སྨན་རྩིས་དྲ་བ། - གཡུ་ཐོག་གསར་མའི་རྣམ་ཐར།



༄༅།   །དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེའི་སྤྱི་གཟུགས་མཁས་པ་

དང་གྲུབ་པའི་ཕ་རོལ་ཏུ་སོན་པ་རིགས་བརྒྱའི་ཁྱབ་བདག་

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་

རྣམ་པར་ཐར་བ་

བཞུགས་སོ།།

 

-          དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

 

 

ཕུན་ཚོགས་ཡོན་ཏན་ཆ་ཤས་རབ་རྫོགས་པའི།།

དཔལ་ལྡན་མགོན་པོ་མཁྱེན་བརྩེའི་འོད་དཀར་ཅན།།

འགྲོ་བློའི་ཆུ་མཚོར་འཆར་བའི་ངོ་མཚར་གྱི།།

ཕན་བདེའི་སྣང་བས་རྟག་ཏུ་སྐྱོངས་གྱུར་ཅིག།

གདོད་མའི་མགོན་པོ་མཁའ་དང་མཉམ་གྱུར་དངོས་པོ་ཀུན་གྱི་ངོ་བོ་ཉིད།།

གཉིས་མེད་སྒྱུ་མའི་རོལ་རྩེད་མཐའ་ཀླས་མཁའ་ཁྱབ་འགྲོ་བློའི་རྗེས་འགྲོ་གང་།།

ཕན་དང་བདེ་བའི་སྤྲིན་ཆེན་ཉིད་དེ་ཕུན་སུམ་ཚོགས་ཆེའི་མཆོག་སྦྱིན་མཁན།།

གཡུ་ཐོག་པ་ཞེས་ཡོན་ཏན་རྒྱ་མཚོས་འཇིག་རྟེན་གསུམ་མགོན་གྱུར་རྒྱལ་དེས།།

འཁོར་མཚོ་དུག་གསུམ་འཛིན་ཁྲིས་དཀྲུགས་ལས་མི་ཟད་དུ་ཁའི་ནད་ཀྱི་རླབས།།

འཇིགས་རུང་བཟོད་དཀའི་ཏི་ལའི་གྲོང་ལས་རྣམ་གྲོལ་ཀུན་དགའི་གླིང་ཆེན་པོར།།

འདྲེན་པའི་ཐབས་མཁས་ཐུགས་རྗེའི་གྲུ་གཟིངས་ཚེ་ཡི་རིག་བྱེད་མཐའ་ཡས་པས།།

སྣ་ཚོགས་མོས་པའི་ཁ་ལོ་སྒྱུར་མཛད་དེད་དཔོན་མཚུངས་མེད་ཁྱེད་གཞན་སུ།།

རྒྱལ་བའི་ཡོན་ཏན་ངོ་མཚར་རྒྱ་མཚོའི་གཏེར།།

ཡི་གེ་མཚན་མ་ཀུན་ལས་ངེས་གྲོལ་བ།།

མཐའ་ཀླས་ནམ་མཁའི་རྗེས་སུ་འགྲོ་བ་གང་།།

བྱིས་བློའི་གཞལ་བྱས་འོལ་ཅིར་བགྱི་བ་ཅི།།

དེ་ཕྱིར་ཟླ་མེད་ཁྱོད་ཀྱི་གསང་བའི་དཔེ།།

འགག་མེད་མཐའ་ཀླས་ནམ་མཁའི་ཡངས་པ་བཅལ།།

རྣམ་པར་འབྱེད་པའི་གཞལ་བྱ་མ་མཆིས་པ།།

དེར་ནི་བདག་ཉིད་སྤྲོས་པའི་བློ་ཟད་དོ།།

དེ་ཕྱིར་དམ་པ་རྣམས་ཀྱིས་གསང་བའི་གནས།།

ཆ་ཙམ་ཡི་གེའི་ལམ་དུ་སུ་ཡིས་ཆུད།།

དེ་ལྟ་ན་ཡང་སྙིང་ནས་ཡིད་ཆེས་པའི།།

དང་བའི་བསྟོད་ཚིག་ངོ་མཚར་ཕྲེང་བ་སྤེལ།།

            དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེའི་ནུས་པའི་སྤྱི་གཟུགས་མཁས་པ་དང་གྲུབ་པའི་ཕ་རོལ་ཏུ་ཕྱིན་པ་རིགས་ཀུན་ཁྱབ་བདག་གཡུ་ཐོགས་ཡོན་ཏན་མགོན་པོ་ཞེས་ས་གསུམ་ན་སྙན་པའི་གྲགས་པ་ཆེས་ཆེར་གཡོ་བ་འདི་ཉིད་མཆོག་གསུམ་གྱི་ཐུགས་རྗེ་དང་ལུས་ཅན་སྤྱི་མཐུན་གྱི་ལེགས་བྱས་མངོན་པར་དར་བའི་མཐུ་ལས་གངས་ཅན་གྱི་ལྗོངས་འདིར་རྙིང་མ་ཡོན་ཏན་མགོན་པོ་སླར་ཡང་བསམ་བཞིན་དུ་སྲིད་པ་བཟུང་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཀོད་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ལས་འདས་ཤིང་འཕགས་པས་ཀྱང་བརྗོད་དཀའ་བའི་སྒོ་ནས་འགྲོ་བ་ཇི་སྙེད་པ་སྡུག་བསྔལ་ལས་བསྒྲལ་པ་དང་། གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་སོགས་འཕགས་པ་མཆོག་གི་སྤྱོད་པ་རླབས་པོ་ཆེ་བགྲང་བར་འདས་པ་ལས་ཆ་ཙམ་ཕྱོགས་གཅིག་ཏུ་མཚོན་པར་བྱ་ན། འདི་སྐད་ཐོས་ཏེ་གཡུ་ཐོག་གི་གདུང་ལ་གསར་རྙིང་གཉིས་ཡོད་པའི་བྱམས་པ་བདེ་ལེགས་ཡན་རྙིང་མ་ཡིན་པ་ནི་གདུང་རབས་ལས།

