡིན་ནས་མཐར་ཐུག་དེ་ང་རང་ཚོ་རང་གིས་ཐད་ཀར་རྒྱུགས་སྤྲོད་གཏོང་ཡག་ཡོད་པ་ཞིག་དང་། UNIVERSITY སྤྱི་ཚོགས་ནང་དུ་ཚུད་པ་གནང་དགོས་ཡག་དེ་ཞེ་དྲག་གི་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ད་ལྟ་རྒྱལ་སྤྱིའི་ནང་ས་གནས་གཞན་པ་ལ་ཁྲིམས་ཐོག་ནས་ངོས་འཛིན་ཡོད་པའི་ང་ཚོའི་གསོ་བ་རིག་པའི་གཙུག་ལག་སློབ་གཉེར་གྱི་སྒྲིག་འཛུགས་མེད་པ་རེད། དེ་ཕྱི་ལོགས་ལས་རྒྱ་གར་གྱི་ནང་བཟོས་པ་ཐུགས་སྟབས་བདེ་བ་དང་ལས་སླ་བ་ཡོད་རེད་བསམ་གྱི་འདུག །འདི་དེ་རིང་འདིར་གོ་སྐབས་རག་པ་ཡིན་ཙང་ཚང་མར་འཇུག་སྡོམ་སྙན་སྒྲོན་གྱི་ཚུལ་དུ་ཞུས་ན་བསམ་པ་འབྱུང་།

དེ་དང་ཆབས་ཅིག་ཏུ། བོད་ཀྱི་གསོ་བ་རིག་པ་འདི་རྩ་བའི་རིག་གཞུང་གི་སློབ་སྦྱོང་དང་ལག་ལེན་གཉིས་ཀར་རང་ལུགས་ཚད་ལྡན་གྱི་ཐོག་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་གནང་དགོས་པ་འདི་གལ་ཆེན་པོ་རེད། ངས་གོང་དུ་ཞུས་པ་བཞིན། དེ་རིང་འདིར་ལས་བསྡོམས་བཀའ་གནང་བའི་སྐབས་ལ་རྒྱུད་བཞི་བོད་ཀྱི་མཁས་པ་གཡུ་ཐོག་གིས་བརྩམས་པ་ཡིན་པ་ཚིག་ཐག་ཆོད་པོའི་བཀའ་གནང་སོང་། གཞན་ད་ལྟ་བར་དུ་ང་ཚོས་དེ་ཡང་གསུངས་ཀྱི་ཡོད་མ་རེད། སྨན་གྱི་རི་ལ་སྨན་པའི་རྒྱལ་པོས་བཀའ་སྩལ་བ་དང་། གང་ལྟར་རྒྱ་གར་ནས་བསྒྱུར་བ་ཡིན་པ་བཟོ་འདྲ་བོ་ཞིག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡན་ཆད་ནས་གསུངས་བཞུགས་པ་རེད།  ཡིན་ནས་དེ་རིང་འདིར་ཚིག་ཐག་ཆོད་པོས་གསུངས་པ་འདི་ལ་བྱུང་རབས་ཀྱི་རྒྱབ་བརྟེན་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ཕན་ཆད་ལ་ང་ཚོའི་གསོ་བ་རིག་པའི་བྱུང་རབས་འདི་སྒྲུང་གི་བཟོ་འདྲ་བོ་ཞིག་མ་གཏོགས་བྱུང་རབས་རང་གི་ངོ་བོ་དང་དེ་བྱུང་རིག་པ་མཚན་ཉིད་དང་ལྡན་པའི་སྒོ་ནས་གསལ་པོ་བཟོས་གནང་མེད། 

