སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཀོང་རོང་སྨན་བླ་དོན་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཀོང་རོང་སྨན་བླ་དོན་གྲུབ།

- བྱམས་པ་འཕྲིན་ལས།

          ཀོང་རོང་སྨན་བླ་དོན་གྲུབ་ཅེས་པ་ནེ་ཀོང་སྟོད་བཀྲ་ཤིས་འབྲས་སྤུངས་(1)སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ (སྤྱི་ལོ་1675) ལོར་སྐུ་བལྟམས། སྨན་བླ་ཞེས་མཚན་ཐོགས་པའི་རྒྱུ་མཚན་ནི། སྤྱིར་ན་རིས་མེད་འགྲོ་ལ་སྨན་དཔྱད་ཀྱི་སྒོ་ནས་ཕན་བདེའི་དགའ་སྟོན་འཛད་པ་མེད་པ་དལ་འགྲོའི་རྒྱུན་བཞིན་སྤེལ་བ་དང་། ལྷག་པར་ཉམས་ཐག་ནད་པ་ཀུན་ལ་བུ་གཅིག་པའི་མ་ལྟར་ཐུགས་ཤིན་ཏུ་བརྩེ་བས་གཡུ་ཐོག་ཡོན་ཏན་མགོན་པོའི་ཡང་སྲིད་སྨན་བླ་ཞེས་པའི་མཚན་དེ་ནས་བྱུང་ཞེས་ཉིད་ཀྱི་སློབ་བུ་ཤྲྰི་བྷ་དྲའམ་དཔལ་བཟང་གིས་བརྩམས་པའི་《གཅེས་བསྡུས་ཕན་བདེ་འབུམ་ཕྲག་གི་ཁ་སྐོང་རིན་ཆེན་ཕྲེང་མཛེས།》 ནང་དུ་གསལ།

          སྨན་བླ་དོན་གྲུབ་ཀྱི་རྩ་བའི་སྐུ་ཡོན་གསན་ཡུལ་ནི་ལུགས་ཟུང་གི་བཀའ་དྲིན་ཟླ་མེད་སྨན་བླ་ཚེ་དབང་དང་། སློབ་དཔོན་གཞན་ཕན་བདེ་ཆེནརྒྱལ་པོ། དྲུང་འཚོ་བ་སངས་རྒྱས། འདི་ཕྱིའི་སྐྱབས་མཆོག་འགྲོ་མགོན་ཆེན་པོ་དྲིན་ཅན་བླ་མ་རྣམ་གཉིས་ཞལ་དང། བེ་བུམ་ལས་བྱུང་བ་སོགས་ལས་ཕྱག་ལེན་མཐོང་ཞིང། ཞེས་སྨན་བླ་དོན་གྲུབ་རང་གིས་བརྩམས་པའི་《གཅེས་བསྡུས་ཕན་བདེ་འབུམ་ཕྲག》གི་མཇུག་བྱང་ནང་དུ་འཁོད་འདུག་པས་སྨན་བླ་ཚེ་དབང་ཞེས་པ་ནི་དམ་པ་དེའི་ཡབ་ཀྱི་མཚན་མིན་ནམ་སྙམ་པ་དང་། དེ་མིན་སློབ་དཔོན་གཞན་ཕན་བདེ་ཆེན་རྒྱལ་པོ་ནི་སྨན་དཔྱད་ཀྱི་སློབ་དཔོན་དངོས་རང་ཡིན། དེ་དག་གི་དྲིན་ལས་སྨན་བླ་དོན་གྲུབ་གསོ་དཔྱད་གཞུང་ལུགས་ལ་མཁྱེན་པ་རྒྱས་ཤིང་། མན་ངག་ལག་ལེན་ཐོག་ཉམས་སད་ཐེག་ཐུབ་པའི་ཁར། སྨན་བླ་དོན་གྲུབ་ཀྱིས་དོ་དམ་དང་ཞུས་དག་གནང་སྟེ་སྒམ་པོ་པར་མ་ཞེས་པའི་རྒྱུད་བཞིའི་པར་བརྐོས་མཛད། ལྷག་ཏུ་རྒྱ་ཆེའི་ནད་པའི་དོན་དུ་ཐུགས་བསྐྱེད་རྣམ་པར་དག་པ་སོགས་གཞན་གྱིས་དོ་ཟླ་དང་བྲལ་བ་ལྟ་བུར་གྱུར།