                        དཀོན་མཆོག་བདེ་ལེགས་བྱམས་པ་བདེ་ལེགས་ཏེ།།

                        བསྟན་འཛིན་གསོ་བ་རིག་པའི་ཁུར་ཆེན་ཁུར།།

                        གཡུ་ཐོག་རྙིང་མའི་བརྒྱུད་འཛིན་འདི་ཡན་ཡིན།།

            ཞེས་གསུངས་ཤིང་། གཡུ་ཐོག་ཉི་མ་འོད་ཟེར། པདྨ་རྡོ་རྗེ། གུ་རུ་རྡོ་རྗེ། བྱང་ཆུབ་རྡོ་རྗེ། གངས་ཅན་མཁས་པ་དང་ལྔ་པོ་འདི་གསང་སྔགས་སྔ་འགྱུར་གྱི་ཆོས་ལ་ཤིན་ཏུ་མཁས་ཤིང་གྲུབ་པ་ཐོབ་པ་བྱུང་། ལྷག་པར་གངས་ཅན་མཁས་པ་ཞེས་བྱ་བ་འདི་གསང་སྔགས་གསར་རྙིང་དང་གསོ་བྱེད་སྤྱི་ལ་ཤིན་ཏུ་མཁས་པར་གྱུར་ཀྱང་། འོན་ཏེ་འདི་ལྔའི་རིང་ལ་བདུད་རྩི་སྨན་སྒྲུབ་སྨན་འཕྲེང་སོགས་ནུབ་ཅིང་རྙིང་མའི་ཆོས་ཀྱི་མ་མོ་ལྟ་བུར་གྱུར་པས་གཡུ་ཐོག་གསར་མའི་འགོར་བྱུང་ཡང་རུས་རྒྱུད་ཙམ་ལས་གསར་མ་དྲི་མ་མེད་པ་མ་ཡིན་པ་ནི་གདུང་རབས་ལས།

            ཉི་མ་འོད་ཟེར་པདྨ་རྡོ་རྗེ་དང་།།

            གུ་རུ་རྡོ་རྗེ་བྱང་ཆུབ་རྡོ་རྗེ་དང་།།

            གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བྱ་ལྔ།།

            གསང་སྔགས་རྙིང་མའི་བསྟན་པ་ལ་ཞུགས་ནས།།

            གསང་སྔགས་རྙིང་མའི་མ་མོ་ལྟ་བུར་གྱུར།།

            དེ་ལྔའི་རིང་ལ་བདུད་རྩི་སྨན་སྒྲུབ་ཀྱི།།

            དབང་གི་ཆུ་རྒྱུན་སྨན་འཕྲེང་སྨན་འཁྲིད་ནུབ།།

            ཅེས་གསུངས་པས། དེ་ལྔའི་རིང་ལ་སྨན་འཕྲེང་སྨན་སྒྲུབ་སོགས་ནུབ་པ་དེ་དག་གསོ་བའི་ཕྱིར་སླར་ཡང་སྨན་པའི་རྒྱལ་པོའི་འཕྲིན་ལས་ཀྱི་རོལ་གར་རྙིང་མ་འདྲེ་རྗེ་བཛྲ་ཁྱུང་པོ་རྡོ་རྗེ། ཡོན་ཏན་མགོན་པོ། འབུམ་སེང་། སྲ་ལུ་རྡོ་རྗེ་གྲགས་ཏེ་སྤྲུལ་པའི་སྐྱེ་མཆོག་དེ་དག་གསར་མ་དྲི་མ་མེད་པ་ལྔ་རིམ་པ་ལྟར་བསམ་བཞིན་བྱོན་པ་ནི། གདུང་རབས་ལས།

