སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

༢༠༡༤/༡༠/༡ ཉིན་ྋགོང་ས་མཆོག་གིས་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2015
ྋགོང་ས་མཆོག་གི་བཀའ་སློབ། >>

 


༢༠༡༤/༡༠/༡ ཉིན་ྋགོང་ས་མཆོག་གིས་བསྩལ་བའི་བཀའ་སློབ།

(ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་གཉིས་པའི་མཇལ་བཅར་སྐབས་ཀྱི་བཀའ་སློབ།)

 

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་འགོ་ཉིན་གསུམ་རིང་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་ "ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ།" ཞེས་ལུས་སེམས་སྲོག་དང་འབྲེལ་ཡོད་བརྗོད་གཞི་ཁག་ལྔ་ལ་གཞུང་ལུགས་ཆེན་པོ་དྲུག་གི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་ཚོགས་ཆེན་ཞིག་བསྐོངས་ཚོགས་ཞུས་པ་རེད། ཉིན་དང་པོའི་སྔ་དྲོར་གཞུང་ལུགས་སོ་སོའི་གསུང་བཤད་གནང་མཁན་ཁྱད་མཁས་མི་སྣ་རྣམས་དང་མཉམ་ཞུགས་ཚོགས་བཅར་བ་ཁྱོན་བསྡོམས་༣༧༠ ཙམ་ལ་རྒྱལ་བའི་ཕོ་བྲང་དུ་གོང་ས་སྐྱབས་མགོན་ཆེན་པོའི་གསེར་ཞལ་དངོས་སུ་མཇལ་ཞིང་གསུང་དབྱངས་ཐོས་རྒྱུའི་སྐལ་བཟང་གོ་སྐབས་ཆེས་རྩ་ཆེན་ཞིག་གསོལ་བསྩལ་གནང་བ་རེད། དེའི་སྐབས་གོང་ས་མཆོག་གིས་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་མི་སྣ་རེ་རེ་དང་ཚོགས་བཅར་བའི་ཡོང་ཁུངས་སོ་སོ་བཀའ་རྩད་གནང་བ་དང་། གཞན་ཕན་བློ་ཡི་དགེ་མཚན་དང་། རང་གཅེས་འཛིན་གྱི་ཉེས་པ།  བགྲོ་གླེང་ཚོགས་ཆེན་ལ་བསྔགས་བརྗོད། བོད་ཡིག་དང་ནང་པའི་ཤེས་རིག་ལ་བསླབ་དགོས་ཚུལ། རྩིས་རིག་ལ་སྒེར་གྱི་དགོངས་ཚུལ་སོགས་ཀྱི་སྐོར་གསུང་བཤད་བཀྲིན་བསྐྱངས་གནང་ཡོད། དེ་ནས་དུས་ཚོད་ཕལ་ཆེ་བ་དྲི་བ་དྲིས་ལན་གྱི་གོ་སྐབས་དམིགས་བསལ་གནང་བ་རེད། སྤྱིར་གོང་ས་མཆོག་ནས་བོད་སྐད་དུ་བཀའ་སློབ་ལམ་སྟོན་གནང་ཡོད་ཀྱང་དམིགས་བསལ་གྱི་དྲི་བ་དང་པོ་དང་མཐའ་མ་གཉིས་ཨིན་སྐད་ཐོག་གནང་ཡོད་པ་འདིར་བོད་སྒྱུར་བྱས་ནས་ཕབ་ལེན་ཞུས་ཡོད།  

 

༄༅། །དེ་རིང་ཁྱེད་རང་ཚོས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་གཉིས་པ་ཚོགས་བཞིན་པ་རེད། ཁྱེད་རང་ཚོ་ཚང་མར་འཚམ་འདྲི་དང་བཀྲིས་བདེ་ལེགས་ཡོད།


ང་རང་ཚོའི་འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མས་ལུས་བདེ་ཐང་དང་སེམས་སྐྱིད་པོ་བྱུང་ན་བསམ་པ་ཚང་མར་ཡོད། བསམ་པ་དེ་མདང་སྐྱེས་ཕྲུ་གུ་ལའང་ཕལ་ཆེར་ཡོད། རྒད་པོ་རྒད་མོ་སང་ཤི་གནངས་ཤི་གྲས་ལའང་ལུས་བདེ་པོ་དང་སེམས་སྐྱིད་པོའི་བསམ་པ་དེ་ཡོད་རེད། དེ་རིང་འདིར་ཁྱེད་རང་ཚོ་སྐད་ཆ་ཉན་མཁན་དང་། ང་སྐད་ཆ་བཤད་མཁན། ང་ཚོ་ཚང་མར་སྐྱིད་པོ་བྱུང་ན་བསམ་པ་ཞིག་མ་གཏོགས། སྡུག་པོ་བྱུང་ན་བསམ་པ་ཞིག་འདུག་གམ། (ཞེད་མོ་དང་སྦྲགས།)


ཨིན་སྐད་དུ་བཀའ་བསྩལ་དོན། ང་ཚོ་ཚང་མ་རང་བཞིན་གྱིས་བདེ་བ་འདོད་པ་དང་། ང་ཚོ་ཚང་མར་ཞི་བདེ་ཐོབ་པར་ཐོབ་ཐང་ཆ་ཚང་ཡོད། ཅེས་གསུངས་ནས། ང་ཚོ་མི་ཙམ་དུ་མ་ཟད་སྲོག་ཆགས་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་མཁན་ཚང་མས་བདེ་བ་འདོད་པ་ཞིག་དང་སྡུག་བསྡལ་མི་འདོད་པ་གཅིག་གྱུར་ཆགས་ཡོད། ཁྱད་པར་གཅིག་ནི་སྤྱོད་འཇུག་ནང་འདི་གསུངས་ཡོད། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་འབྱུང་།། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་འབྱུང་།། ང་ཚོས་ཞིབ་འཇུག་ཡག་པོ་བྱེད་པ་ཡིན་ན་ཇི་ཙམ་གྱིས་ང་ང་ཞེས་སོ་སོ་གཅིག་པོ་བསམ་བློ་གཏོང་མཁན་ཡིན་ན་རང་བཞིན་གྱི་མིག་རྒྱང་ཐུང་ཐུང་ཆགས་ཡོད། ང་ཟེར་བ་དེ་ཆུང་ཆུང་ཞིག་ཡིན། ཡང་ང་ཞེས་པའི་ཚབ་ལ་ང་ཚོ་ཞེས་ལབ་པ་ཡིན་ན་ཏོག་ཙམ་རྒྱ་ཆེ་རུ་འགྲོ་གི་ཡོད། ང་རང་ཚོ་མིའི་སྤྱི་ཚོགས་ཞེས་པ་འདི་(Social animal:སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རིགས་)སྤྱི་ལ་བརྟེན་པ་ཞིག་རེད། ནམ་རྒྱུན་སངས་རྒྱས་པའི་ཆོས་བྱེད་མཁན། དེའི་ནང་ཚན་ནས་ཐེག་ཆེན་གྱི་གཞུང་ངམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་མྱོང་མཁན་ཡིན་ན་སེམས་ཅན་ཐམས་ཅད་ཟེར་བ་དེ་ཚང་མས་བཤད་ཀྱི་ཡོད། གློ་བུར་དུ་བལྟས་པ་ཡིན་ན་སེམས་ཅན་ཐམས་ཅད་ཟེར་དུས་སོ་སོའི་དོན་དག་ལ་བསམ་བློ་ཞེ་དྲགས་མ་གཏོང་མཁན་འདྲ་བོ་ཞིག་ཡོད། ཡིན་ནའང་། དོན་དུ་ཇི་ཙམ་གཞན་ཕན་གྱི་བློ་ཡོད་པ་དེའི་ཚོད་ཀྱི་སོ་སོའི་སེམས་སྐྱིད་པ་ཡོད། ང་ང་ཞེས་གཅིག་པོ་བསམ་བློ་བཏང་བ་ཡིན་ན་སེམས་ཁྲལ་ལུང་པ་གང་ཡོད་པ་དང་། སེམས་ཅན་ཐམས་ཅད་ཅེས་རྒྱ་ཆེན་པོ་ཞིག་བསམ་བློ་བཏང་བ་ཡིན་ན། རང་བཞིན་གྱི་སོ་སོའི་སེམས་ལ་སྙིང་སྟོབས་དང་ཞི་བདེ་སླེབས་པ་ཡིན། ང་ཞེས་ཁོ་ན་བསམ་བློ་གཏོང་ནས་སྡོད་པ་ཡིན་ན། གཅིག་གིས་གཅིག་ལ་དོགས་པ་ཟ་བ། བློས་མི་ཁེལ་བ། མགོ་སྐོར་བ། ཐུབ་ཚོད་བྱེད་པ་སོགས་སླེབས་ཀྱི་ཡོད། ང་ཚོ་ཞེས་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཡིན་པར་བསམ་བློ་བཏང་བ་ཡིན་ན་མགོ་སྐོར་གཏོང་གི་མ་རེད། ཐུབ་ཚོད་བྱེད་ཀྱི་མ་རེད། གཡོ་སྒྱུ་བྱེད་ཀྱི་མ་རེད་ལ་ཕྱི་གསལ་ནང་གསལ་བྱེད་ཐུབ་ཀྱི་རེད། དངོས་གནས་དྲང་གནས་ཕྱི་གསལ་ནང་གསལ་བྱས་པ་ཡིན་ན་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་སླེབས་ཀྱི་རེད། གཅིག་གིས་གཅིག་ལ་ཡིད་ཆེས་སླེབས་པ་ཡིན་ན་གྲོགས་པོ་ཆགས་ཀྱི་རེད།