          ཉིད་ཀྱི་གསུང་ལས། ཉམས་ཐག་ནད་པ་ཕ་མ་དངོས་ཡིན་ནོ། །གཞན་ཕན་ནུས་ན་རྒྱལ་བ་ཐམས་ཅད་མཉེས། །ཚོགས་གཉིས་རྫོགས་ཐབས་འདི་ལས་ལྷག་པ་གང་། །ཐུགས་ལ་ཞོག་མཛོད་དོན་གཉེར་བློ་གསལ་རྣམས། །ཞེས་གསུངས་པ་དང་། ཕྱོགས་མཚུངས་དུས་དབང་ལྟ་བུས་སྨན་པའི་གཟུགས་བརྙན་འཆང་བ་རེ་ཟུང་གིས་དང་པོ་སློབ་དཔོན་མ་བསྟེན། བར་དུ་སློབ་གཉེར་མ་སྦྱངས། མཐའ་མ་ལག་ལེན་ཤེས་ཟེར་ཤོག་རལ་ཡིག་ཧྲུལ་ལ་བརྟེན་ནས་ནད་པར་སྨན་བཅོས་བྱེད་པ་དང་། ཐ་ན་བག་མེད་ཀྱི་བཏུང་བ་ཆང་གིས་བཟི་ནས་ནད་པ་འདི་ཕྱིར་ཐུག་པའི་ཉེན་ཁའི་དུས་སུའང་ཇི་མི་སྙམ་པར་མཁས་ཉམས་ཀྱི་འགྱིངས་ཚུལ་སྟོན་པ་རྣམས་གཟིགས་པས་ཐུགས་ལ་སྐྱོ་སྣང་དྲག་པོ་འཁྲུངས་པ་དང་། དེ་ལ་བརྟེན་ནས་རང་ཉིད་དགུང་ལོ་གང་འཚམས་ཕེབས་ཀྱང་སློབ་དཔོན་གོང་མ་རྣམས་ཀྱི་ཕྱག་བཞེས་དང་། གསང་ཚིག་ཐུགས་ལ་གསལ་བ་རྣམས་ཆུ་བོ་རྒྱ་མཚོར་ཐིམས་པ་དགོས་པ་མེད་པ་ལྟར་མཁྱེན་ཏེ། 《དཔལ་ལྡན་གསོ་བ་རིག་པའི་མན་ངག་ཀུན་ལས་ཟབ་གཅེས་ཡང་བཅུད་བསྡུས་པ་ཕན་བདེ་འབུམ་ཕྲག》ཞེས་བྱ་བ་འདི་ཉེད་ལེགས་པར་བརྩམས།

          དེའི་སྐོར་གྱི་གསུང་གི་ཚིགས་བཅད་ནི། གནས་དུས་འདི་ལྟར་སྨན་པའི་གཟུགས་བརྙན་འགའ། །སློབ་དཔོན་མ་བསྟེན་སློབ་གཉེར་མ་སྦྱངས་པར། །ལག་ལེན་ཤེས་ཟེར་ཤོག་རལ་ཡིག་ཧྲུལ་ཐོགས། །ནད་པའི་སྔས་འགོར་ཆང་བཟིས་འགྱིངས་པ་མཐོང་། །ཀྱེ་མ་རྐྱེན་འདིས་སྐྱོ་བ་དབང་མེད་སྐྱེས། །ན་ཚོད་ཡོལ་ཀྱང་ཡིག་ཆ་སྣ་ཚོགས་བལྟས། །དྲིན་ཆེན་སློབ་དཔོན་རྣམས་ཀྱི་ཕྱག་བཞེས་བསམས། །ནད་ཚུལ་བཅོས་ཚུལ་སེམས་ལ་ཞུས་དག་བཏང་། །ཐེ་ཚོམ་སེལ་ཞིང་དྲིན་ཅན་དད་པས་དྲན། །ཐུགས་ཀྱི་གསང་ཚིག་སེམས་ལ་གསལ་བ་འགའ། །ཆུ་བོ་རྒྱ་མཚོར་ཐིམ་ལ་དགོས་པ་ཅི། །ཞེས་གསུངས་པ་ལྟར་ཕྱི་རབས་དོན་དུ་ཇི་སྲིད་ནམ་གནས་བར་དུ་གསུང་གི་མཛད་པའི་ཕྱག་རྗེས་རྣམ་དག་བཞག་ཅིང་། དེའི་སྟེང་དུ་ཡང་བསྐྱར་གསལ་བཤད་དགོས་པ་རྣམས་ལ་《མན་ངག་ཕན་བདེ་འབུམ་ཕྲག་ལས་འཕྲོས་པའི་བརྡ་ཚིག་གསང་རྒྱའི་ལྕགས་འབྱེད་གསེར་གྱི་ལྡེ་མིག》ཅེས་པ་ལྗགས་རྩོམ་དང་འབྲེལ་རྗེས་འཇུག་སློབ་ལ་ཚོས་གསོ་དཔྱད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བརྩོན་བྱེད་དགོས་པར་ཟུར་སྨན་ཆེན་པོའི་གསུང་གི་དུམ་བུ། གཞུང་ལ་མ་བསྟེན་ལག་ལེན་ཤེས་ཟེར་བ། །བརླན་གཤེར་སྤངས་པའི་ཆུ་ཡིན་ཟེར་དང་མཚུངས། །ཞེས་པའི་དཔེ་དོན་སྦྱར་བ་གདམས་ངག་ཚུལ་དུ་ཡིད་འཇོག་བྱེད་རྒྱུར་ནན་བཤད་གནང་།