དེ་ང་ཚོའི་གསོ་བ་རིག་པ་ཙམ་དུ་མ་ཟད་བོད་པའི་བྱུང་རབས་རིག་པ་སྤྱིའི་ཞན་ཆ་ཞིག་རེད།  ང་ཚོའི་བྱུང་རབས་རིག་པ་གཞན་ཚང་མར་MYTHOLOGY (ལྷ་སྒྲུང་རིག་པ།)   དང་  HISTORY (བྱུང་རབས་རིག་པ།) གཉིས་པོ་དེ་བསྲེ་བསྲེས་བཏང་ནས་ཕར་དབྱེ་བ་འབྱེད་ཁག་པོ་ཡོད་རེད།  དེ་འདྲ་ཡིན་དུས་སྐབས་ལ་ང་ཚོའི་གསོ་བ་རིག་པའི་བྱུང་རབས་འདི་གསལ་པོ་ཞེ་པོ་ཞིག་བཟོ་གནང་དགོས་པ་དང་། དེ་བྱུང་རིག་པའི་རིག་ལམ་དང་མཐུན་པ་ཞིག་གི་ཐོག་ནས་གསལ་བཤད་གནང་ཐུབ་པ་བཟོ་དགོས་པ་གལ་ཆེན་པོ་རེད།

དེ་དང་ཆབས་ཅིག་ཏུ་ད་ལྟའི་དུས་རབས་འདིའི་ནང་དུ་མཚུངས་བསྡུར་དང་། མཉམ་རུབ་བྱེད་ཡག་གི་གོ་སྐབས་དེ་ཧ་ཅང་གི་རྒྱ་ཆེན་པོ་ཡོད་དུས་ཉམས་ཞིབ་ཀྱི་གནས་བབས་དེ་དེང་རབས་ནས་ལེགས་ཆ་བླངས་ཡག་མང་པོ་ཡོད་པ་ཡིན་ཙང་། ཉམས་ཞིབ་བྱེད་སྟངས་དང་། ཉམས་ཞིབ་བྱས་པའི་གྲུབ་འབྲས་ཐོན་སྟངས་དེ་དག་རྒྱལ་སྤྱིའི་གནས་ཚད་དང་མཉམ་པར་ཡོང་རྒྱུའི་ཆེད་དུ་དེང་རབས་ཀྱི་འཕྲུལ་ལས་དང་། ལག་རྩལ། METHODOLOGY (ཐབས་ལམ།) དེ་ཚོ་ང་ཚོས་གཟིགས་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོད་རེད་བསམ་གྱི་འདུག །

ད་ལྟའི་གནས་སྐབས་ལ་བོད་ཀྱི་གསོ་བ་རིག་པ་འདི་སྔོག་འདོན་ཁྱོན་ནས་མ་བྱེད་པའི་གཏེར་ཁ་ཆེན་པོ་ནང་བཞིན་ཞིག་ལུས་བསྡད་ཡོད། ཡོང་རྒྱུ་བསྡད་པའི་མི་རབས་མང་པོས་འདི་སྔོག་ཕྲུ་བརྒྱག་བྱས་དེའི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་འཕྲུལ་མེད་ཡིན་པ་གང་ཞིག་ལ། ད་ལྟ་ཕན་ཆད་གཞན་པ་བཞག་ནས། བོད་པ་རང་གིས་གསལ་རྟོགས་མ་ཐུབ་པ། གོ་མ་མྱོང་བ་དེ་འདྲ་མང་པོ་ཞེ་པོ་ཞིག་ཏན་ཏན་འཐོན་ཡག་ཡོད་རེད་བསམ་གྱི་འདུག །དེ་འདོན་ཡག་གི་ལས་འགན་འདི་མཐོ་སློབ་འདི་ལྟ་བུ། སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ལྟ་བུ་ཞིག་ལ་ཡོད་རེད་མ་གཏོགས་གཞན་པ་སུས་བྱེད་ཐུབ་ཡག་ཡོད་མ་རེད། དེ་ཡིན་ཙང་། སྦུག་སུབ་དོག་པོ་འདྲ་བོ་བྱེད་ནས་ང་རང་ཚོའི་འདི་རྐྱང་རྐྱང་ནང་དུ་དབུ་འཁོར་ནས་མ་བཞུགས་པ་བྱེད། གཟིགས་རྒྱ་ཡངས་པོ་དང་། ཨྰཡུརྦེད་དང་ ALLOPATHY (དེང་རབས་སྨན་གྱི་རིག་པ།)མཉམ་དུ་འབྲེལ་བ་གནང་ཡག་དང་། དེ་ལས་གཞན་པའི་སྲོལ་རྒྱུན་གྱི་འཚོ་བའི་ཐབས་མང་པོ་ཡོད་པ་དེ་ཚོ་དང་མཉམ་དུ་ཕར་ཚུར་འབྲེལ་བ་གནང་ནས་གང་ལྟར་ང་ཚོ་འདི་གཞི་རྒྱ་ཆེ་ཙམ་ཞིག་དང་། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བེད་སྤྱོད་བྱེད་ཐུབ་ཡག་གི་གནས་བབས་ཞིག་གི་ཐོག་བསྐྲུན་ཡག་ཐུགས་གལ་ཆེན་པོ་རེད་བསམ་གྱི་ཡོད།