གཅིག་གིས་གཅིག་ལ་ཚོད་མ་ཐིག་པར་བྱེད་ནས་ང་ང་ཞེས་བསམ་བློ་གཏོང་ནས་བསྡད་པ་ཡིན་ན། དོགས་པ་དང་ཐེ་ཚོམ་སྒང་ལ་མི་ཚེ་སྐྱེལ་གྱི་རེད། དེ་ལ་སྐྱིད་པོ་གང་ཡང་མིན་འདུག་ག གང་ལྟར། བདེ་སྐྱིད་ཀྱི་བསྒྲུབ་བྱ་འདི་སྒྲུབ་པར་སེམས་ཀྱི་ཞི་བདེ་དེ་དཔེ་གལ་ཆེན་པོ་ཡིན། དེང་སང་ཚན་རིག་པ་ཚོས་སེམས་འཁྲུགས་པ་སྟེ་ཁོང་ཁྲོ། ཐེ་ཚོམ། འཇིགས་སྣང་སླེབས་པ་ཡིན་ན། ང་ཚོའི་ལུས་ཀྱི་ཟུངས་ (immune system:ནད་སྔོན་འགོག་མ་ལག་) ཉམས་འགྲོ་གི་ཡོད་པ་བཤད་ཀྱི་འདུག བྱས་ཙང་། སེམས་ཀྱི་ཞི་བདེ་ཟེར་བ་དེ་ལུས་པོའི་འཕྲོད་བསྟེན་ནམ་ལུས་པོའི་བདེ་ཐང་ལ་ཞེ་དྲགས་ཀྱི་ཁྱད་པར་ཡོད་ས་རེད། ད་གིན་རང་ངའི་གྲོགས་པོ་ཇར་མན་(German)དེ་འདྲ་ཐུག་སོང་། ངའི་གདོང་ཞེ་དྲགས་རྒས་མིན་འདུག་ཟེར་སོང་། ཁོང་རང་ལོ་ལྔ་བཅུ་ང་དགུ་རེད། ང་ལོ་བདུན་ཅུ་དོན་དགུ་རེད། དེ་ཡིན་དུས་ཁོང་ལོ་ཉི་ཤུ་ང་ལས་གཞོན་པ་རེད། གདོང་ཕལ་ཆེར་ངའི་གདོང་ལས་ཁོང་རང་སྤོ་ལགས་ཚ་མདོག་ཁ་འདུག བྱས་ཙང་། ཁོང་རང་གི་ང་ལ་སྐད་ཆ་དྲིས་པ་རེད། གང་རེད་ཁྱེད་རང་ལོ་བརྒྱད་ཅུའི་མཚམས་ལ་སླེབས་ཀྱི་ཡོད་རེད་དེ་ད་ལྟ་གཞོན་ནུ་འདྲ་བོ་འདུག འདི་ལ་གསང་བ་གང་ཡོད་རེད་ཟེར་གྱི་འདུག དེ་འདྲ་སྐད་ཆ་དྲིས་མཁན་མང་པོ་ཡོང་གི་འདུག དེ་ལ་ངས་རྩེད་མོ་རྩེ་བྱས།  འདི་ངའི་ཆེས་གསང་བ་རེད། ངས་བཤད་ཀྱི་མ་རེད། དེ་འདྲ་བཤད་བསྡད་ཀྱི་ཡོད། (ཚོགས་ཁང་དུ་བཞད་གད་ཀྱི་ཁེངས།) ངས་ཁོང་ལ་འདི་ལབ་པ་ཡིན། ཕལ་ཆེར་ངའི་བསམ་བློའི་ངོས་ནས་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་ཅུ་ཚང་མ་གཅིག་པ་ཡིན་བསམ་པ་ཡོད། ང་རང་ཆ་བཞག་ན་དུང་ཕྱུར་བདུན་ཅུའི་ནང་གི་མི་གཅིག་ཡིན་བསམ་ནས་དྲན་པ་མ་གཏོགས་ང་ཁྱད་དུ་འཕགས་པ་ཡིན། ང་གལ་ཆེན་པོ་ཡིན། ང་རྒྱལ་བ་རིན་པོ་ཆེ་ཡིན་བསམ་པ་འདྲ་བོ་རྩ་བ་ཉིད་ནས་དྲན་གྱི་མེད། མི་དང་མི་ཐུག་པའི་འདུ་ཤེས་བཞག་པ་ཡིན་དུས་མི་སུ་ཐུག་ཀྱང་མི་ཞིག་ཐུག་གི་ཡོད་བསམ་ནས་དྲན་བསྡད་དུས། སེམས་ནང་གཅིག་གིས་གཅིག་ལ་ཚོད་མ་ཐིག་པ་དང་སེམས་ཐག་རིང་པོ་བཟོ་འདྲ་བོ་གང་ཡང་མིན་འདུག བྱས་ཙང་། སེམས་དེ་རང་བཞིན་གྱི་གློད་བཞག་ཡོད་པ་འདྲ་བོ་ཡོང་གི་འདུག དེའི་དབང་གིས་སེམས་དེ་དངངས་སྐྲག་དང་མཚེར་སྣང་། དོགས་པ་རྣམ་རྟོག་བྱེད་པའི་བསམ་བློ་དེ་ཡོང་གི་མིན་འདུག འོ་དེ་ཁྱད་པར་ཆེན་པོ་ཞིག་ཡོད་ས་རེད་བཤད་པ་ཡིན། ཉིན་ཞག་ཕྲུགས་གཅིག་གི་ཉི་མ་སྐྱེལ་སྟངས་ལྟ་བུ་དེ་ལའང་ཁྱད་པར་ཞིག་ཡོད་རེད་ལབ་པ་ཡིན། ཡང་ངས་ཁོང་ཚོར་རྩེད་མོ་རྩེ་བྱས། ང་ཆ་བཞག་ན་ནང་པའི་གྲྭ་པ་ཞིག་རེད། ཞོགས་པ་ཆུ་ཚོད་གསུམ་པར་ཡར་བླངས་ཀྱི་ཡོད། དེ་ནས་བསམ་བློ་ཏོག་ཙམ་བཏང་། ཉིན་མོའི་སྒང་ལ་མི་དང་ཐུག་གི་ཡོད། ང་ནང་པའི་དགེ་སློང་ཡིན་པའི་དབང་གིས་དགོང་མོའི་ཁ་ལག་ཟ་གི་མེད། དགོང་དག་ཕྱི་དྲོ་ཆུ་ཚོད་དྲུག་པ་བདུན་པའི་སྐབས་ལ་ཉལ་བསྡད་ཀྱི་ཡོད། བྱས་ཙང་ངའི་མི་ཚེ་དེ་འདྲ་འགྲོ་བཞིན་པ་རེད། ད་ཁྱེད་རང་ཚོ་དགོང་མོའི་ཁ་ལག་ཕྱིས་པོ་ཟས། དེ་མཉམ་དུ་ཆང་རག་འཐུང་། རྗེས་སུ་ར་བཟི་བྱས། བྱས་ཙང་དེ་ལའང་ཁྱད་པར་ཞིག་ཡོད་ས་རེད་ཟེར་བ་ཡིན། གཙོ་ཆེ་ཤོས་དེ་བསམ་བློའི་ནང་ལྷོད་ཤིག་ཤིག་ཡོད་དགོས་པ་ཞིག་དང་། དེའི་རྩ་བ་དེ་ད་གིན་ཞུས་པ་བཞིན་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ཞེ་དྲགས་ཡོད་རེད། དེ་ནས་ལུས་པོའི་ཉིན་ཞག་ཕྲུགས་གཅིག་གི་འགྲོ་སྟངས་ལྟ་བུ་དེ་འཕར་འཁྲུག་འདྲ་བོ་ཞེ་དྲགས་མེད་པ་བྱས་ནས། ཡང་ངས་ཁོང་ཚོར་རྩེད་མོ་རྩེ་བྱས། ང་གྲྭ་པ་རེད་(Night club:མཚན་མོ་ནུབ་ཕྱོགས་པའི་གར་འཆམ་རྒྱག་ས་)ལ་འགྲོ་ཡག་མེད་ཟེར་བ་ཡིན། ལུས་པོའི་ཆ་ནས་ཆུ་ཚོད་ཉི་ཤུ་རྩ་བཞིའི་འགྲོ་སྟངས་ལྟ་བུ་དེ་གཏན་འཇགས་སུ་འགྲོ་བསྡད་དུས་དེ་ཁྱད་པར་ཏན་ཏན་ཡོད་ས་རེད། བྱས་ཙང་། ལུས་པོའི་བདེ་ཐང་ཡོང་བར་བསམ་བློའི་བདེ་ཐང་ཡོད་པ་གལ་ཆེན་པོ་ཞེ་དྲགས་རེད་འདུག


དེ་འདྲ་ཡིན་དུས། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཞེས་པ་འདི་ཡག་པོ་བྱུང་བཞག གང་ལྟར་ཡག་སྙིང་། དེ་རིང་སང་གི་འཛམ་བུ་གླིང་འདིའི་སྒང་གི་ཚན་རིག་པའི་ནང་ནས་སེམས་ཀྱི་ཞི་བདེ་ཡོང་བ་དང་། སེམས་ལྷོད་ཤིག་ཤིག་ཡོང་བར་དོ་སྣང་བྱེད་མཁན་ཤུགས་ཆེན་པོ་འདུག དེ་བཞིན་དུ། བསམ་བློ་གཏོང་སྟངས་ཐོག་ནས་ཀླད་པར་འགྱུར་བ་འགྲོ་གི་ཡོད་པ་དེ་རིང་སང་ཚན་རིག་པ་ཚོས་བཤད་ཀྱི་འདུག དེ་སྔ་ཡིན་ན། སེམས་ཞེས་པ་དེ་ཀླད་པའི་བྱེད་ལས་གཅིག་ཡིན་པ་མ་གཏོགས་ཟུར་དུ་མེད་པ་ཚན་རིག་པ་མང་པོས་དེ་བཤད་ཀྱི་ཡོད། དེ་ཡིན་དུས། སེམས་བདེ་སྡུག་ཡོང་བ་དེ་ཀླད་པར་གྱུར་བ་བཏང་ན་སེམས་བདེ་སྡུག་ཡོང་གི་ཡོད་པ་བཟོ་འདྲ་བོ་ཞིག་དང་། དེང་སང་ཀླད་པར་གྱུར་བ་དང་ཐུག་ཐུག་དེ་འདྲ་གང་ཡང་མེད་པ་བྱས་ནས། བསམ་བློའི་སྦྱོང་བརྡར་ཐོག་ནས་ཀླད་པར་ཚུར་འགྱུར་བ་འགྲོ་གི་ཡོད་པ་ཞིག་མཐོང་གི་ཡོད། Neuroplasticity ཞེས་སེམས་ལ་འགྱུར་བ་ཐེབས་ཡོང་དུས་ཀླད་པའི་རྫས་དེ་འཕེལ་འགྲིབ་བྱེད་པ་དང་འགྱུར་བ་འགྲོ་བ་ཡོང་གི་ཟེར་གྱི་འདུག གང་ལྟར། ང་ཚོའི་ལུས་པོའི་འཕྲོད་བསྟེན་དང་ལུས་པོའི་བདེ་ཐང་སྐད་ཆ་བཤད་དུས་བསམ་བློ་དེ་ཟུར་དུ་བཞག་ཐབས་མེད་པ་ཞིག་རེད་འདུག ནང་བསམ་བློའི་བློ་གསལ་བ་དང་། དྲན་པ་སྐྱེན་པ། དེ་ལྟར་ཡོང་བར་ལུས་པོའི་བདེ་ཐང་དེ་ཕར་འབྲེལ་བ་ཡོད་པ་ཞིག་རེད། གང་ལྟར་ལུས་སེམས་གཉིས་པོ་དེ་རྟེན་དང་བརྟེན་པའང་རེད་ལ་འབྲེལ་བ་ཞེ་དྲགས་ཡོད། བྱས་ཙང་དེ་རིང་སང་གཞི་ནས་ལུས་དང་སེམས་ཀྱི་འབྲེལ་བར་དོ་སྣང་གསར་པ་ཞིག་སླེབས་པའི་དུས་སུ་ཁྱེད་རང་ཚོས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཚོགས་ནས་གོ་བསྡུར་བྱས་པ་དེ་དངོས་གནས་དྲང་གནས་དགོས་མཁོ་ཡོད་པ། དེ་ཤེས་ཡོན་དང་རྣམ་དཔྱོད་ཐོག་ནས་གོ་བསྡུར་བྱེད་པ་གཅིག་པོ་མ་ཡིན་པ་ཁ་ཡོད་ལག་ཡོད་ཀྱི་མིའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ། ལུས་པོའི་བདེ་ཐང་དང་འབྲེལ་བ་ཡོད་པ་ཆགས་ཡོང་དུས་ཡག་པོ་ཞེ་དྲགས་འབྱུང་འདུག ཁྱེད་རང་ཚོ་གྲ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན།།


དེ་ནས་གོང་ས་མཆོག་གིས་དྲི་བ་དྲིས་ལན་གྱི་རྩ་ཆེའི་གོ་སྐབས་གསོལ་བསྩལ་གནང་བ་རེད།  

དྲི་བ་དང་པོ། ཁྱེད་ཀྱིས་འཛམ་གླིང་ཡོངས་ལ་སྙིང་རྗེའི་ཚད་གཞི་དེ་ཧ་ཅང་གི་མཐོ་པོ་བཞག་གནང་ཡོད། ངའི་དྲི་བ་ལ་ཁྱིམ་ཚང་ནང་དུ་རང་གི་ཁྱོ་གས་ཚུལ་མིན་སྤྱོད་པའི་བུད་མེད་ལ་ཁྱེད་ཀྱི་བསླབ་བྱ་གང་ཡོད།