          གཞན་ཡང་སྨན་བླ་དོན་གྲུབ་ཀྱིས་《རེག་ཟིག་ནེའུ་ལེའི་རྐྱལ་པ།》ཞེས་པ་ནོར་བུའི་བང་མཛོད་དང་འདྲ་བ་བརྩམས་པའི་སྐོར་ལོ་རྒྱུས་ནང་གསལ་རུང་མིག་ལམ་དུ་མ་གྱུར་བ་དང་། དེའི་ཆར་གཏོགས་པ་《ཕྱི་རྒྱུད་ཕ་ལམ་རིན་ཆེན་འཁོར་ལོ་ཞེས་བྱ་བའི་མན་ངག་བཀླགས་པས་དོན་གྲུབ།》ཚིགས་བཅད་གོ་བདེ་ཞིང་འབྲེལ་ཆགས་པ། གཙོ་བོ་གཡུ་ཐོག་ཡོན་ཏན་མགོན་པོ་དང་། བྲང་ཏི་ཡབ་སྲས། ཟུར་མཁར་ཁུ་དབོན་གྱི་བཞེད་སྲོལ་མན་ངག་གསང་མཛོད་ཀྱི་ཞལ་ཕྱེ་བ་དང་གཉིས་སུ་མེད་པ་འདི་དག་མཛད་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་རྗེ་བཙུན་གཡུ་ཐོག་པ་དང་། ཟུར་མཁར་ཁུ་དབོན་སོགས་ལ་མི་ཕྱེད་པའི་དད་པ་བརྟན་ཅིང་བསྔགས་བརྗོད་ཀྱི་མེ་ཏོག་ཕྲེང་བས་ལན་བརྒྱར་ཕུ་དུད་གནང་བ་སོགས་མཛད་ཚུལ་ཤིན་ཏུ་བཟང་།

          རྗེ་འདིའི་གསུང་ལས་ཀྱང་། གང་ལ་སྐྱབས་སོང་ཐུགས་རྗེའི་ཟླ་རིས་ཀྱིས། །བློ་གྲོས་ཀུནྡའི་འཛུམ་དཀར་འབྱེད་པ་དང་། །མི་ཤེས་མུན་པ་དྲུངས་ནས་འབྱིན་མཛད་པ། །གཡུ་ཐོག་ཟླ་བའི་དབང་པོར་ཕྱག་འཚལ་ལོ། །ཕྱི་ནང་ཀུན་གྱི་རྟེན་ཅིང་འབྲེལ་བྱུང་ཚུལ། །བྱང་ཞིང་ཆུབ་ནས་འཕེལ་ཟད་མགོ་སྙོམ་པའི། །ཡང་དག་དོན་གྱི་མཁན་པོ་ཆོས་ཀྱི་རྗེ། །ཟུར་མཁར་ཁུ་དབོན་བརྒྱུད་བཅས་སྤྱི་བོས་མཆོད། །ཅེས་གསུངས་སོ།།