            བདུད་རྩི་སྨན་འཕྲེང་སྨན་སྒྲུབ་རལ་སྐོར་སོགས།།

            དར་བར་དགོངས་ནས་སླར་ཡང་བསམ་བཞིན་དུ།།

            སྐྱེ་བ་བཞེས་པའི་སྐྱེས་བུ་དམ་པ་ནི།།

            འདྲེ་རྗེ་བཛྲ་ཁྱུང་པོ་རྡོ་རྗེ་དང་།།

            ཡོན་ཏན་མགོན་པོ་མཁས་པ་འབུམ་སེང་དང་།།

            གཡུ་ཐོག་སྲ་ལུ་རྡོ་རྗེ་གྲགས་པ་ལྔས།།

            སྨན་འཕྲེང་སྨན་སྒྲུབ་དར་ཞིང་རྒྱས་པར་མཛད།།

            དྲི་མེད་གསར་མའི་གདུང་འཛིན་ལྔ་ལ་འདུད།།

ཅེས་གསུངས་པས་གསར་མ་དྲི་མ་མེད་པ་འདི་ལྔ་ཡིན་ཅིང་། འདི་ལྔ་རྙིང་མ་འདྲེ་རྗེ་ནས་སྲ་ལུའི་བར་སླར་ཡང་བྱོན་པ་ཡིན་ཏེ། དེ་ཡང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཡེར་བར་ཕེབས་ནས་ཨོ་རྒྱན་ཕུག་པར་དཔོན་སློབ་རགས་བསྡུས་འགའ་ཞག་ལྔ་བཞུགས་པའི་ཚེ། གཡུ་ཐོག་པ་ཆེན་པོ་ལ་ལྷ་མོ་བདུད་རྩི་མ་བྱོན་ནས་གཡུ་ཐོག་པའི་བརྒྱུད་པ་ལ་གསར་རྙིང་གཉིས་བྱུང་སྟེ། ཇོ་བོ་བ་ནུ་མ་ནས་བྱམས་པ་བདེ་ལེགས་ཡན་རྙིང་མ་དང་། ཁྱེད་རང་གི་མེས་པོ་འདྲེ་རྗེ་བཛྲ་མཐོང་བ་དོན་ལྡན་སླར་ཡང་གཡུ་ཐོག་པའི་གདུང་བརྒྱུད་དུ་བྱོན་པ་ལ་གཡུ་ཐོག་གསར་མ་ཞེས་སོ་གསུངས་པ་དང་། རྙིང་མ་ཡོན་ཏན་མགོན་པོའི་སྲས་ལ་ལུང་བསྟན་གསུངས་པ་ལས་ཀྱང་། བུ་ཉོན་ཅིག གཡུ་ཐོག་གངས་ཅན་མཁས་པའི་གཙུག་རྒྱན་གྱི་སྲས་གཡུ་ཐོག་གསར་མ་དྲི་མ་མེད་པ་ལྔ་འདི་ལྟར་བྱོན་ཏེ། གངས་ཅན་མཁས་པའི་སྲས་ལ་བདག་གི་མེས་པོ་འདྲེ་རྗེ་བཛྲ་སླད་ནས་འབྱོན་པར་གདའ། དེས་སྨན་པ་འཚོ་བྱེད་གཞོན་ནུ་ལ་དག་སྣང་དུ་བདུད་རྩི་སྨན་སྒྲུབ་དང་སྨན་འཕྲེང་སོགས་གདམས་ངག་གི་སྐོར་མཛོད་མང་པོ་གསན་ནས་བོད་ཡུལ་གྱི་མུན་པ་སེལ་ལོ། །དེའི་སྲས་ལ་བདག་གི་ཕ་ཇོ་ཁྱུང་པོ་རྡེ་རྗེ། དེའི་སྲས་ལ་བདག་ཡོན་ཏན་མགོན་པོ། དེའི་སྲས་ལ་བུ་འབུམ་སེང་། དེའི་སྲས་ལ་ངའི་ཚ་བོ་སྲ་ལུ་རྡོ་རྗེ་གྲགས་པ་རྣམས་འབྱོན་ཞེས་གསུངས་ཤིང་། དེའི་ལྔའི་ནང་ནས་ཀྱང་ཆེས་མཆོག་ཏུ་གྱུར་བ་རྙིང་མ་ཡོན་ཏན་མགོན་པོའི་ཡང་སྲིད་ཀྱི་ཟློས་གར་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཞེས་སྟོན་པ་སྨན་པའི་རྒྱལ་པོའི་གསུང་གི་སྤྲུལ་པ་དེ་ཉིད་སྔོན་གྱི་དུས་སུ་དྲང་སྲོང་ཆེན་པོ་ཀརྨ་དྲི་མ་མེད་དང་། དེ་ནས་གཞོན་ནུ་འཇིགས་མེད་གྲགས་པ་དང་། དེ་ནས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོར་གྲགས། དེ་ཉིད་སླར་ཡང་གསར་མ་ཡོན་ཏན་མགོན་པོར་འབྱོན་པའི་རྒྱུ་མཚན་ནི། དེ་ཡང་རྙིང་མ་ཇ་ཡུལ་དུ་ཕེབས་པའི་ལམ་དུ་སྨན་གྱི་བླ་མའི་ཞལ་གཟིགས་ནས་འདི་སྐད་གསུངས་ཏེ།

                        དང་པོའི་དུས་སུ་ཀརྨ་དྲི་མ་མེད།།

                        བར་དུ་གཞོན་ནུ་འཇིགས་མེད་གྲགས་པ་ཡིན།།

                        ད་ལྟ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས།།

                        འདི་ནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ།།

                        དྲང་སྲོང་རིག་འཛིན་རྣམས་ཀྱི་ཚོགས་དཔོན་བྱེད།།

                        དེ་ནས་ལྔ་བརྒྱ་ཐ་མའི་དུས་བབས་ལ།།

                        ང་ཡི་གསུང་སྤྲུལ་སྐྱེས་བུ་དམ་པ་ཁྱེད།།

                        འགྲོ་བ་སེམས་ཅན་སྙིགས་མ་ལ་དགོངས་ནས།།

                        གཡུ་ཐོག་གསར་མ་ཞེས་བྱ་བར་གྲགས་པ།།

                        ཡོན་ཏན་མགོན་པོ་ཞེས་བྱ་འབྱུང་ཞིང་འབྱོན།།

                        སྨན་འཕྲེང་སྨན་སྒྲུབ་ཉམས་ལེན་རྒྱས་པར་བྱེད།།

            ཅེས་གསུངས་སོ། །དེ་ལྟར་ལུང་དུ་བསྟན་པའི་སྐྱེས་མཆོག་གསར་མ་ཡོན་ཏན་མགོན་པོར་གྲགས་པ་འདི་ཉིད་ཀྱི་རྟོགས་པ་བརྗོད་པ་དངོས་བཤད་པ་ལ་ལྔ་སྟེ། ཐོག་མར་རིགས་རུས་གང་དུ་འཁྲུངས་ཚུལ། འཁྲུངས་པའི་གནས་ངོས་བཟུང་བ། ལྷུམས་སུ་ཞུགས་ཏེ་ཇི་ལྟར་བལྟམས་པ། ཐོས་བསམ་མཛད་ནས་འཕྲིན་ལས་བསྐྱངས་ཚུལ། མཐར་སྐུ་ལུས་མ་སྤངས་པ་དག་པའི་ཞིང་དུ་ཕེབས་ཚུལ།

 

དང་པོ། རིགས་རུས་གང་དུ་འཁྲུངས་ཚུལ།
དེ་ལ་དང་པོ་རིགས་རུས་གང་དུ་འཁྲུངས་ཚུལ་ནི། ཇི་སྐད་དུ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་གང་ཞིག་འཁྲུངས་པའི་རིགས།། ལྷ་མི་ལ་སོགས་ཀུན་གྱིས་ཕྱག་བྱས་པ།། ཞེས་དང་། བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རིགས་གང་དང་རུས་གང་དུ་ཞེས་སོགས་གསུངས་པས། སྐྱེས་བུ་ཆེན་པོ་དག་ནི་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དག་ལ་འབྱོན་པར་གསུངས་པ་ལྟར། བདག་ཉིད་ཆེན་པོ་འདིའི་རིགས་ནི་རྒྱ་གར་གྱི་རྒྱལ་པོ་ཨུཏྤལའི་གདོང་གི་རྒྱལ་སྲིད་ཀྱི་ཁྲི་ལ་རྒྱལ་བུ་དགའ་བའི་བློ་གྲོས་དབང་བསྐུར་བས་དེའི་གདུང་རྒྱུད་འདི་ཡིན་པས་རིགས་རྒྱལ་རིགས། རུས་ནི་ཇོ་བོ་བ་ནུ་མའམ་ལྷའི་བུ་དམ་པ་ཏོག་དཀར་ཞེས་པ་འོད་གསལ་གྱི་ལྷ་ལས་ཆད་པའི་རུས་སོ། །ཆོ་འབྲང་ནི་དགྲ་བཅོམ་པ་ས་ག་ལྷས། ཆོ་འབྲང་ཉིད་ནི་མ་མ་སྟེ།། གང་གི་ཞང་པོ་ཁུངས་ལྡན་བཙལ།། ཞེས་པ་ལྟར། འདིའི་ཆོ་འབྲང་ནི་བྲམ་ཟེ་མོ་ཞིག་ཡིན། ཞིབ་པར་ན་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མའི་རྣམ་ཐར་ན་ལུགས་གཅིག་ལ་རིགས་རུས་ཆོ་འབྲང་འདི་ལྟར་བཤད་དེ། རིགས་རུས་ནི་ཇོ་བོ་བ་ནུ་མའི་སྲས་བྲམ་ཟེ་ཤེས་རབ་རལ་གྲི་འམ་རྒྱལ་པོ་ཨུཏྤལའི་གདོང་གི་བློན་པོ་བློ་གྲོས་ཆེན་པོའི་བརྒྱུད། ཆོ་འབྲང་ནི་ཆང་ཚོང་མ་སྐྱེས་པའི་ཡིད་འཕྲོག་མ་ཞེས་པ་ལྷ་མོ་བདུད་རྩི་མའི་སྤྲུལ་པ་དེ་ཡིན་པར་ཞིབ་ཏུ་བཤད་ཡོད་དོ།།