ྋགོང་ས་མཆོག་གིས། ངའི་བསམ་པར་སྔོན་དང་པོ་དེ། དེང་རབས་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་གྱི་མ་ལག་ཡོད་པ་དེ་ཕྱི་དངོས་པོའི་རིན་ཐང་ལ་དམིགས་པ་ཞིག་ཡིན། ནང་གི་ཡོན་ཏན་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད། དེས་རང་བཞིན་གྱི་ཕྱི་དངོས་པོའི་རིན་ཐང་ཁོ་ན་ལ་ཆ་བཞག་ན་སྐབས་རེ་ལུས་སྟོབས་ཆེ་བ་དེ་བེད་སྤྱོད་མང་བ་ཡོད། ངས་ནམ་རྒྱུན་བཤད་ཀྱི་ཡོད། གནའ་སྔ་མོ་ངའི་བསམ་པར་ལོ་ངོ་འབུམ་ཕྲག་འགའ་ཤས་སྔོན་ལ་མིའི་སྤྱི་ཚོགས་ནང་དུ་འགོ་ཁྲིད་ཀྱི་བསམ་ཚུལ་དེ་མེད། དེ་དུས་ཚང་མ་འདྲ་མཉམ་ཡིན། ལས་ཀ་མཉམ་དུ་བྱེད་ཀྱི་ཡོད། བགོ་བཤའ་མཉམ་དུ་བརྒྱབ་ཀྱི་ཡོད། དེ་ནས་རིམ་པས་མི་འབོར་འཕེལ་རྒྱས་ཕྱིན་པ་དང་། ས་ཞིང་འདེབས་ལས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་ང་དང་ངའི་ཞེས་པའི་བསམ་བློ་དེ་མང་དུ་གྱུར་བ་རེད། དེ་ནས་རྐུན་མ། བརྙས་བཅོས་བྱེད་མཁན། བརྫུན་བཤད་མཁན་མངོན་དུ་གྱུར་ཡོད།

དེ་དུས་གཞི་ནས་འགོ་ཁྲིད་ཀྱི་བསམ་བློ་དེ་སླེབས་པ་རེད། དེ་དུས་སློབ་སྦྱོང་གི་ལམ་ལུགས་མེད། འགོ་ཁྲིད་བྱེད་པར་ལུས་པོའི་སྟོབས་ཤུགས་དེ་ཆ་རྐྱེན་ལྟེ་བ་ཆགས་ཡོད། དེས་སྐྱེས་པ་ཕོ་ལུས་ཀྱིས་དབང་འཛིན་བྱེད་ཡག་འགོ་ཚུགས་པ་ཡིན། རིམ་བཞིན་ཤེས་ཡོན་ལམ་ལུགས་ཡར་རྒྱས་ཕྱིན་པ་དང་སློབ་སྦྱོང་གིས་སྐྱེས་པ་དང་བུད་མེད་བར་འདྲ་མཉམ་ཆེ་རུ་བཏང་ཡོད། ད་དུང་ཡང་སྤྱི་ཚོགས་ནང་མཚམས་རེ་ལུས་པོའི་སྟོབས་ཤུགས་ལ་རྩི་མཐོང་མང་བའི་བཟོ་འདྲ་བོ་འདུག འདི་ངས་ཤེས་མ་སོང་། གང་ལྟར་སྐྱེས་པས་དབང་འཛིན་དེ་མཚམས་རེ་མངོན་བཞིན་ཡོད། དེ་ཆོས་ཕྱོགས་ཀྱི་ནང་དུའང་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་རྙིང་པ་དེ་ད་ལྟ་ཡིན་ནའང་སྐབས་རེ་ཡོད།

ཁྱེད་ཀྱི་དྲི་བ་དེ་ལ། དཀའ་རྙོག་དེ་ཚོ་གཞི་ལ་བཞག་ནས། ངའི་ཚོར་སྣང་ལ་ཤེས་ཡོན་དང་། དེ་དང་འདྲ་མཚུངས་མིས་བཟོས་པའི་དཀའ་རྙོག་གི་རིགས་མང་པོ་ཡོད། ད་ལྟ་ང་ཚོ་འདིར་ཚང་མ་ཞི་བདེའི་ངང་མཉམ་དུ་བསྡད་ཡོད། འཛམ་གླིང་གཅིག་པ། འགྲོ་བ་མི་ཡིན་པ་གཅིག་པ། ད་ལྟའི་དུས་སྐབས་དེ་ཉིད་ལ་ཨ་རཔ་(Arab)ནང་དུ་དམར་གསོད་གཏོང་བཞིན་ཡོད། ང་ཚོ་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད། སུ་གང་ཡང་དཀའ་རྙོག་འདོད་ཀྱི་མེད་ཀྱང་ལས་ངན་དེ་ཚོ་བྱེད་བཞིན་ཡོད། ཐ་ན་ཆོས་དད་ཡང་ཕན་ཚུན་བར་འཁྲུག་འཛིང་དང་གསོད་རེ་གཏོང་ཡག་བེད་སྤྱོད་ལོག་པ་བྱེད་ཀྱི་ཡོད།

ང་ཚོར་དངོས་གནས་དྲང་གནས་ནང་གི་ཡོན་ཏན་དེ་ཚོར་ཉུང་དྲགས་པའམ་སྣང་མེད་བཏང་བ་རེད། ནང་གི་ཡོན་ཏན་ཞེས་པ་དེ་བཟང་སྤྱོད་ཀྱི་དོན་ཡིན། བཟང་སྤྱོད་དམ་རིན་ཐང་གི་དོན་ནི། གང་གིས་མི་ཚེ་བདེ་སྐྱིད་དང་། དགའ་ཚོར་རམ་ཞི་བདེ་སྐྲུན་པ་ལ་ཟེར་བ་ཡིན། དེ་ནི་བཟང་སྤྱོད་ཡིན། ལུས་ངག་གི་སྤྱོད་ལམ་ཁྱེར་སོའི་དབང་གིས་བདེ་སྐྱིད་ངོ་མ་ཐོབ་ཐུབ་པ་དེ་བཟང་སྤྱོད་ཡིན། དེ་ལ་ཆོས་ལ་ཡིད་ཆེས་བྱེད་མཁན་དང་མ་བྱེད་མཁན་གང་ཡིན་ཀྱང་སྐྱོན་མེད། དེ་འདྲ་སོང་ཙང་། དེ་ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་ནང་དུ་ལྡན་དགོས་པ་ཡིན། དེ་ཚོའི་སྐོར་ལ་གསུང་བཤད་ཁ་ཤས་གནང་བ་དེ་འདང་གི་མེད་པ་རེད། ང་ཚོས་གོ་རིམ་ལྡན་པའི་སྒོ་ནས་མི་མང་ལ་ཤེས་ཡོན་སྤྲོད་དགོས་པ་ཡིན། ནང་སེམས་ཀྱི་ཡོན་ཏན་དེ་མི་ཚེ་བདེ་སྐྱིད་དང་ལུས་པོ་བདེ་ཐང་ཡོང་བའི་ཆ་རྐྱེན་ལྟེ་བ་དེ་ཡིན། ཆོས་ལ་ཡིད་ཆེས་བྱེད་མ་བྱེད། ཆོས་འདི་འམ་ཆོས་དེ་ལ་ཡིད་ཆེས་བྱེད་མཁན་ལ་མ་བལྟོས་པར་ངས་ནམ་རྒྱུན་ཆོས་ལུགས་ལ་མ་ལྟོས་པའི་བཟང་སྤྱོད་ཟེར་བཞིན་ཡོད།

རྒྱ་གར་བའི་གོ་རྟོགས་ལྟར་ན་ཆོས་ལུགས་རིས་མེད་ཀྱི་གོ་དོན་ནི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས། དེ་བཞིན་དུ་ཆོས་ཁས་མི་ལེན་མཁན་རྣམས་ལའང་གུས་ཞབས་བྱེད་དགོས་པར་ཟེར། འདིར་རྒྱ་གར་བ་འགའ་ཞིག་འདུག ངས་ནམ་རྒྱུན་རྒྱ་གར་བ་ནི་ང་ཚོའི་སྲོལ་རྒྱུན་གྱི་བླ་མ་ཡིན་པ་འགྲེལ་བཤད་རྒྱག་གི་ཡོད། འདིར་བླ་མ་ཁ་ཤས་ཕེབས་འདུག འོན་ཀྱང་གནད་དུ་འཁེལ་ནས་བཤད་པ་ཡིན་ན། གནའ་སྔ་མོའི་རྒྱ་གར་བ་ཚོ་ང་ཚོའི་བླ་མ་ཡིན། དེང་རབས་ཀྱི་རྒྱ་གར་བ་རྣམས་ཡིན་པའི་ངེས་པ་མེད། གང་ཡིན་ཟེར་ན་དེང་རབས་ཀྱི་རྒྱ་གར་བ་རྣམས་སྔ་མོའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་བརྗེད་བཞིན་འདུག གང་ལྟར། རྒྱ་གར་བའི་གོ་རྟོགས་ལྟར་ན་ཆོས་ལུགས་ལ་མ་བལྟོས་པའི་བཟང་སྤྱོད་ཅེས་པ་འདི་ཆོས་ལུགས་ལ་མ་དགའ་བའམ་དེ་ལས་ཐག་རིང་སྡོད་པའི་དོན་དག་རྩ་བ་ཉིད་ནས་མ་ཡིན། ཆོས་ལུགས་ཚང་མ་ལ་གུས་ཞབས་བྱེད་དགོས། དེ་བཞིན་དུ་ཆོས་ཁས་མི་ལེན་མཁན་རྣམས་ལའང་འགྲོ་བ་མི་ཕན་ཚུན་སྤུན་ཟླ་ཡིན་པས་གུས་ཞབས་བྱེད་དགོས།