ལོ་ལྔ་བཅུ་ཟེར་བ་འདི་མི་གཅིག་གི་མི་ཚེ་ལ་བལྟས་པ་ཡིན་ན་ཞེ་དྲག་གི་རིང་པོ་རེད། ལོ་གང་འདྲ་བྱེད་ནས་མགྱོགས་པོ་ཕྱིན་པ་དེ་དཔེར་ན། ད་ལྟ་འདིར་དུས་སྟོན་གནང་བའི་སྐབས་ལ། སྨན་རྩིས་ཁང་གསར་འཛུགས་གནང་བའི་སྐབས་དང་། སྨན་རྩིས་ཁང་གི་མཐོ་སློབ་ཁང་གསར་འཛུགས་གནང་བའི་སྐབས། དེ་ཚོ་ཚང་མར་ང་རང་ལྟ་བུ་ཆ་མཚོན་པ་ཡིན་ན། རྡ་རམ་ས་ལ་ཡོད་ལ་དེ་ཚོ་གང་ག་མཐོང་མྱོང་མཁན་གྱི་གྲས་རེད། ད་ལྟ་ཁྱེད་རང་ཚོ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་གི་ཡོད། འབྱུང་འགྱུར་གྱི་ལོ་ལྔ་བཅུ་འདི་འདས་པའི་ལོ་ལྔ་བཅུ་ལས་ལྡབ་མང་པོ་ཞེ་པོ་ཞིག་གི་གྲུབ་འབྲས་ཆེ་བ་གནང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག   འདས་པའི་ལོ་ལྔ་བཅུ་འདི་འཐོམ་མ་སངས་པ་བྱེད། སྒྲོམ་གཞི་མཐུན་རྐྱེན་མ་འཛོམས་པ་བྱེད། དཔལ་འབྱོར་གྱི་རྒྱབ་མ་ཁྱོག་པ་བྱེད། མིའི་མཐུན་རྐྱེན་གྱི་རྒྱབ་མ་ཁྱོག་པ་བྱེད་ནས་བསྡད་པའི་དུས་ཚོད་ཅིག་རེད། འདིའི་ལོ་བཅུ་ནང་ང་ཚོས་དགོས་མཁོ་མང་པོ་ཞེ་པོ་ཞིག་བསྐྲུན་ཟིན་པ་རེད།  ད་ལྟའི་གནས་སྐབས་ལ་འདས་པའི་ལོ་ལྔ་བཅུ་ནང་བཞིན་གྱི་མཐུན་རྐྱེན་མ་འཛོམས་པ་དེ་མེད་པ་རེད།  ད་ཡོང་རྒྱུ་བསྡད་པའི་ལོ་ལྔ་བཅུའི་ནང་། འདས་པའི་ལོ་ལྔ་བཅུའི་གྲུབ་འབྲས་ལས་ལྡབ་བརྒྱ་ཙམ་མང་བ་འདོན་མ་ཐུབ་པ་ཡིན་ན་ང་ཚོའི་གནས་ཚུལ་མང་པོ་ཞེ་པོ་ཞིག་ཆུད་ཟོས་སུ་བཏང་ནས་བེད་སྤྱོད་ཇི་བཞིན་མ་བྱུང་བའི་གནས་སྟངས་ཆགས་འགྲོ་གི་རེད་བསམ་གྱི་ཡོད། དེ་འདྲ་ཡིན་ཙང་། ཚང་མས་དགོངས་འཇགས་གནང་ནས་ཧུར་ཐག་གནང་རོགས་གནང་ཞུས་ཡག་ཡིན། ཐུགས་རྗེ་ཆེ།།  །།

མཐའ་མའི་འདོན་ཐེངས་།: 13.01.2017 ཉིན། 10:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།