 

གཉིས་པ། འཁྲུངས་པའི་གནས་ངོས་བཟུང་བ།

དེ་ལྟར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྐྱེས་བུ་དམ་པ་འདི་ཉིད་འཁྲུངས་པའི་གནས་ནི། གཡས་རུ་གཙང་གི་སའི་ཐིག་ལེ་དགེ་བཅུའི་དཔལ་འབྱོར་མཐའ་དག་མ་ཚང་བ་མེད་པར་ངང་གིས་འདུ་བ་ཉང་སྟོད་རིག་པའི་འབྱུང་གནས་ཀྱི་སའི་ཆ་ལས་སྒོ་བཞི་རེ་ཐང་ཞེས་བྱ་བ་དེ་ཡིན་ནོ།། གོང་དུ་བཤད་པ་ལྟར། རྗེ་འདིའི་མེས་པོ་ནི་འདྲེ་རྗེ་བཛྲ་ཞེས་བྱ་བ་སྟེ་འདི་ལ་སྔ་སོར་གཡུ་ཐོག་རྙིང་མའི་སྐབས་སུ། འདྲེ་རྗེ་ཡིན་པའི་རྒྱུ་མཚན་དང་། འདི་ནས་བཟུང་སྟེ་གཡུ་ཐོག་པ་ཟེར་བའི་མིང་བྱུང་བ་སོགས་ཀྱི་ལོ་རྒྱུས་ཇི་ལྟ་བ་བཞིན། གསར་མའི་འདྲེ་རྗེ་འདི་ལའང་དེ་བཞིན་བྱུང་སྟེ་གཡུ་ཐོག་གསར་མ་གངས་ཅན་མཁས་པའི་སྐབས་སུ་གཡུ་ཐོག་པ་ལ་ཉང་སྟོད་སྒོ་བཞི་རེ་ཐང་བ་ཟེར་ཡང་། འདྲེ་རྗེ་འདིས་རྒྱ་རག་ཀ་བ་འཕྲང་གི་སྡུག་འདྲེ་ནད་ལས་གྲོལ་བར་མཛད་པས་འདྲེ་དེས་རྗེ་བཞིན་ཁུར་བས་འདྲེ་རྗེ། འདྲེ་དེ་ནད་ལས་གྲོལ་བའི་དྲིན་གསོབ་ཏུ་བུད་མེད་གཡུ་རྒྱན་འཕྱོར་པོར་ཡོད་པ་ཞིག་ཆུ་ལ་བསྐུར་བ་ཆུས་འཁྱེར་ནས་ཉང་སྟོད་ཟམ་མོ་ཆེའི་སྣེར་སླེབས་བྱུང་བའི་གཡུ་རྒྱན་རྣམས་ཚགས་བྱས་རུས་པ་ཆུ་ལ་སྦྱངས་ཏེ་གཡུ་རྒྱན་རྣམས་ཁང་ཐོག་ཏུ་བཀྲམས་པས་དེ་རྫི་བོ་ཞིག་གིས་མཐོང་བས། རྫི་བོ་ན་རེ། སྒོ་བཞི་རེ་ཐང་བ་ལ་གཡུའི་ཐོག་འདུག་ཟེར་བས་སླར་ཡང་འདྲེ་རྗེ་དང་གཡུ་ཐོག་པ་ཟེར་བ་རྙིང་མའི་སྐབས་སྟོད་ལུང་དུ་བྱུང་བ་བཞིན་ཉང་སྟོད་དུ་ཡང་དེ་ལྟར་བྱུང་ངོ་།།

 

གསུམ་པ། ལྷུམས་སུ་ཞུགས་ཏེ་ཇི་ལྟར་བལྟམས་པ།

དེ་ནས་འདྲེ་རྗེ་དེ་ཉིད་རྒྱ་གར་ལ་བྱོན་ནས་སྨན་འཕྲེང་སྨན་སྒྲུབ་རྣམས་འཚོ་བྱེད་གཞོན་ནུར་ལྷོ་ཕྱོགས་དཔལ་གྱི་རི་བོར་དག་སྣང་དུ་མཇལ་བས་ལེགས་པར་ཐོབ་སྟེ་སླར་ཡང་རང་གི་སྲས་ཁྱུང་པོ་རྡོ་རྗེ་ལ་གནང་། དེ་ནི་གསོ་རིག་གི་གཞུང་སྤྱི་ལ་མཁས་ཤིང་ལྷག་པར་སྨན་འཕྲེང་སྨན་སྒྲུབ་སོགས་ལ་ཉམས་ལེན་གྱི་མཐིལ་མཛད་པའི་མཁས་གྲུབ་གཉིས་ཀ་འཛོམས་པས་འཕྲིན་ལས་ཀྱང་ཤིན་ཏུ་ཆེ། དེའི་སྲས་ལ་མཁས་གྲུབ་ཆེན་པོ་ཡོན་ཏན་མགོན་པོ་འདི་ཉིད་བྱུང་བ་ནི། ཁྱུང་པོའི་ཇོ་མོ་པདྨ་འོད་ལྡན་ཞེས་བྱ་བ་ཤེས་རྒྱུད་དུལ་ཞིང་དགེ་ལ་དཀར་བ། སྙིང་རྗེ་ཆེ་ཞིང་བྱང་སེམས་འབྱོངས་པ། མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་ཡོད་པ་དེ་ལ་རྗེ་འདི་ཉིད་ལྷུམས་སུ་ཞུགས་པའི་སྔ་ལྟས་སུ་ནུབ་གཅིག་ཡུམ་གྱི་མནལ་དང་ཟ་ཟི་འདྲེས་མ་ཞིག་ཏུ་ཤར་ཕྱོགས་ནས་འཇའ་ཁ་དོག་ལྔ་པ་ཞིག་ཟུག་པའི་སྣེ་ལ་ཁྱེའུ་སེར་པོ་གསེར་གྱི་ཐོར་ཚུགས་ཅན་ལག་ན་ཨ་རུ་ར་ལོ་མ་དང་བཅས་པ་ཐོགས་པ་བཙུན་མོ་པདྨ་འོད་ལྡན་རང་གི་ལུས་ལ་ཐིམ་པ་རྨིས་པས་ལུས་སེམས་ལ་སྔོན་ཆད་མྱངས་མ་མྱོང་བའི་བདེ་བ་བསམ་གྱིས་མི་ཁྱབ་པ་སྐྱེས་ཏེ་དེའི་ཚེ་ལྷུམས་སུ་ཞུགས་སོ།།