གང་ལྟར་ཕྱི་དངོས་པོར་གཙོ་འཛིན་བྱེད་མཁན་གྱི་སྤྱི་ཚོགས་དང་ཤེས་ཡོན་འོག་ནས་ཡོང་བའི་ནང་མི་འམ་མི་མང་ཚོའི་ནང་དུ། ངའི་བསམ་པར་དངོས་ཡོད་ལག་ལེན་གྱི་ཐོག་ནས། ཁྱིམ་ཚང་ནང་རང་གི་ཁྱོ་ག་ལས་གླ་ཆ་མཐོ་བ་དང་ལས་ཀ་ཡག་པའི་བུད་མེད་ལ་གཅིག་བྱས་ན་ཐུབ་ཚོད་ཉུང་བ་ཡོད། ཆུང་མ་ལས་ཁྱོ་ག་དེའི་ཡོང་འབབ་མང་བ་ཡོད་ན་སེམས་ཁམས་རིག་པའི་ཐོག་ནས་བཤད་ན། ཁྱིམ་ཚང་ནང་དུ་ཁྱོ་ག་ལས་སྐྱེས་མའམ་ཆུང་མ་དེ་ལས་ཀ་མང་བ་བྱེད་པའམ་གླ་ཆ་མང་བ་ཡོད་པའམ་བེད་སྤྱོད་ཆེ་བ་ཡོད་ན་ཁྱོ་ག་དེ་ཉམ་ཆུང་བ་ཡོད་ཀྱི་རེད་བསམ་གི་འདུག གང་ལྟར། སྤྱི་ཚོགས་ནང་དུ་ཡ་རབས་བཟང་སྤྱོད་ཐོག་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད་པའི་ཚོར་སྣང་འདུག ང་ཚོས་འཛམ་གླིང་སྤྱི་ཡོངས་ནས་ཆོས་ལུགས་ལ་མ་ལྟོས་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་འབད་བརྩོན་བྱེད་དགོས། དེ་དགོང་མོ་གཅིག་གམ་ལོ་ངོ་བཅུ་ཕྲག་གཅིག་གི་རྗེས་སུ་གྲུབ་འབྲས་ཐོན་པ་ཡོང་གི་མ་རེད་བསམ་གྱི་འདུག གོ་རིམ་ལྡན་པའི་ཡ་རབས་བཟང་སྤྱོད་ཀྱི་ཤེས་ཡོན་ལམ་ལུགས་བརྒྱུད་ནས་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་སུ་མི་རབས་གསར་པ་ཤེས་ཡོན་ལམ་ལུགས་དེའི་འོག་ནས་འཚར་ལོང་བྱེད་མཁན་རྣམས་ཞི་བདེ་ཆེ་བ་ཡོང་རྒྱུ་རེད། དེས་ཁྱིམ་ཚང་ནང་དུ་ཕོ་མོ་འདྲ་མཉམ་དང་སྙིང་རྗེ་ཆེ་བའི་ཁྱིམ་ཚང་ཆགས་ཀྱི་རེད།  ད་ལྟ་སྐབས་བབ་རང་གི་ཁྱོ་གས་ཐུབ་ཚོད་ཆེ་དྲགས་ན་དང་པོ་དེ་ཁྱེད་ཀྱི་འཐབ་འཛིང་བྱེད་དགོས། མཐར་དེ་དང་ལོགས་ཀ་བྱེད་དགོས། དེ་ལ་ཐབས་ཤེས་གཞན་དག་མེད། ངའི་བསམ་པ་དཀོན་མཆོག་གིས་ཁྱོད་མུ་མཐུད་མནར་གཅོད་མྱོང་བའི་ཆེད་དུ་བཟོས་མེད། ཆོས་ལུགས་སུས་ཀྱང་དེ་བཤད་ཀྱི་མེད། འགྲིག་སོང་ངམ།


དྲི་བ་གཉིས་པ། གཞི་རྩ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་ན་བདེ་བའི་ངོས་འཛིན་ཇི་ལྟར་བྱེད་དགོས་པ་དང་། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེའི་སྐོར་གསུངས་རོགས།

ྋགོང་ས་མཆོག་གིས། བདེ་བ་དང་སྡུག་བསྔལ་ཟེར་བ་དེ་ལ། ལུས་ཚོར་གྱི་བདེ་བ་དང་སྡུག་བསྔལ། སེམས་ཚོར་གྱི་བདེ་བ་དང་སྡུག་བསྔལ་ཞེས་གཉིས་ཡོད། ལུས་ཚོར་གྱི་བདེ་བ་དང་སྡུག་བསྔལ་ཟེར་བ་དེ་དུད་འགྲོ་དང་གཅིག་པ་རེད། དུད་འགྲོ་ཚོ་ལའང་དེ་མཚུངས་ཡོད། གཙོ་བོ་སྒོ་ལྔའི་ཤེས་པ་དང་འབྲེལ་བའི་བདེ་སྡུག་ཡིན། དཔེར་ན་ལུས་ཀྱི་སྡུག་བསྔལ་ཆ་བཞག་ན་ལུས་ཤེས་དེ་རེད། བསམ་བློའི་ཐོག་ནས་སེམས་ཁྲལ་ཞེ་དྲགས་བྱེད་པ་དང་། བསམ་བློའི་ཐོག་ནས་ཡིད་ཚིམ་པ་དང་དགའ་པོ་ཞེ་དྲགས་ཡོད་པ་དེ་ཡིད་བློའི་སྒང་ནས་བདེ་བ་དང་སྡུག་བསྔལ་གཅིག་འདུག་ག དེ་གཉིས་ཁག་ཁག་རེད། དཔེར་ན་ལུས་ལ་ནད་ན་ཚའི་སྡུག་བསྔལ་ཞེ་དྲགས་ཡོད་པ་ཡིན་ནའང་སེམས་ཞི་བདེ་བག་ཕེབས་དང་ནད་ན་ཚ་བྱུང་བ་འདི་ཕན་ཐོགས་ཡོང་བསྡད་པ་འདྲ་བོ་དཔེར་ན། ང་རང་ཚོ་ཆོས་པ་ཞིག་ངོས་ནས།  སྐྱིད་ན་བདེ་བ་ཚོགས་བཟུང་ངོ་།། ཕན་བདེ་ནམ་མཁའ་གང་བར་ཤོག། སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར།། སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག། ལུས་ལ་སྡུག་བསྔལ་ཡོད་པ་ཡིན་ནའང་། བསམ་བློའི་ནང་ནས་སྡུག་བསྔལ་དེ་གོ་ཆོད་སོང་སྙམ་པའི་བསམ་བློ་ཞིག་ཡོད་པ་ཡིན་ན། ལུས་ལ་སྡུག་བསྔལ་ཡོད་ཀྱང་སེམས་ལ་སྡུག་བསྔལ་མིན་འདུག་ག ཤེས་སོང་ངམ། མི་འབྱོར་ལྡན་ཕྱི་རོལ་གྱི་དངོས་པོ་ལེགས་པོ་ཡོད་པ། ལྟོ་གོས་གཏམ་གང་ཅི་ཐད་ནས་ཞེ་དྲགས་ཡག་པོ་ཡོད་པའི་མི་དེ་སེམས་མ་སྐྱིད་པར་བསྡད་མཁན་མཐོང་རྒྱུ་འདུག་ག ལུས་ལ་སྡུག་བསྔལ་མེད་ཀྱང་སེམས་ལ་སྡུག་བསྔལ་འདུག་ག བྱས་ཙང་། ཡིད་བློ་ལ་བརྟེན་པའི་བདེ་སྡུག་གཅིག་དང་། སྒོ་ལྔའི་ཤེས་པ་དང་གཙོ་བོ་ལུས་ལ་འབྲེལ་བའི་བདེ་སྡུག་གཅིག བདེ་སྡུག་དེ་གཉིས་ཀྱི་ནང་ནས་ལུས་པོའི་སྡུག་བསྔལ་དེ་སེམས་ཀྱི་བདེ་བས་ཟིལ་གྱིས་གནོན་ཐུབ་པ་ཡིན། སེམས་ཀྱི་སྡུག་བསྔལ་དེ་ལུས་ཀྱི་བདེ་བས་ཟིལ་གྱིས་གནོན་མི་ཐུབ། གོ་སོང་ངམ། 

དེ་ནས་འཁོར་བའི་སྡུག་བསྔལ་ཟེར་བ་དེ། གཙོ་བོ་གཏན་དུ་བདེ་བ་དེ་དམིགས་ཡུལ་དུ་བཞག་ནས། ཇི་སྲིད་ང་རང་ཚོའི་སེམས་དེ་ཉོན་མོངས་པའི་གཞན་དབང་དུ་ཡོད་པ་དེ་སྲིད་དུ་གཏན་དུ་བདེ་བ་ཡོང་བ་མེད། སྡུག་བསྔལ་གྱི་རྩ་བ་དེ་ཆགས་སྡང་གིས་བྱེད་ཀྱི་ཡོད། ཆགས་སྡང་ཤུགས་ཆེ་ཆུང་གིས་ཕྲན་བུ་ཕྲན་བུ་ཁྱད་པར་ཡོད་པ་མ་གཏོགས་རྩ་བ་ཆགས་སྡང་ཡོད་ཕྱིན་ཆད་ལ་གཏན་དུ་བདེ་བ་ཡོང་ཐུབ་པ་མེད། ཆགས་སྡང་གི་རྩ་བ་དེ་བདག་ཏུ་འཛིན་པའི་བདེན་འཛིན་ལ་ཐུག་པ་ཡིན། དེ་སངས་རྒྱས་པའི་ཆོས་ཡིན། སྤྱིར་ལུས་ཀྱི་བདེ་སྡུག་དང་སེམས་ལ་བརྟེན་པའི་བདེ་སྡུག་དེ་ཆོས་ལུགས་ཚང་མས་ཁས་བླངས་ཡོད། དཔེར་ན། དཀོན་མཆོག God, Allah ལ་རྩེ་གཅིག་ཏུ་ཡིད་ཆེས་བྱེད་པ་ཡིན་ན། ལུས་ལ་ན་ཚ་ཡོད་པ་ཡིན་ནའང་ཨལྷྰ་མཁྱེན། གོཌ་མཁྱེན་བསམ་པ་འདྲ་བོ་དད་པ་རྩེ་གཅིག་པ་ཡོད་ན་ལུས་ཀྱི་སྡུག་བསྔལ་ཟིལ་གྱིས་གནོན་ཐུབ་པ་འདུག་ག དེ་བཞིན་དུ། ལུས་ཀྱི་སྡུག་བསྔལ་དང་བཀྲ་མི་ཤིས་པ་བྱུང་བའི་སྐབས་དེ་དཀོན་མཆོག་གིས་བཟོས་པ་རེད། ཁ་ཆེ་ཡིན་ན་དེ་ཨལྷྰ་ཡིས་བཀོད་པ་རེད་དྲན་པ་ཡིན་ན་སེམས་ཀྱི་དངངས་སྐྲག་ཆེན་པོ་ཡོད་པ་དེ་ཆུང་དུ་འགྲོ་གི་འདུག་ག དེ་ཆོས་ལུགས་ཚང་མས་གསུངས་པ་ཤིག་རེད། སྡུག་བསྔལ་གྱི་རྩ་བ་བདེན་འཛིན་གྱིས་བྱེད་ཀྱི་ཡོད་རེད་ཟེར་བ་དེ་སངས་རྒྱས་པའི་ཆོས་རྐྱང་རྐྱང་རེད། ད་ལྟ་ང་ཚོས་སྡུག་བསྔལ་གྱི་སྡུག་བསྔལ་བཤད་ཀྱི་ཡོད་རེད། ཟག་བཅས་ཀྱི་ཚོར་བ་བདེ་བ། ང་རང་ཚོར་ནམ་རྒྱུན་རྒྱུ་ནོར་ཡོད་པ་དེར་མི་ཚོས་དེ་འདྲའི་སྐྱིད་མདོག་ལ་བསམ་པ་དེ་ཡིན་རྒྱུ་འགྱུར་བའི་སྡུག་བསྔལ་ཏེ་སྡུག་བསྔལ་གྱི་རིགས་གཅིག་ཡིན། དེ་ང་ཚོས་ནམ་རྒྱུན་ཤེས་ཀྱི་མེད། སྡུག་བསྔལ་གྱི་སྡུག་བསྔལ་དུད་འགྲོས་ཀྱང་ཤེས་ཀྱི་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་ལས་ཐར་འདོད་དུད་འགྲོ་ལའང་ཡོད། འགྱུར་བའི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པ་མི་མ་གཏོགས་གཞན་དག་གི་ཤེས་ཀྱི་མ་རེད། འགྱུར་བའི་སྡུག་བསྔལ་དེ་སྡུག་བསྔལ་དུ་ཤེས་ནས་སྡུག་བསྔལ་དེ་ལས་ཐར་འདོད་བྲམ་ཟེ་མུ་སྟེགས་པ་ཚོ་ལའང་ཡོད། ཏིང་ངེ་འཛིན་ཉམས་ལེན་བྱེད་མཁན། དེ་བཞིན་དུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་མཁན་ཚོས་འགྱུར་བའི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ། ཞེས་གསུངས་པ་འདིའི་ནང་དུ་འདུ་བྱེད་ཀྱི་སྡུག་བསྔལ་དེ་གསུངས་ཡོད། དེ་དག་ལ་སློབ་སྦྱོང་བྱེད་ན་མ་གཏོགས་ལམ་སང་ཤེས་ཀྱི་མ་རེད།