          དེ་ལྟར་སྨན་བླ་དོན་གྲུབ་མཆོག་གིས་གསོ་དཔྱད་ཀྱི་བསྟན་པ་དང་། འགྲོ་དོན་འཕྲིན་ལས་རྒྱ་ཆེན་པོ་དེ་ཙམ་བྱུང་རུང་ད་དུང་ཐུགས་ཡིད་མ་ཚིམས་པར་སྔོན་དུས་གསར་མ་གཡུ་ཐོག་མགོན་པོ་རང་གི་ཐུགས་སྲས་མཆོག་གྱུར་སུམ་སྟོན་ཡེ་ཤེས་གཟུངས་ལ་གསུང་ལ་གསུང་འཕྲོས་ཀྱི་ཚུལ་དུ་གནང་བ་བྱིན་རླབས་ཆེ་བའི་བླ་སྒྲུབ་ཆོས་ཚན་སོ་ལྔའི་གྲངས་སུ་བཀོད་པ་དཔེ་ཐོག་ཏུ་ཚིག་དོན་གོ་བདེ་ཞིང་ལག་ལེན་གནད་དུ་འདྲིལ་བ་སྣང་ཡང་བློ་འཛིན་དགའ་བར་བརྟེན་ལག་ལེན་གཞན་ཕན་དར་རྒྱས་ཆེར་མ་སྣང་བས་དེ་དག་ཐུགས་ཀྱིས་མ་བཟོད་པར་《འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ་ཚིགས་སུ་བཅད་པ་ཀུན་གསལ་ནམ་མཁའ་》ཞེས་པ་ཕྱོགས་སྒྲིག་མཛདཔ་སོགས་རང་ཅག་རྣམས་ལ་གཞན་དྲིང་མི་འཇོག་པའི་དོན་གྱི་སྨན་བླ་དངོས་དང་མཚུངས་པ་ཞིག་ཡིན་ནོ།།