            དེ་ནས་ཟླ་བ་བཅུའི་བར་ཕལ་ཆེར་དུ་ཡུམ་ལ་རང་ལུས་འོད་ཀྱི་ཕུང་པོར་གྱུར་པའི་སྣང་བ་དང་། སྐབས་འགར་རྨི་ལམ་དུ་དྲང་སྲོང་ཡིད་ལས་སྐྱེས་ཡིན་ཟེར་བའི་ཤེལ་གྱི་ཁྱེའུ་མཐོ་གང་ཙམ་ཞིག་ཡུམ་རང་གི་སྙིང་ཁའི་ཐད་དུ་འདུག་པའི་སྣང་བ་རྨིས་པ་དང་། ཡབ་ཁྱུང་པོའི་མནལ་ལམ་དུ་ཛོ་ཀི་མཚོན་ཆ་ཐོགས་པ་བཞིས་ཡུམ་པདྨ་འོད་ལྡན་ལ་ཕྱག་མཆོད་བྱེད་ཅིང་ཁོ་རྣམས་ན་རེ། འདི་ན་སྨན་གྱི་གསུང་སྤྲུལ་ཡོན་ཏན་མགོན་པོ་ཡོད་པས་ཅ་ག་དག་པོ་གྱིས་ཤིག ངེད་ཀྱང་འདིའི་སྲུང་མ་ཡིན་ཟེར་བ་སོགས་ངོ་མཚར་བའི་ལྟས་མང་པོ་རྨིས།

            དེ་ནས་ཟླ་བ་བཅུ་ཙམ་ལ་རེག་པའི་ཚེ་དབྱར་ཟླ་ར་བའི་ཚེས་བརྒྱད་ལ་ཡུམ་ལ་འབྱུང་འཁྲུགས་ཀྱི་གནོད་པ་མེད་པར་ཤར་རིའི་ཕྲག་པ་ལས་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཐོན་པ་བཞིན་ལེགས་པར་བལྟམས་པའི་མོད་ལ་དྲང་སྲོང་རིགས་ལྔ་མངོན་སུམ་དུ་བར་སྣང་དུ་བྱོན་ནས་བྱིན་གྱིས་བརླབས་ཤིང་། སྨན་གྱི་ལྷ་མོ་བརྒྱད་དང་ལྷའི་ཚོགས་དཔག་ཏུ་མེད་པས་ནི་ཁྲུས་གསོལ། འཆི་མེད་ལམ་གྱི་མཐའ་དབུས་ཐམས་ཅད་ནི་དབང་པོའི་གཞུ་རིས་ཀྱི་དྲ་བས་ཁེབས། ལྷའི་རོལ་མོའི་སྒྲ་དང་དྲི་བཟང་པོས་ནི་ཕྱོགས་མཐའ་དག་ཁྱབ། མེ་ཏོག་གི་ཆར་ཡང་ཆུ་ཚོད་ལྔ་ཙམ་གྱི་བར་བབས་ཏེ་རྨད་དུ་བྱུང་བའི་གཏམ་དེ་རིགས་ནི་བརྗོད་ལས་འདས་པ་ཡོད་དོ།།

 

བཞི་པ། ཐོས་བསམ་མཛད་ནས་འཕྲིན་ལས་བསྐྱངས་ཚུལ།

དེ་ནས་འཁྲུངས་མ་ཐག་བྷེེ་ཥ་ཛྱེའི་གཟུངས་ཐོགས་མེད་དུ་འདོན་ཞིང་ཡུམ་ལ་སྤྱན་མི་འཛུམ་པར་གཟིགས་པ་སོགས་མཛད། དགུང་ལོ་གསུམ་ཙམ་གྱི་ཚེ་བྱིས་པ་འཚོགས་པའི་དབུས་རྣམས་སུ་རྩ་ཆུའི་བརྟག་པ་དང་ས་རྡོ་སྔོ་སོགས་ལ་སྨན་གྱི་ངོས་འཛིན་མཛད་པ་སོགས་སྔོན་སྦྱངས་ཀྱི་བག་ཆགས་སད་པའི་རྒྱལ་སྲས་ཀྱི་བརྟུལ་ཞུགས་ཞུམ་པ་མེད་པར་སྟོན་ཞིང་འདི་ཉིད་གང་དུ་བཞུགས་པའི་གནས་ཀུན་ཏུ་སྨན་གྱི་དྲི་བཟང་པོ་རྟག་པར་འཐུལ་བས་ཐམས་ཅད་ངོ་མཚར་བའི་གནས་སུ་བྱེད་པ་དང་། ཆོས་སྤྱི་དང་གསོ་དཔྱད་ཀྱི་གཞུང་ལ་རྨོངས་པ་མེད་པའི་མཁྱེན་རབ་དང་ལྡན་པས་མི་ཀུན་གྱིས་འཇམ་དབྱངས་གཡུ་ཐོག་མགོན་པོ་ཟེར་བ་བྱུང་། དོན་དུ་ཡང་རྗེ་འདི་ཉིད་ཀྱི་གསུང་ལས།