དྲི་བ་གསུམ་པ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚེ་སྲིང་བ་དེ་ཡོད་མ་རེད། སྤྱིར་རང་བཞིན་གྱི་ཚེ་ཚད་དེ་ལ་བར་ཆད་ཡོང་བ་ལྡོག་པ་མ་གཏོགས་ཚེ་སྲིང་ཞེས་པ་དེ་མེད་པ་གསུངས་འདུག འོན་ཀྱང་དཔལ་མགོན་ཀླུ་སྒྲུབ་ལྟ་བུ་ཡིན་ན། ཁོང་རང་གི་ཐོག་མའི་ཚེ་ཚད་བདུན་ཕྲག་གཅིག་ཡིན་པ་ནས་སྲིང་བ་དེ་ཇི་ལྟར་ཡིན། འདི་གཉིས་ནང་འགལ་ཆགས་པ་ལྟ་བུ་འདུག

ྋགོང་ས་མཆོག་གིས། འདི་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དགོངས་པ་གང་དུ་བཞེས་པ་ཡིན་ན། ཆོས་པ་གཅིག་པོའི་སྐད་ཆ་བཤད་དགོས་མ་རེད། སྤྱིར་བཏང་ནས་མིའི་ཚེ་ཡ་སོ་མ་རྒས་པ་བྱས་ནས་ཚེ་ལོ་དྲུག་ཅུ་ཟེར་བ་ལྟ་བུ། ནམ་རྒྱུན་བཅོམ་ལྡན་འདས་ཕེབས་པའི་སྐབས་ཚེ་ལོ་བརྒྱ་པ་བཤད་ཀྱི་ཡོད། སྤྱིར་བཏང་ནས་ཚེ་ཚད་ཅིག་ཡོད། ཡིན་ནའང་སྤྱི་ཚོགས་ཀྱི་གནས་སྟངས། ལུས་པོའི་འཕྲོད་བསྟེན་ཐོག་ནས་ཚེ་རིང་པོ་སྡོད་ཡག་འདུག་ག དེའི་མཚོན་ནས་མཐུན་རྐྱེན་འཛོམས་ན་ཚེ་རིང་དུ་འགྲོ་ཡག་ཏན་ཏན་ཡོད་རེད། ངས་འདི་ཡོད་རེད་བསམ་གྱི་འདུག དེ་བཞིན་དུ་ལུས་སེམས་གཉིས་འབྲེལ་བ་ཆེན་པོ་ཡོད་དུས་སེམས་ཀྱི་ཞི་བདེ་ཤུགས་ཆེན་པོ་ཡོད་པ་བྱས། དེ་འདྲའི་ཐོག་ནས་ཚེ་སྲིང་བ་ཕལ་ཆེར་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག ང་ཚོས་ཚེ་སྒྲུབ་ཟེར་བ་དེ་དང་འབྲེལ་བ་འདུག་ག དེ་ནས་རྩ་རླུང་གི་ཉམས་ལེན་ཡོད་པ་ཡིན་ན། རླུང་འགྲོ་གསུམ་གྱི་འདོར་འདས་བྱས་པ་དང་། རླུང་བུམ་ཅན་བཟུང་བའི་ཐོག་ནས་ཚེ་སྲིང་བའི་ཐབས་ཤེས་ཤིག་ཡོད་པ་རེད། སྔོན་ལ་རྩ་རླུང་གི་ཉམས་ལེན་ཕྲན་བུ་མེད་ན་དེ་བྱེད་ཐུབ་པ་ཁག་པོ་རེད། ཕྲན་བུ་ཡོད་པ་ཡིན་ན་དེའི་ཐོག་ནས་ཚེ་འཕེལ་ཐུབ་པ་ཡོད་པ་རེད།


དྲི་བ་བཞི་པ། སྤྱི་ཚོགས་ནང་ནད་པ་ལ་དངོས་སུ་བལྟ་དགོས་དུས། ལུས་ཙམ་མ་ཟད་སེམས་ལ་དཀའ་ངལ་ཡོད་པའི་ནད་པ་དང་དངོས་སུ་ཐུག་སྐབས་དེང་དུས་ནད་པའི་སེམས་ཁམས་དང་བསྟུན་ནས་སློབ་གསོ་ཇི་ལྟར་བྱེད་དགོས་སམ། དེའི་ཐོག་བཀའ་སློབ་ལམ་སྟོན་གནང་རོགས།

ྋགོང་ས་མཆོག་གིས། ནད་དང་ན་ཚས་གདུང་བ་ཞིག་ལ་དངོས་གནས་དྲང་གནས་ཀྱི་སྨན་བཅོས་དང་ནད་དྲག་ཐབས་ཀྱི་ཐབས་ཤེས་བྱེད་པ་དེ་ཚེ་སྲོག་གསར་པ་སྦྱིན་པ་ལྟ་བུ་ཞིག་རེད། སྨན་ཁང་དུ་ཡོང་མཁན་ནང་སྐྱིད་པོ་གཏོང་སྙིང་འདོད་ནས་སྨན་ཁང་དུ་སླེབས་པ་སུ་གཅིག་ཀྱང་མེད། འུ་ཐུག་ཐབས་ཟད་ནས་སྨན་ཁང་ནང་ཡོང་གི་ཡོད། དེ་འདྲའི་དཀའ་ངལ་འཕྲད་སྐབས་རེ་བ་ཞིག་རྒྱག་ནས་སྨན་ཁང་ནང་ཡོང་དུས། དེ་ལ་ལྟ་རྟོག་བྱེད་པ་དེ་ཆོས་ཁས་བླངས་པ་ཡིན་ན་ནི་ཆོས་ལྡན་གྱི་བྱ་བ་ཞེ་དྲགས་ཀྱི་རླབས་ཆེན་པོ་རེད། སངས་རྒྱས་པའི་ཆོས་ནས་བཤད་པ་ཡིན་ན། སྨན་སྦྱིན་བྱེད་པ་དེ་སྦྱིན་པའི་ནང་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། གང་ལྟར་མི་ལ་ནད་ན་ཚའི་སྡུག་བསྔལ་ལས་སྐྱོབ་པའི་བྱ་བ་དེ་ཞེ་དྲགས་ཀྱི་རྩ་ཆེན་པོ་རེད། དེ་དང་ཆབས་ཅིག་ནད་པ་དེ་སེམས་ལྡན་རེད། machine(འཁྲུལ་འཁོར་)ཞིག་སྐྱོན་ཤོར་བ་བཟོ་བཅོས་རྒྱག་པ་མ་རེད། དེ་སྲོག་དང་ལྡན་པ་ཡིན་དུས་ནད་པའི་བསམ་བློའི་ཁྱད་པར་ཞེ་དྲགས་ཡོད། ཨེམ་ཆིས་ machine ཞིག་བཟོ་གི་ཡོད་པ་ལྟ་བུ་མིན་པར་ནད་པ་དེ་ལ་བརྩེ་བའི་བློ་ཞིག་དང་ཕན་བདེ་སྒྲུབ་པའི་བློ་ཡོད་པའི་ཐོག་ནས་ནད་པར་རྣམ་འགྱུར་སྟོན་སྟངས་དང་། ནད་པ་དེ་ལ་སྒོ་གང་ས་ནས་སྡུག་བསྔལ་དེ་ལས་སྐྱོབ་སྙམ་པའི་ཕན་སེམས་ཡག་པོའི་ཐོག་ནས་སྨན་བཅོས་བྱེད་པ་ཡིན་ན་ནད་པ་ཁོང་རང་གི་བསམ་བློའི་ནང་ཨེམ་ཆི་འདི་དངོས་གནས་དྲང་གནས་ང་ལ་ཤ་ཚ་འདུག ང་ལ་བརྩེ་བ་འདུག ཨེམ་ཆི་འདིས་ངའི་སྲོག་སྐྱོབ་ཀྱི་རེད། དེ་འདྲ་དྲན་ཐུབ་པ་ཞིག་དགོས་རེད། དེ་བྱུང་བ་ཡིན་ན། ནད་པ་དེའི་བསམ་པའི་ནང་དུ་ངའི་ན་ཚ་ཏན་ཏན་དྲག་གི་རེད་བསམ་ནས་སྤོབས་པ་སླེབས་ཀྱི་རེད། ཡང་། སྨན་ཁང་ནང་སླེབས་ནས་ཨེམ་ཆི་འདི་ལ་ཞེ་དྲགས་ཀྱི་ཐུགས་སྣང་མིན་འདུག་བསམ། གང་འཚམས་ནས་ང་དྲག་ཨ་ཡོང་བསམ་པ་དྲན་གྱིས་རེད་པ། ཤེས་སོང་ངམ། དཔེར་ན་ངའི་ཉམས་མྱོང་ནས། སྨན་ཁང་ནང་ཕྱིན་སྐབས་སྨན་པ་ལ་མིའི་ཚོར་བ་ཡོད་པ་བྱས་ནས་ལྟ་དུས་འདིས་ཡག་པ་ཞིག་བྱེད་ཀྱི་རེད་དྲན་གྱི་འདུག ཨེམ་ཆི་གད་མོ་མི་དགོས་མཁན་གདོང་ཡང་ནག་པོ་ལྟ་བུ་སྟོན། དེ་ནས་ཅུང་ཟད་གདུག་རྩུབ་ལྟ་བུ་བྱས་པ་ཡིན་ན་ཨེམ་ཆི་འདི་ང་ལ་ཚོད་ལྟ་བྱེད་ཀྱི་མིན་འགྲོ་སྙམ་པ་དྲན་གྱི་འདུག དེ་རིང་སང་ཡོང་སྲིད་པ་ཞིག་ཀྱང་ཡིན། དེ་ནས་སྡུག་ས་ནས་བཤད་པ་ཡིན་ན། ནད་པ་སྐྱབས་མེད་མགོན་མེད་ཚོ་གང་འཚམས་ཤིག་ནས་གང་མགྱོགས་མེད་པ་བཟོས་ནས་ནད་པ་དེའི་གློ་མཆིན་སྙིང་ཕྱིར་བཏོན་ནས་ཚོང་མཁན་འདུག་ག དེ་འདྲ་བྱས་པ་ཡིན་ན། སྨན་ཁང་ཟེར་བ་དེ་བཤས་ཁང་ཆགས་པ་རེད། བྱས་ཙང་། མིའི་བསམ་བློ་དེ་གཞན་ཕན་དང་། བརྩེ་བའི་བསམ་པ། སྙིང་རྗེའི་བསམ་པ་ཟེར་བ་དེ་ཞེ་དྲགས་གལ་ཆེན་པོ་རེད། སྨན་སྦྱིན་དེ་ཕན་པའི་བྱ་བ་རྩ་ཆེན་པོ་ཞེ་དྲགས་རེད། ཆབས་ཅིག་ཏུ་ནད་པ་ལ་ལྷག་པར་དུ་སྙིང་བརྩེ་བ་དེའང་ཞེ་དྲགས་ཀྱི་གལ་ཆེན་པོ་རེད། འདི་ང་ཚོ་བོད་ལ་བཤད་སྲོལ་ཡོད་རེད། སྔ་མོ་ང་ཆུང་དུས་སྐབས་དེ་འདྲ་བཤད་མཁན་ཡོད། ཨེམ་ཆི་ཅིག་ཅིག་མཁས་པ་ཞེ་དྲགས་རེད་ཡིན་ནའང་ཐུགས་སེམས་དེ་བཟང་པོ་རང་ཡོད་མ་རེད། ཨེམ་ཆི་ཅིག་ཅིག་མཁས་པ་དེ་ཙམ་ཡོད་མ་རེད་དེ་ཡིན་ནའང་ཐུགས་སེམས་བཟང་པོ་ཞེ་དྲགས་ཡོད་རེད། དེ་འདྲ་ཡིན་དུས། དེའི་སྨན་དེ་ཕན་ཆེ་འདུག་བཤད་ཀྱི་འདུག འདི་ཁྱད་པར་ཏན་ཏན་ཡོད་རེད།