          དམ་པ་དེའི་བརྒྱུད་འཛིན་སློབ་མའི་ནང་ནས་གྲགས་ཆེ་བ་ནི་ཤྲྰི་བྷ་དྲའམ་དཔལ་བཟང་ཞེས་པ་འདི་ཉིད་ཀྱིས་《གཅེས་བསྡུས་ཕན་བདེ་འབུམ་ཕྲག་གི་ཁ་སྐོང་རིན་ཆེན་ཕྲེང་མཛེས་》ཞེས་པ་བརྩམས་ཤིང་། དེའི་དགོས་པ་ནི་སློབ་དཔོན་བཀའ་དྲིན་གསུམ་ལྡན་སྨན་བླ་དོན་གྲུབ་ཀྱིས་རྒྱ་བོད་མཁས་དབང་དུ་མའི་མན་ངག་ཟབ་བཅུད་བསྡུས་པ་ཕན་བདེ་འབུམ་ཕྲག་གི་མཇུག་ཏུ། སཱ་རའི་ལྷན་ཐབས་དང་། བྱེ་བ་རིང་བསྲེལ་ནས་སྦྱོར་སྡེ་རེ་གཉིས་བླངས་དགོས་པ་མ་གཏོགས་གཞན་གྲགས་ཆེ་གཤིས་བཞག་པ་ཡིན་ཞེས་གསུངས་པར་བརྟེན། བྱེ་བ་རིང་བསྲེལ་དང་ལྷན་ཐབས་ཟུང་ནས་ཕན་བདེ་འབུམ་ཕྲག་ཏུ་སྦྱོར་སྡེ་མ་ཚང་བ་རྣམས་གློ་བུར་དུ་དགོས་ཚེ་དཔེ་ལ་ལུས་ནས་དགོས་དུས་སླེབས་པར་དཀའ་སྙམ་ནས་ལག་ལེན་ཡང་ཡང་བྱས་པའི་ལག་ལེན་གདེང་འཁེལ་བ་ཀུན་དང་། དབང་ལུང་བཀའ་གཏད་སོགས་ཐོབ་དགོས་པའི་རིགས་རྣམས་ཉུང་ངུར་བསྡུས་ནས་རང་གི་བསྟེན་བྱ་ཙམ་དུ་བཀོད་ཅེས་གསལ་བ་ལྟར་དོན་དུ་གོང་གསལ་ཁ་སྐོང་རིན་ཆེན་ཕྲེང་བར་ལྷན་ཐབས་དང་། བྱེ་བ་རིང་བསྲེལ་གཉིས་ནས་བསྐྱར་དུ་ཁ་གསབ་གནང་བ་དེས་སློབ་དཔོན་གྱི་དགོངས་བཞེད་འགྲུབ་པའི་སྲི་ཞུ་ཉག་ཅིག་ཏུ་ངེས། དེ་མིན་《གཅེས་བསྡུས་ཕན་བདེའི་ཡང་སྙིང་ངམ། གཅེས་བསྡུས་ནོར་བུའི་བང་མཛོད་》ཅེས་པ་སློབ་དཔོན་བྱམས་པ་དང་། དོན་ལྡན་མཚན་ཅན་གཉིས་ཀྱི་སློབ་མ་དཔལ་གྱི་མིང་ཅན་ཞེས་པས་བརྩམས་པ་དང་ ཁོང་གིས་གཙོ་བོར་རྒྱུད་ཀྱི་རྒྱལ་པོ་རྣམས་ནས་སྨན་སྦྱོར་ཁ་ཡར་གྱི་ཕན་ཡོན་ཟུར་འདོན་དང་། གཡུ་མགོན་གཉིས་པ་སཱ་རའི་མཚན་ཅན་གྱི་བཀའ་རྩོམ་མན་རྒྱུད་ལྷན་ཐབས། དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པའི་དངོས་སློབ་དཀོན་མཆོག་འགྲོ་ཕན་དབང་པོས་བྱེ་རིང་སོགས་མན་ངག་ཀུན་ནས་བསྡུས་པ་ཕན་བདེའི་སྙིང་པོ་འཆི་མེད་གྲུབ་པའི་ཞལ་ལུང་། ཕན་བདེ་བརྒྱ་རྩ་སོགས་གཅེས་བསྡུས་ཁ་ཡར་དང་། སྐབས་དེའི་སྨན་པ་མཁས་པ་མོང་ཅན་རྣམས་ལ་སྨན་སྦྱོར་ཟབ་མོ་ཁ་ཤས་ཡོད་པ་རྣམས་ཀྱང་དད་གུས་འབད་པ་དུ་མས་བཙལ་ཏེ་ཕྱོགས་གཅིག་ཏུ་བཀོད་ཅིང་། ཆིག་བརྒྱུད་གསང་སྨན་ཕལ་ཆེར་ཀྱང་མཆན་བུར་བཀྲལ། མན་རྒྱུད་བཅོས་ཚུལ་གྱི་ཟབ་གནད་ཁ་ཡར་ཀྱང་སྦྱོར་ཚད་དུ་བསྡེབས། ཕྱི་རྒྱུད་མཇུག་དོན་ལྟར་གསོ་བ་རིག་པའི་གཞུང་ལུགས་ལ་བསྟོད་པ་སོགས་ཅུང་ཟད་ཆ་ཚང་བ་ཞིག་མཛད་རུང་། སྨན་བླ་དོན་གྲུབ་ཀྱི་རྗེས་འཛིན་རིགས་ཡིན་མིན་ཁ་ཚོན་བཅད་མ་ཐུབ་ཀྱང་། འབྲི་གུང་གི་ཁོངས་གཏོགས་ཡིན་པ་ཉག་ཅིག་ལ་ད་ལམ་བར་འཇུག་ཏུ་བཀོད་པ་དང་། ཕྱིས་ནས་《གཅེས་བསྡུས་ཕན་བདེའི་ཡང་སྙིང་》མཛད་མཁན་དཔལ་གྱི་མིང་ཅན་ཞེས་པའི་རྣམ་ཐར་རམ། ཡང་ན་བརྩམས་ཆོས་ཁ་གསབ་འདྲ་བྱུང་ཚེ་བསྐྱར་དུ་མཚན་གྱི་རྣམ་གྲངས་བཀོད་ནས་མཛད་རྗེས་ངོ་སྤྲོད་ཡོད་པར་ཞུའོ།། །།

མཆན་བུ།

(1) ཀོང་སྟོད་བཀྲ་ཤིས་འབྲས་སྤུངས་ནི་ད་ལྟ་ཀོང་པོ་རྒྱ་མདའ་རྫོང་གི་ཕུ་ལ་དགོན་པ་ཡོད་པ་དེར་ཟེར།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།