གངས་ཅན་ཁྲོད་ཀྱི་གཡུ་ཐོག་མགོན།།

འཇམ་དཔལ་དཔའ་བོས་རྗེས་བཟུང་བས།།

ནད་དང་གཏན་ཚིགས་སྒྲ་རིག་དང་།།

བཟོ་དང་གསོ་བ་རིག་པ་ཡི།།

ཚིག་དོན་ཀུན་ལ་མཁས་པར་འགྱུར།།

            ཞེས་གསུངས་པ་ལྟར། མགོན་པོ་ངག་གི་དབང་ཕྱུག་གིས་རྗེས་སུ་བཟུང་བའི་མཐུས་དགུང་ལོ་བརྒྱད་པའི་ཚེ་རིག་པའི་གནས་ཀུན་དང་ཁྱད་པར་གསོ་བ་རིག་པའི་གཞུང་མན་ངག་དང་བཅས་པ་ཕུལ་དུ་ཕྱིན་པར་མཁྱེན་པས་སྨན་པའི་རྒྱལ་པོ་དངོས་དང་ཐ་མི་དད་པར་གྱུར་ནས་གསོ་དཔྱད་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པར་བསྐྱངས་པ་ནི་རྗེ་ཉིད་ཀྱི་གསུང་ལས།

ཁོ་བོ་གཡུ་ཐོག་མགོན་པོ་ཡིས།།

ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས།།

            ཞེས་གསུངས་སོ།། དེ་ལྟར་སྐྱེས་བུ་ཆེན་པོ་དེ་ཉིད་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཀུན་ལ་དབང་འབྱོར་ཡང་དཔེར་ན་རྒྱ་མཚོ་ཆེན་པོ་ཆུ་བོས་ངོམས་པ་མེད་པ་ལྟར་འཕགས་བོད་ཀྱི་སྐྱེས་མཆོག་དུ་མ་ལས་དམ་པའི་ཆོས་མཐའ་ཡས་པ་འདོམས་པར་མཛད་པའི་ནང་ནས་ཁྱད་པར་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསན་ཚུལ་ནི། རྗེ་འདི་དགུང་ལོ་བཅུ་བཞེས་པའི་ཚེ་ནུབ་གཅིག་མནལ་ལམ་དུ་གྲུབ་པའི་ལྷ་མོ་ཡིན་ཟེར་བའི་བུད་མེད་དར་སྔོན་གྱི་གོས་གྱོན་པ་ལག་ན་བདུད་རྩི་བུམ་པ་གང་ཁྱེར་བ་ཞིག་ན་རེ། བདུད་རྩི་བུམ་པ་གང་པོ་འདི་སྨན་གྱི་བླ་མས་ཁྱོད་ལ་བསྐུར་བ་ཡིན་པས་འདི་གསོལ་ཅིག་ཟེར་བ་ལྟར་མཆོད་པས་སྐུ་ལུས་ཐམས་ཅད་དུ་ཁྱབ་པ་ལྟ་བུ་ཞིག་བྱུང་བས་དེའི་མོད་ལ་སྐུ་དེ་ཉིད་ཤེལ་གྱི་རང་བཞིན་ལྟ་བུ་འོད་གསལ་ཞིང་ཕྱི་ནང་མེད་པར་གསལ་བ་ཞིག་ཏུ་སོང་། དེ་ནས་སྔར་གྱི་ལྷ་མོ་དེ་ན་རེ། ད་ནི་ལོ་གཉིས་ནས་ཁྱེད་ལ་གསོ་དཔྱད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དཔལ་ལྡན་རྒྱུད་བཞི་ཞེས་བྱ་བ་ཞིག་འབྱུང་བས། འགྲོ་བའི་དོན་རྒྱ་ཆེན་པོ་མཛོད་ཅིག་ཟེར་བ་རྨིས་པས་མནལ་སད་པ་དང་ཐུགས་ལ་དགྱེས་སྣང་ཆེན་པོ་འཁྲུངས། དེ་ནས་སང་ཉིན་དེར་དགེ་བཤེས་རོག་སྟོན་ཞེས་པ་དབུས་ཕྱོགས་སུ་གྲྭ་སྐོར་ལ་འབྱོན་མཁན་ཞིག་ལམ་བར་དུ་ཞབས་འབམ་གྱིས་སྙུང་ནས་གཡུ་ཐོག་ཆེན་པོའི་དྲུང་དུ་སྟོན་པར་བྱོན་པ་ལ་གཡུ་ཐོག་ཆེན་པོས་གཟིགས་པས་ཁོང་སྙུན་ལས་གྲོལ་ནས་དགའ་བཞིན་དུ་དབུས་ལ་བྱོན། ལོ་གཉིས་ཙམ་བཞུགས་པས་རོག་སྟོན་ལ་ནད་ཤིན་ཏུ་ཐུ་བ་ཞིག་གིས་ཐེབས་པས་སྨན་པ་འགའ་ཡར་ལ་གཏུགས་པས་དྲག་སྐྱེས་ཅི་ཡང་མ་བྱུང་བ་དབུས་པ་དར་གྲགས་ཀྱི་སྙན་པ་ཐོས་ཏེ། དེའི་དྲུང་དུ་ཕྱིན་ནས་འཕྲོད་བསྟེན་བགྱིས་པས་ནད་ལས་གྲོལ། དེ་ནས་ཁོང་ལ་ཆས་དམིགས་སུ་གཡུ་དྲུག་དམར་ནམ་མཁའ་གསལ་བྱ་བ་ནས་ཁལ་སྟོང་རི་བ་ཞིག་ཡོད་པ་དེ་དབུས་པ་དར་གྲགས་ལ་ཕུལ། གསོ་དཔྱད་ཀྱི་སློབ་དཔོན་ཞུས་ནས་རྒྱུད་འདི་ཞུས་པས། དབུས་པ་དར་གྲགས་ཀྱིས་རོག་སྟོན་ལ་རྒྱུད་མན་ངག་གཞུང་འགྲེལ་དང་བཅས་པ་གནང་ཞིང་། གཞན་ཡང་རྩ་བའི་ལྷ་མོའི་སྒྲུབ་ལུགས་གསུམ། གནོད་སྦྱིན་ཞང་བློན་གྱི་སྒྲུབ་ཐབས་གླང་ཆེན་འཁོར་ལོ་སོགས་སྩལ། དེ་ནས་རོག་སྟོན་ལོག་བྱོན་པའི་ཡར་ལམ་གཡུ་ཐོག་ཆེན་པོས་སྔ་སོར་རྐང་འབམ་བཅོས་པའི་དྲིན་དྲན་པ་དང་རྒྱུད་འདི་གཡུ་ཐོག་པ་ལ་ཕུལ་ན་ཕན་པ་རྒྱ་ཆེ་བར་དགོངས། སྒོ་བཞི་རེ་ཐང་དུ་བྱོན་ནས་གཡུ་ཐོག་པར་རྒྱུད་འདི་གཞུང་འགྲེལ་མན་ངག་དང་བཅས་པ་ཕུལ། དེ་ནས་རྒྱུད་འདིའི་ཡན་ལག་བརྒྱད་པ་སོགས་གསོ་དཔྱད་སྤྱི་དང་ཅུང་ཟད་མི་མཐུན་པའི་ཐད་རྣམས་ལ་གཡུ་ཐོག་ཡོན་ཏན་མགོན་པོ་དང་རོག་སྟོན་གཉིས་ཀྱིས་རྩོད་པ་མཛད་པས་རོག་སྟོན་རྒྱལ་བས་རྒྱུད་འདི་ཁུངས་བཙན་པར་གཟིགས་ཤིང་གོང་གི་ལུང་བསྟན་ཡང་ཐུགས་ལ་དྲན་ཏེ་གཡུ་ཐོག་པ་ཐུགས་ཤིན་ཏུ་མཉེས་ནས་རོག་སྟོན་ལ་རྟ་སྒ་སྲབ་དང་བཅས་པ་གཅིག་དང་རྒྱས་པ་འབུམ་གྱིས་གཙོ་བྱས་པའི་འབུལ་བ་གྱ་ནོམ་པ་ཕུལ། རེ་ཞིག་ཆིག་རྒྱུད་ཀྱི་བཀའ་རྒྱ་འགྲོལ་བ་མ་མཛད་པར་རྗེ་ཉིད་རང་གིས་ཟབ་བཞེས་སུ་མཛད།