དྲི་བ་ལྔ་པ། ངའི་པ་ལགས་གྲོང་སོང་། དེ་འདྲའི་དཀའ་ངལ་གྱི་གདོང་ལེན་བྱེད་སྟངས་སྐོར་གསུངས་རོགས།

ྋགོང་ས་མཆོག་གིས། ང་རང་ལ་ཆ་བཞག་ན། པ་ལགས་གྲོང་སོང་། ཨ་མ་ལགས་གྲོང་སོང་། ཅོ་ཅོ་རྒན་པ་གྲོང་སོང་། ཨ་ཅག་ལགས་གྲོང་སོང་། ད་འདི་ཆོས་ཉིད་མ་རེད་པས། ལོ་ཡར་རྒད་པོ་རྒད་མོ་ཆགས་ཡོང་དུས་ཤི་རྒྱུ་རེད་མ་གཏོགས་འདི་ཡ་མཚན་སྐྱེས་ཡག་ཅིག་དང་མི་སྲིད་པ་ཞིག་བྱུང་བ་ལྟ་བུ་གང་ཡང་མིན། སྤྱོད་འཇུག་ནང་གསུངས་པ་དེ་རེད། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་བྱ་ཅི་དགོས།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། པ་ལགས་གྲོང་ཚར་བ་དེ་ལ་ད་སེམས་ཁྲལ་ཞེ་དྲགས་བྱེད་ན་ཕན་ཐོགས་གང་ཡང་མིན་འདུག་ག དེ་བཅོས་སུ་མེད་པ་རེད། བྱུང་ཟིན་པ་རེད། སོ་སོར་ཕ་དང་བུའི་འབྲེལ་བ་ཡོད་དུས་ཕའི་ཆེད་དུ་དམིགས་ནས་བུས་དགེ་རྩ་སྒྲུབ་པ་དང་། སྐབས་སུ་བབ་པ་དཔེར་ན་ངའི་ཨ་མ་ལགས་སྐུ་གཤེགས་པའི་ཁ་ཐུག་ལ་མ་ཎི་ཡིག་དྲུག་གསོག་གིན་ཡོད། དེ་བཞིན་དུ་མི་འཁྲུགས་པའི་གཟུངས་བགྲང་གི་ཡོད། ཁྱེད་རང་ཆ་བཞག་ན། པ་ལགས་འདས་པོའི་ཆེད་དུ་དམིགས་ནས་མཎི་བགྲང་གི་ཡིན་ན་དེས་ཕན་གྱི་རེད། སོ་སོའི་སེམས་ནང་བློ་བདེ་བ་ཡོང་གི་རེད།


དྲི་བ་དྲུག་པ་སྟེ་མཐའ་མ། འདིར་ང་ཚོ་མང་པོ་ཞིག་སྨན་པ་དང་། སེམས་ཁམས་རིག་པ་བ་དང་། སྨན་པ་གཞན་ཡང་ཡོད། ང་ཚོའི་ཆེད་ལས་ཀྱི་མི་ཚེའི་ནང་དུ་སོ་སོ་རང་ཉིད་ཀྱིས་སྙིང་རྗེ་དང་སེམས་མཉམ་བཞག་དེ་ཉར་འཚག་ཇི་ལྟར་བྱེད་དགོས་པའི་སྐོར་བསླབ་བྱ་ཞིག་གནང་རོགས།

ྋགོང་ས་མཆོག་གིས། ངའི་བསམ་པར་སྙིང་རྗེ་དང་ལྡན་པའི་ལས་ཀ་བྱེད་པར་ཐོག་མར་དེ་སྙིང་རྗེ་ནི་འཕྲུལ་འཁོར་ལྟ་བུ་ཡིན། དེ་ནི་ནུས་ཤུགས་ཀྱི་འབྱུང་ཁུངས་ཡིན། དེ་སོང་ཙང་དང་པོ་དེ་ཁྱེད་རང་ལ་ཆ་རྐྱེན་འདི་ཚོ་ལྡན་དགོས། དེ་ནས་མི་གཞན་དང་མཉམ་དུ་བགོ་བཤའ་བྱེད་དགོས། དེས་རང་ཤུགས་ཀྱི་གང་ཟག་གང་ཞིག་སྙིང་རྗེ་དང་ལྡན་པའི་ལམ་ནས་གཞན་ལ་ཞབས་འདེགས་བྱེད་རྒྱུའི་འདུན་སེམས་ཡོད་པ་དང་། གཞན་ལ་བཤུ་བཞོག་བྱེད་འདོད་མེད་པ། ཁེ་ཕན་ལེན་འདོད་མེད་པ། ལྷག་བསམ་རྣམ་དག་གིས་མི་གཞན་ལ་ཕན་ཐོགས་བྱེད་འདོད་ཡོད་ན། དེའི་སླད་དུ་དང་པོ་དེ་སོ་སོ་རང་ཉིད་ནས་སྙིང་རྗེའི་སེམས་གོང་འཕེལ་གཏོང་དགོས་པ་རེད། དེ་ཡོང་བར་སྨོན་ལམ་བརྒྱབ་པ་མ་ཡིན་པར་དཔྱད་སྒོམ་གྱི་ལམ་ནས་ཡིན། དེ་ནི་དཔྱད་ཞིབ་བྱེད་དགོས་པའི་དོན་ཡིན། དཔྱད་ཞིབ་བྱེད་སྟངས་ནི། གལ་ཏེ་ཁྱེད་ལ་སྙིང་རྗེའི་སེམས་ཡོད་ན་དགེ་ཕན་གང་འདུག་གམ། གལ་ཏེ་ཁྱེད་ལ་ཁོང་ཁྲོ། དོགས་པ། ཞེ་སྡང་། འཇིགས་སྣང་ཡོད་ན་ཁེ་ཕན་གང་ཡོད། ནང་གི་རིན་ཐང་དེ་ཚོའི་ཐོག་ལ་དཔྱད་ཞིབ་བྱས་ན་ངེས་པ་བརྙེས་པ་ཡོང་གི་རེད།

ངེས་པ་ཇི་ཙམ་མང་བ་དེ་ཚོད་ཀྱི་སྤྲོ་སེམས་སྐྱེས་ཀྱི་རེད། སྤྲོ་སེམས་དང་མཉམ་དུ་ཁྱེད་ལ་གོམས་འདྲིས་ཞིག་ཡོང་གི་རེད། སོང་ཙང་། སེམས་ཚོར་དེ་ཚོ་དང་། སེམས་བྱུང་མ་འདྲ་བ། རྣམ་རྟོག་མ་འདྲ་བ་དེ་ཚོ་དང་ཇི་ཙམ་གྱི་གོམས་འདྲིས་མང་ན་དེ་ཚོད་ཀྱི་ངེས་ཤེས་སྐྱེས་ཀྱི་རེད། སེམས་ཀྱི་འགྱུར་བ་ཟེར་བ་དེ་གློག་སྤོར་བ་དང་གསོད་པའི་བྱ་བ་ལྟ་བུ་མ་རེད། དེའི་ཆ་རྐྱེན་ལྟེ་བ་དེ་དུས་ཚོད་ཡིན། ང་རང་ལ་དཔེ་བཞག་ན། ད་ལྟ་ང་ལོ་བདུན་ཅུ་དོན་དགུ་བརྒལ་ནས་བརྒྱད་ཅུའི་མཚམས་ལ་སླེབས་ཡོད། གོང་དུ་ཞུས་པའི་ཉམས་ལེན་དེ་ཚོ་ལ། ནམ་རྒྱུན་ང་ཞོགས་པ་ཆུ་ཚོད་གསུམ་པའི་ཐོག་ཡར་ལངས་ཀྱི་ཡོད། དེ་ནས་ཕྱག་ཚོད་ལྔ་ཙམ་གྱི་རིང་སྒོམ་སྒྲུབ་དང་ཞལ་འདོན་བྱེད་ཀྱི་ཡོད། སྒོམ་ལ་ཕལ་ཆེ་བ་དཔྱད་སྒོམ་བྱེད་ཀྱི་ཡོད། དཔྱད་ཞིབ་བྱེད་པ་དང་དཔེ་ཆ་འདྲ་མིན་མང་པོ་ཀློག་གི་ཡོད། དཔེ་ཆ་ཀློག་པའི་སྐབས་ཀྱང་དཔྱད་ཞིབ་བྱེད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད། ངའི་རྗེས་འཇུག་ཚོས་ངས་བསྟན་པའི་ཆོས་ལ་ཡིད་ཆེས་དང་དད་གུས་ཁོ་ནས་ཁས་ལེན་རྒྱུ་མེད། དེ་ལ་ཞིབ་འཇུག་དང་རྟོག་ཞིབ་དང་བརྟག་དཔྱད་བྱེད་དགོས་པ་གསུངས་ཡོད། ང་རང་ཡང་སློབ་དཔོན་ཀླུ་སྒྲུབ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ཞི་བ་ལྷ་བཞིན་དུ་བྱེད་ཀྱི་ཡོད། ངས་ཁོང་ཚོར་ནྰལེན་དྲའི་སློབ་དཔོན་ཟེར་གྱི་ཡོད། ཁོང་རྣམ་པས་སངས་རྒྱས་ཀྱི་བཀའ་ལའང་བརྟག་དཔྱད་གནང་ཡོད། ནམ་ཞིག་བཀའ་ལ་འགལ་ཟླ་ཡོད་པ་མཇལ་སྐབས་རྒྱུ་མཚན་བསམ་བློ་བཏང་ནས་ཁས་མི་ལེན་པ་ཡིན།

བརྟག་དཔྱད་བྱེད་པ་དེ་ལ་ནང་པ་སངས་རྒྱས་པའི་ཐབས་ལམ་ལ་ཆ་བཞག་ན་དཔྱད་སྒོམ་དེ་གལ་ཆེན་པོ་ཞེ་དྲགས་ཡིན། དེ་ལྟར་བྱས་ཐུབ་ན་ངེས་པ་བརྟན་པོ་བརྙེས་ཀྱི་རེད། ངེས་པ་བརྙེས་པ་དེས་རིམ་པས་ཁྱོད་རང་གི་སེམས་ཀྱི་གནས་སྐབས་དེ་འགྱུར་བ་གཏོང་ཐུབ། ལམ་དེ་ཉིད་ནས་སེམས་ཀྱི་ཞི་བདེ་ངོ་མ་དེ་སླེབས་ཀྱི་རེད། ནམ་ཞིག་ཁྱེད་ཀྱི་གཞི་རྐང་གི་སེམས་ལ་བརྟན་པ་བརྙེས་པའི་རྗེས་ཡིད་སྐྱོའི་གནས་སྟངས་གང་འདྲ་འཕྲད་ཀྱང་ཁྱེད་ཀྱིས་དེ་ཡིད་སྐྱོའི་གནས་ཚུལ་དུ་ཁས་ལེན་ནས་དེ་ལས་ཐར་དགོས་པ་མཐོང་བ་དང་དུས་མཉམ་དུ་ཁྱེད་ཀྱི་སེམས་ཀྱི་ཞི་བདེ་དེ་ཡང་ཉར་ཐུབ་པ་ཡིན། གསལ་པོ་བྱུང་སོང་ཨང་། ཐུགས་རྗེ་ཆེ།