 

རྒྱ་གར་དུ་ཐེངས་དང་པོ་ཕེབས་པ།
            དེ་ནས་དགུང་ལོ་བཅོ་བརྒྱད་དུ་ཕེབས་པའི་ཚེ་རྒྱ་གར་ལ་ཕེབས་ནས་ཐོག་མར་འཕགས་ཡུལ་ཀུ་དའི་གླིང་དུ་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་བ་ལས་ལྕང་ལོ་ནག་པོའི་རྒྱུད། ཝ་ར་ཎཱ་སི་སྟེ་འཁོར་མོ་འཇིག་ཏུ་ཡན་ལག་བརྒྱད་པ། སོ་མ་རཱ་ཛ། ཕན་པའི་མདོ། རིན་ཆེན་སྤུངས་པ། ཀུ་མུ་ད། རེག་པ་རྩ་མདོ། སྲོག་སྐྱོབས་ཊི་ཀི། སིང་གྷ་ལའི་གླིང་དུ། ཟླ་ཟེར་དཀར་ནག་བདུད་རྩིའི་བུམ་པ་ཆེ་འབྲིང་ཆུང་གསུམ། རྒྱལ་པོའི་ཁབ་ཏུ་དཔའ་བོའི་བསྟན་བཅོས་ཡན་ལག་བརྒྱད་པ། འཁྲུངས་དཔེ་ཆེ་ཆུང་། རྡོ་སྦྱོར་གབ་པ། གསེར་གླིང་དུ་དྲང་སྲོང་ཕྱོགས་ཀྱི་གོ་ཆ་ལ་རྒྱུད་བཞི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། ཤ་ཁྲག་འཚོ་བ་སྙིང་རྗེ་མེད་པའི་རྒྱུད། སྲོག་ཆགས་སྒྲོལ་བའི་རྒྱུད། སྒྲོལ་མ་འབྱུང་རྒྱུད། གསེར་སོགས་རིན་པོ་ཆེའི་བཟོ་རྒྱུད། གྲོ་གའི་འདབ་མའི་རྒྱུད། འཇམ་དཔལ་ཡབ་ཡུམ་གྱི་རྒྱུད། བསེ་སྒྲོམ་གྱི་རྒྱུད། དཔའ་བོ་འཆིངས་གྲོལ་གྱི་རྒྱུད། རོ་བཀྲའི་ལེའུ། རོ་བཀྲ་སིལ་བུའི་ལུང་། འབྱུང་བ་སོ་སོའི་རྒྱུད། རྩ་མདོ་ཆེན་མོ། སྙིང་པོ་བསྟན་པའི་རྒྱུད། ལུས་ཀྱི་རྣམ་གཞག་བདུད་རྩི་ཐེམ་ཡིག རེག་པ་རྩ་དཔྱད། རྒྱ་ཡིག་སྨྲ་ཆུང་། གུ་ཎ་ཤ་སྐྲའི་རྒྱུད། བམ་པོ་སུམ་བརྒྱ་པ། ཀ་ལའི་ཚལ་ཞེས་པའི་ནགས་གསེབ་ཅིག་ཏུ་ལྷ་མོ་བདུད་རྩི་མ་དང་མཇལ་ནས་ཞུས་ལན་སྐོར་གསུམ་དང་རྨ་རྩི་འཆི་མེད་བཅད་འབྱོར་གནང་། སླར་ཡང་ལྷ་མོ་དེས་བེ་དྷའི་གླིང་དུ་མཆོག་ཐུན་གྱི་དངོས་གྲུབ་དུ་མ་སྩལ་ཞིང་གསོ་དཔྱད་ཀྱི་གཞུང་སྒྲོལ་མ་སྐོར་གསུམ་སོགས་གནང་སྟེ་ལམ་གྱི་འཇིགས་པ་རྒྱལ་པོའི་ཆད་པ་དང་། དུག་སྦྲུལ། གླང་ཆེན། སྟག་གཟིག དོམ་དྲེལ། ཆོམ་རྐུན་སོགས་འཇིགས་པ་ཐམས་ཅད་ཀྱིས་སྐད་ཅིག་ཀྱང་གནོད་པ་མེད་པར་ལྷ་མོ་ཉིད་ཀྱིས་བསྐྱབས་ཏེ། དགུང་ལོ་ཉེར་གཅིག་ལ་བོད་ཡུལ་གྱི་ཤངས་དཔལ་སྒྱེར་ཕེབས་ནས་བུ་དང་སློབ་མ་འདུ་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལས། དགུང་ལོ་སུམ་ཅུ་སོ་བཞིར་ཕེབས་པའི་ཚེ་ནུབ་ཅིག་འོད་གསལ་གྱི་ཀློངས་སུ་ལྷ་མོ་བདུད་རྩི་མས་འདི་སྐད་ཟེར་རོ། །གཡུ་ཐོག་ཆེན་པོ་ད་དུང་རྒྱ་གར་ལ་ཕེབས་ཤིག ཕྱི་རབས་སྐལ་ལྡན་རྣམས་ལ་ཕན་པ་བླ་ན་མ་མཆིས་པ་འབྱུང་བར་འགྱུར་རོ་ཟེར་མི་སྣང་བར་སོང་ངོ་།།