 

            ང་རང་ཚོ་བོད་རིགས་ཚོར་ཆ་བཞག་ན། ད་ལྟ་ངས་བཤད་པ་དེ་ཕྱེད་ཀ་མི་མང་པོ་ཐུག་ནས་ཉམས་མྱོང་བསགས་ཡོད་རེད། ཕྱེད་ཀ་གསུང་རབ་ཚོའི་ནང་ནས་ང་ཚོ་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་དེ་ཚོའི་ནང་ཡོད་པ་དེ་ལ་སློབ་སྦྱོང་བྱས། བསམ་བློ་བཏང་། དེ་འདྲ་བྱས་ནས་ཕན་ཐོགས་ཡོད་པ་ཡོང་གི་འདུག དེ་འདྲ་སློབ་སྦྱོང་བྱེད་རྒྱུའི་ཡི་གེ་དེ་བོད་ཡིག་ནང་འདུག་མ་གཏོགས་ཨིན་ཡིག་བསླབ་དགོས་ཀྱི་མིན་འདུག རྒྱ་ཡིག་བསླབ་དགོས་ཀྱི་མིན་འདུག དེང་རབས་ཧིན་སྐད་བསླབ་དགོས་ཀྱི་མིན་འདུག ལེགས་སྦྱར་སྐད་དེ་འབྲེལ་བ་ཅུང་ཡོང་གི་ཡོད། དེ་ང་ཚོ་བོད་མི་རིགས་ཀྱི་དངོས་གནས་དྲང་གནས་ཀྱི་གཟི་བརྗིད་རེད། དེ་རིང་སང་ངས་ཡོངས་གྲགས་བྱས་ནས་བཤད་ཀྱི་ཡོད། འདི་ངས་བོད་པ་ཚོར་བཤད་ཀྱི་ཡོད།


བོད་ཀྱི་རིག་གཞུང་དང་ནང་པ་སངས་རྒྱས་པའི་ཤེས་རིག་དེ་བེད་སྤྱོད་ཆེན་པོ་ཡོད། འདི་ཆེས་རྙིང་པ་ཙམ་མ་ཡིན་པར་ད་ལྟའི་འཛམ་གླིང་ནང་དུ་དགོས་མཁོ་ཡོད་པ་ཞིག་ཡིན། ཤེས་རིག་དེ་ཚོ་ང་རང་ཚོའི་བོད་སྐད་ནང་དུ་ཡོད། དེ་འདྲ་སོང་ཙང་། བོད་པ་ཚོས་བོད་སྐད་འདི་བརྗོད་བྱ་འདིའི་ཚོའི་ཐོག་ལ་བེད་སྤྱོད་ཡོད་པ་དང་གལ་ཆེན་པོ་ཡིན་པ་ཤེས་པར་བྱེད་དགོས་ཀྱི་འདུག ད་ལྟའི་སྐབས་རྩ་བའི་ཆོས་ཁས་མི་ལེན་མཁན་གྱི་ཚན་རིག་པ་ཚོས་ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ་དང་ནང་པའི་ལྟ་གྲུབ་ངེས་ཅན་ཐོག་ལ་དོ་སྣང་ཞེ་དྲགས་བྱེད་ཀྱི་འདུག དམིགས་བསལ་གྱི་ Quantum physics ཐོག་སྦྱོང་ཁྲིད་བྱེད་མཁན་གྱི་དངོས་ཁམས་རིག་པའི་མཁས་པ་དེ་ཚོ་རེད། དེ་དང་ནང་པའི་སྟོང་པ་ཉིད་ཀྱི་ལྟ་སྒྲུབ་དེ་འདྲ་བོ་ཞེ་དྲགས་ཡོད། ཡུལ་གྱི་སྟེང་དུ་རང་ངོས་ནས་གྲུབ་མེད་ཟེར་བ་དེ་དབུ་མ་པའི་ལྟ་བའི་ཐོག་ནས་དེ་རང་བཤད་ཀྱི་ཡོད། དེ་འདྲ་སོང་ཙང་ཚན་རིག་པ་མང་པོས་དོ་སྣང་བྱེད་ཀྱི་འདུག ཚན་རིག་པ་དེ་ལ་སྐད་སྒྱུར་དགོས་ཀྱི་ཡོད། དཔེར་ན། དབྱིན་སྐད། ཇར་མན། ཕྷ་རན་སི། སྤེ་ནི་ཤི། ཧིནྡིའི་བཅས་ལ་སྐད་སྒྱུར་དགོས་ཀྱི་ཡོད་པ་རེད། བོད་པ་ཚོར་སྐད་སྒྱུར་དགོས་ཀྱི་མེད་པ། དེ་ཚོ་ཁྱེད་རང་ཚོས་ཤེས་པར་བྱེད་དགོས། ང་ཚོས་བཀའ་འགྱུར་བསྟན་འགྱུར་ཟེར་བ་དེ་རྩ་ཆེན་པོ་ཞིག་ལ་བརྩིས་ནས་མཆོད་གཤོམ་སྟེང་བཞག་ནས་སྐྱབས་སུ་མཆིས་ཟེར་བ་མ་ཡིན་པར། དེ་ཚོ་སློབ་ཚན་ཡིན་པ་རེད། ང་ཚོས་ཀློག་ནས་སློབ་སྦྱོང་བྱེད་དགོས་པ་རེད།


བཀའ་འགྱུར་བསྟན་འགྱུར་ཆོས་ཀློག་ཟེར་ནས་བཀའ་བསྟན་དག་ཚར་བྱེད་པ་དེ་འདྲ་མ་རེད། དེ་ཡག་པོ་བྱས་ནས་ཀློག ནམ་རྒྱུན་ང་ཚོ་ཆོས་ཀློག་ཟེར་དུས་དོན་དག་ལ་བསམ་བློ་གང་མ་བཏང་ནས། སྔ་མོ་ཨམ་ཆོས་ཤིག་བྱུང་བ་རེད། ཨམ་ཆོས་དེ་ཡི་གེ་ཡག་པོ་ཀློག་ཐུབ་ཀྱི་མེད་པ་རེད། ཡིན་ནའང་ཆོས་ཀློག་གི་ཡོད་པའི་རྣམ་པ་རེད། མགོ་ནས་མར་བོ་ལོ་བོ་ལོ་བོ་ལོ་ཀློག ཡར་ལའང་བོ་ལོ་བོ་ལོ་བོ་ལོ་ཀློག་བཞིན་ཡོད། གནས་མོ་དེས་མི་ཚོ་ཡིན་ན་མགོ་ནས་ཚུགས། དེ་ནས་ཡང་བསྐྱར་མགོ་གཞི་ནས་འཛུགས་ཀྱི་འདུག ཁྱེད་རང་ཡིན་ན་ཡར་ལའང་ཀློག་གི་འདུག་པ་དེ་གང་བྱེད་པ་རེད་ཟེར་བའི་ལན་དུ་ང་ཡར་འགྲོ་དུས་སྟོང་པ་འགྲོ་དགོས་རེད་པས་ལབ་པ་རེད།


ང་ཚོ་ཆོས་ཀློག་གི་ཡོད་ཟེར་ནས་བསམ་བློ་ཁྱོན་ནས་མ་བཏང་བ་དེ་ནོར་བ་རེད། བཀའ་འགྱུར་བསྟན་འགྱུར་ལ་ལོ་མང་པོ་བསམ་བློ་བཏང་སློབ་སྦྱོང་བྱེད་ཡག་ཅིག་རེད་འདུག དེ་དངོས་གནས་དྲང་གནས་བོད་པའི་གཅེས་ནོར་རེད། ང་ཚོ་བོད་པའི་གཟི་བརྗིད་རེད། དངོས་ཡོད་གནས་ཚུལ་ལ་དེ་རིང་ཁ་སང་ནང་ཆོས་སྤྱི་དང་། ལྷག་པར་དཔལ་ནྰ་ལེན་དྲའི་ཆོས་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ཆ་ཚང་བ་འགྲེལ་བཤད་རྒྱག་ཐུབ་པ་དེ་བོད་ཡིག་གཅིག་པོ་རེད་འདུག རྒྱ་ཡིག་མིན་འདུག་ག རྒྱ་ཡིག་ནང་མེད་པའི་སྐབས་ལ་ཉི་ཧོང་སྐད་དང་། Vietnamese སྐད་དང་། ཀོ་རི་ཡའི་སྐད་ནང་ལའང་མེད་པ་རེད། དེ་ཚོ་ཚང་མ་རྒྱ་ཡིག་དང་འབྲེལ་ནས་ཡོད། དེ་ནས་ Burma, Thailand དེ་ཚོ་གཙོ་བོ་པྰལིའི་གཞུང་མ་གཏོགས་རིགས་ལམ་གྲས་མིན་འདུག་ག ལྷག་པར་རིགས་ལམ་སྐོར་ཏེ། ཐལ། ཕྱིར། ཁྱབ་མ་ཁྱབ། མུ་གསུམ་མུ་བཞི། ཞེས་བཤད་པ་དེ་བོད་སྐད་གཅིག་པོ་མ་གཏོགས་མིན་འདུག་ག སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་ནྰ་ལན་དྲ་ནས་ཕེབས་པ་རེད། བོད་དུ་ཚད་མའི་གཞུང་གཙོ་ཆེ་ཚང་མ་ཡོད། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་མང་ཆེ་བ་བོད་ཡིག་ནང་ཡོད། རྒྱ་ཡིག་ནང་མིན་འདུག་ག དེ་ཡིན་དུས། ང་ཚོ་བོད་ཡིག་ནང་ཡོད་པ་དེ། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་འགྲེལ་བཤད་རྒྱག་དགོས་བྱུང་ན་ཡག་ཤོས་དེ་བོད་སྐད་རེད་བཞག བརྗོད་བྱ་དེའང་ཆ་ཚང་བ་ཡོད་པ་ཞིག་རེད། ད་ལྟ་བཤད་པ་བཞིན། ཚད་མའི་གཞུང་དེ་བོད་ཀྱི་ནང་བསྟན་དུ་ཚད་མའི་གཞུང་དེ་དར་སོ་ཆེན་པོ་ཡོད་རེད་མ་གཏོགས་འཛམ་བུ་གླིང་ཡུལ་གྲུ་སུ་གཅིག་ལས་ཚད་མའི་གཞུང་དར་སོ་མིན་འདུག་ག གཞན་དག་ཕར་བཞག་ནས། ང་ཚོ་བོད་སྐད་ནང་དུ་ཐལ་ཕྱིར་ཁྱབ་མ་ཁྱབ་ཟེར་བ་དེ་གོམས་ནས་ཡོད། དེ་རྒྱ་ཡིག་ནང་ལབ་ཐུབ་ཀྱི་མིན་འདུག་ག ད་གཞི་ནས་དེང་སང་གཅིག་བཟོ་གི་ཡོད་རེད། དེ་བཞིན་ཨིན་སྐད་ནང་དུའང་དེ་བས་མེད་པ་རེད།  བྱས་ཙང་། དེ་ང་རང་ཚོའི་ཕ་མེས་ཀྱི་གཅེས་ནོར་རེད། འདི་ཁྱེད་རང་གཞོན་པ་ཚོས་ངོ་ཤེས་པ་བྱེད་དགོས་རེད། ཤེས་སོང་ངམ།  གཞན་ང་རང་ཚོའི་གཞོན་སྐྱེས་མང་པོ་ཞིག་ཁྲ་ཁྲ་ཟིང་ཟིང་ད་གའི་སྒང་ལ་བསམ་བློ་འཁོར། ཡང་དེང་དུས་ཀྱི་ཤེས་ཡོན་རྐྱང་རྐྱང་ལ་བསམ་བློ་འཁོར། བོད་པའི་ཤེས་ཡོན་ལབ་དུས་རྗེས་ལུས་དང་དུས་ཚོད་ཡོལ་བའི་ཅ་ལག་ལྟ་བུ་མཐོང་བ་དེ་ནོར་འཁྲུལ་རེད། ཤེས་སོང་ངམ། ཁྱེད་རང་ཚོ་སྒེར་སོ་སོར་ཆ་བཞག་ན། ཚེ་མཇུག་དེ་ཁྱེད་རང་ཚོ་རྒད་པོ་རྒད་མོ་ཆགས་ནས་ཤི་དགོས་རེད། དེ་དུས་ཕན་ཐོགས་པ་དེ་ནང་པའི་གཞུང་ནས་གསུངས་པའི་དོན་དག་དེ་དག་གིས་རྒད་པོ་རྒད་མོ་ཆགས་ནས་འཆི་ཁའི་སྐབས་དེ་ཡིས་ཕན་གི་རེད། གཞན་དངུལ་ལམ་ཌོ་ལར་Dollar ཡོད་ནའང་ཕན་གི་མ་རེད། གསེར་གྱི་སོར་གདུབ་གྱོན་ནའང་ཕན་གི་མ་རེད། གསེར་གྱི་སྒྲོག་དུང་གྱོན་ནའང་ཕན་གི་མ་རེད། གཟི་ཞགས་གྱོན་ནའང་ཕན་གི་མ་རེད། དབྱིན་སྐད་ཞེ་དྲགས་ཡག་པོ་ཡོད་ནའང་དེ་དུས་ཕན་གི་མ་རེད། ཤེས་སོང་ངམ། དེ་ནས་སོ་སོའི་མི་ཚེ་བསྐྱེལ་ཡག་ལ་ཆ་བཞག་ན། བོད་པའི་ཤེས་ཡོན་གང་འཚམ་ཡོད་པ་ཡིན་ན། འཛམ་བུ་གླིང་འདིའི་སྒང་ལ་unique(དཀོན་པོ་)འདྲ་བོ་ཆགས་པ་དང་། དེང་སང་གི་ཤེས་ཡོན་རྐྱང་རྐྱང་ཐོག་ནས་བརྩི་བ་ཡིན་ན། འཛམ་བུ་གླིང་མི་དུང་ཕྱུར་བདུན་ཅུའི་ནང་དུ་དེང་སང་གི་ཤེས་ཡོན་ཐོག་ནས་འགྲོ་མཁན་ས་ཡ་བྱེ་བ་མང་པོ་ཡོད་རེད། ང་ཚོ་བོད་པས་དེ་ཙམ་གྱི་ངོ་སོ་ཐོན་པ་ཡོང་ཡག་མིན་འདུག་ག ཤེས་སོང་ངམ། དེ་འདྲ་ཡིན་དུས། ང་རང་ཚོའི་སངས་རྒྱས་པའི་ཆོས་དང་རིག་གཞུང་དེ་ཚོ་ཞེ་དྲགས་ཀྱི་གཏིང་ཟབ་པོ་རེད།


ད་སྨན་གྱི་སྐོར་ལ་ད་ལྟ་འདིར་ཡག་པོ་ཞེ་དྲགས་བྱུང་འདུག སྔ་མོ་དུས་རབས་བརྒྱད་པའི་ནང་བོད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ། རྒྱ་ནག་སྨན་གཞུང་མཁས་པ། རྒྱ་གར་གྱི་ཨྰཡུརྦེད་མཁས་པ། ཡུནྰནི་མཁས་པ། བོད་རང་ལ་ཡོད་པ་ཕལ་ཆེར་ཞང་ཞུང་མིན་འགྲོ་གསོ་བ་རིག་པའི་མཁས་པ་རུག་རུག་བྱས། དེ་འདྲའི་ཐོག་ནས་ཕྱོགས་བསྡོམས་བརྒྱབ་པ། ཕྱིས་སུ་བོད་ཀྱི་གསོ་བ་རིག་པ་དེ་ཕལ་ཆེར་ཉེ་འཁོར་གྱི་གསོ་བ་རིག་པ་ཚང་མ་ནས་ལེགས་ཆ་བཏུས་པའི་བཟོ་འདྲོ་བོ་ཕལ་ཆེར་འདུག་ག དེང་སང་ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་སྐབས་ང་ཚོ་འབྲེལ་བ་བྱེད་བདེ་པོ་ཞེ་དྲགས་ཡོད་རེད། དེ་འདྲ་ཡིན་དུས། དེ་རིང་འདིར་ཁྱེད་རང་ཚོ་ཚོགས་ཐུབ་པ་དེ་དཔེ་ཡག་པོ་རེད། གོ་སྐབས་དེ་འདྲ་ཡོད་དུས་ངེས་པར་དུ་ང་རང་ཚོའི་ནམ་རྒྱུན་འཆར་ཅན་འགྲོ་སྟངས་དེ་མ་ཕྱིན་པ་བྱས་ནས་སོ་སོའི་ངོས་ནས་ཉམས་མྱོང་གསོག་གིན། གཞན་དག་དང་གོ་བསྡུར་བྱས། རིག་པ་དང་ཉམས་མྱོང་གསར་པ་བླངས་ནས། ང་ཚོ་བོད་ཀྱི་གསོ་བ་རིག་པ་ད་བར་ཡོད་པ་དེ་ལ་ད་དུང་ཡར་རྒྱས་གཏོང་རྒྱུའི་བསམ་བློ་བཏང་དགོས་རེད། འཆར་ཅན་ཆུ་ཚོད་སྐོར་ར་རྒྱག་པ་བཞིན་ཟླ་བ་དང་ལོ་ཕྱིན་ཀྱང་ཁོ་རང་སྐོར་ར་རྒྱག་པ་ལྟ་བུ་མིན་པ་བྱས་དགོས། ཤེས་སོང་ངམ། ངས་གྲྭ་སའི་དཔེ་ཆ་ལྟ་མཁན་ཚོ་ལའང་བཤད་བསྡད་ཀྱི་ཡོད། འཆར་ཅན་ཆོས་གྲྭའི་ནང་བཤད་བསྡད་པ་དེ་གཅིག་པོ་མིན་པ་སོ་སོས་བསམ་བློ་བཏང་། དེར་སློབ་སྦྱོང་བྱས་པ་དེ་འཛམ་བུ་གླིང་གིས་ལྟ་དུས་ཕན་ཐོགས་ཡོད་པ་ཞིག་དགོས་རེད་མ་གཏོགས་འཆར་ཅན་ལྟར་སྐོར་ར་རྒྱག་བསྡད་ན་ཆོ་གང་ཡང་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་དེ་ལ་པཎ་གྲུབ་བཅུ་བདུན་རྣམས་ཀྱིས་ང་ཚོའི་ཀླད་པའི་སྒོ་འབྱེད་པ་ལྟ་བུའི་ཞེ་དྲགས་ཀྱི་མཐོང་རྒྱུ་ཡོད་པ་བཟོས་ཡོད། འདི་ང་ཚོར་དགོས་ཀྱི་ཡོད། དེ་བྱུང་ན་མི་ཚེ་སྐྱེལ་བར་ཕན་གི་རེད། མི་ལ་རང་བཞིན་གྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ནུས་པ་ཞིག་ཡོད་རེད། དེ་གོང་ནས་གོང་དུ་སྤེལ་བར་རིག་ལམ་གྱིས་སྒོ་འབྱེད་པ་ཡིན། འདི་གལ་ཆེན་པོ་རེད། ཤེས་སོང་ངམ། ད་ག་ཡིན།


དེང་སང་རྩིས་བསླབ་མཁན་ག་ཚོད་ཡོད། ལག་པ་རྐྱོངས་དང་། ང་སྔོན་མ་སྨན་རྩིས་ཁང་དུ་ཕྱིན། ང་རྩིས་ལ་ཡིད་ཆེས་མེད་ལབ་པ་ཡིན། བྱས་ཙང་ཁྱེད་རང་ཚོ་སེམས་ཤུགས་ཆག་པ་རེད་ཟེར། ཡང་རྗེས་མ་ཕྱིན་པའི་སྐབས་སུ་ང་ཡིད་ཆེས་ཡོད་ནས་མེད་ནས་བོད་ཀྱི་རིག་གཞུང་ཆགས་ཡོད། སློབ་སྦྱོང་ཡག་པོ་བྱེད་དགོས་རེད་ལབ་རྒྱུ་ཁས་བྱུང་། (ཞད་མོ་དང་སྦྲགས།) འདི་ྋགོང་ས་ལྔ་པ་ཆེན་པོས་གསུངས་ཡོད། དུ་ཀྰུ་ལའི་གོས་བཟང་ཡིན་པ་ཡོད། ྋགོང་ས་ལྔ་པ་ཆེན་པོ་འཁྲུངས་པའི་ཉིན་མོ་དེ་གཟའ་དང་ཚེས་གྲངས་གང་ཡིན་པ་ཞིབ་ཚགས་པོ་གསུངས། མ་གཞི་འདི་ཉིན་མོ་སྐྱེས་པའི་ཁྱི་རྒན་སྐྱ་བོའང་ཡོད་རེད་གསུངས་ཡོད། ཚེས་གྲངས་བཟང་ངན་གཅིག་པོས་བཤད་ཡག་གང་ཡང་མིན་འདུག ད་མི་སོ་སོ་རང་གིས་བསམ་བློ་བཏང་ནས་ལམ་འགྲོ་ཆེ་ཆུང་རེད་མ་གཏོགས་ཚེས་གྲངས་བཟང་ངན་གཅིག་པོས་བཤད་ཡག་གང་ཡང་མེད། ཤེས་སོང་ངམ། མ་གཞི་རྩིས་པས་སྒྲ་གཅན་ཁམས་གསུམ་རྣམ་རྒྱལ་གྱི་རྩིས་སྐོར་སྐབས། བི་ཀྲི་རེད་གང་རེད། སྒྲ་གཅན་རྒྱུ་བའི་དུས་ཚོད་ཏག་ཏག་བྱུང་བ་ཡིན་ན་མར་རྡོའི་སྒང་གཞུས་པ་ཡིན་ན་རྡོ་དེ་ཆག་གི་རེད་ཟེར། དེ་འདྲ་བཤད་ཡག་འདུག་ག དེ་འདྲ་ཡོད་ན་སྔོན་ལ་ཁྱེད་རང་ཚོས་གཅིག་བྱེད་དང་། དེ་ནས་ངས་ཡིད་ཆེས་བྱེད་ཀྱི་རེད། མིག་མཐོང་ལག་ཟིན་ཞིག་མ་བྱུང་ན་ཡོད་རེད་ལབ་བཞག་ན། དེ་དུས་སྲོལ་རྒྱུན་ཟེར་བ་ངོ་མ་ཆགས་པ་རེད། ཆོ་གང་ཡང་ཡོད་མ་རེད།  ད་ག་རེད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་བསྩལ།།


མཐའ་མའི་འདོན་ཐེངས་།: 13.04.2015 ཉིན། 2:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།