 

འཕགས་ཡུལ་དུ་ལན་གྲངས་དྲུག་ཕེབས་པ།

དེ་ནས་ཡང་གཡུ་ཐོག་ཆེན་པོ་རྒྱ་གར་ལ་ཕེབས་པས་དྲང་སྲོང་ཙ་ར་ཀ་སོགས་པཎ་གྲུབ་དུ་མ་དང་མཇལ། ཡེ་ཤེས་ཀྱི་མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་བས་རྗེས་སུ་བཟུང་ནས་ཡན་ལག་བརྒྱད་པ་བསིལ་ཟེར་གྱི་གནད་རྒྱུད་རིགས་དྲུག་ཅུ་རྩ་ལྔ་སོགས་གནང་ཞིང་། ཁྱད་པར་ཟབ་པ་ལས་ཀྱང་ཆེས་ཟབ་པ་ངེས་གསང་རྡོ་རྗེ་ཐེག་པའི་གསང་ལམ་གྱི་གདམས་པ་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ལུང་དང་བཅས་གནང་བ་བཞེས་ནས་སླར་ཡང་བོད་དུ་ཕེབས། ལུས་ཅན་ཇི་སྙེད་པའི་ན་བ་དང་འཆི་བའི་སྡུག་བསྔལ་མཐའ་དག་བསལ་ཏེ་མཐོང་ཐོས་དྲན་རེག་གི་སྐྱེ་དགུ་རྣམས་ཐར་བའི་ལམ་ལ་བཀོད་པས་ལྷ་མི་ཀུན་གྱི་མཆོད་ཡུལ་བླ་ན་མེད་པ་རྩོད་བྲལ་གྱི་མཁས་གྲུབ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་སྙན་གྲགས་ཀྱི་གདུགས་དཀར་པོ་གཅིག་གིས་ས་གསུམ་གྱི་ཁོང་ཡང་ཡོངས་སུ་མཛེས་པར་བྱས་སོ།།

            ཡང་སྐྱེས་བུ་ཆེན་པོ་དེའི་འཕགས་མཆོག་གི་བརྟུལ་ཞུགས་དཔག་དཀའ་བའི་སྒོ་ནས་རྒྱ་གར་སོགས་ཡུལ་དུ་མར་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས་པ་བསྟན་པ་ནི། གཏན་ཚིགས་ཀྱི་རིག་པ་བཞིའི་སྒོ་ནས་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་ཡོངས་སུ་ཕམ་པར་མཛད་དེ་ཀུན་མཁྱེན་ཤཱཀྱ་སེང་གེའི་བསྟན་པའི་རྒྱལ་མཚན་བླ་ན་མེད་པ་བཙུགས། དེ་ནས་བདག་ཉིད་ཆེན་པོ་ལྷོ་ཕྱོགས་དཔལ་གྱི་རི་བོ་ལ་བྱོན་པའི་ལམ་དུ་མི་རྒོད་ཀྱི་ཇག་པས་བར་དུ་གཅོད་པར་བརྩམས་པ་ལྟ་སྟངས་ཤིག་མཛད་པས་ཐམས་ཅད་རེངས་ཤིང་བརྒྱལ་བས་ཁོང་རྣམས་ཀྱི་བར་དུ་གཅོད་པའི་དམ་བཅའ་ནམ་མཁའི་འཇའ་ལྟ་བུར་ཡལ། སྐབས་ཤིག་ཨྱོན་གྱི་ཡུལ་དུ་བྱོན་པ་ན་ཤ་ཟའི་མཁའ་འགྲོ་རྣམས་ཁྲོས་ནས་གནམ་ལྕགས་ཕབས་པས་རྗེ་འདིས་སྡིགས་མཛུབ་ཅིག་གཏད་པས་ཁོང་རྣམས་དྲན་མེད་དུ་བརྒྱལ་ཏེ་ས་ལ་ལྷུང་། སིང་གྷ་ལའི་གླིང་ལ་གྲུ་རྫིངས་ལ་ཞུགས་ཏེ་བྱོན་པས་མུ་སྟེགས་ཀྱིས་ངན་སྔགས་བཅུག་པའི་མཐུས་གྲུ་རྫིངས་རྒྱ་མཚོའི་དབུས་སུ་ཞིག་པར་གྱུར་པའི་ཚེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱ་བཞིན་འཕུར་ནས་གྲོགས་རྣམས་ཀྱང་ཉེས་པའི་གཡང་ལས་དབུགས་དབྱུངས་བར་མཛད། ཀ་ལའི་ཚལ་དུ་དུག་སྦྲུལ་གྱི་ཁ་རླངས་མུན་པ་ལྟར་གཏིབས་པའི་ཚེ། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ལ་བཞུགས་པས་དེ་མ་ཐག་ཞི་བར་གྱུར་བ་དང་། སྐབས་འགར་རི་རབ་སོགས་ལ་ཐོགས་མེད་དུ་བྱོན་པ་དང་འཁོར་འདས་ཀྱི་བརྟན་གཡོའི་དངོས་ཀུན་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གཟིགས་པ་སོགས་མདོར་ན་སློབ་དཔོན་ཟླ་བ་གྲགས་པས། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང་།། ཞེས་སོགས་གསུངས་པའི་འཕགས་པའི་ཡོན་ཏན་ཟད་པར་ཟིལ་གྱིས་གནོན་པའི་སྐྱེས་མཆོག་མངོན་དུ་གྱུར་པའི་མཚན་མ་འཁྲུལ་བྲལ་གདུལ་བྱའི་བློ་དང་འཚམ་པའི་བཀོད་པ་ཆུ་ཟླའི་རོལ་གར་སོ་སོའི་སྐྱེ་བོའི་བློས་དཔྱོད་མི་ནུས་པ་ཞིག་སྟེ། བལ་ཡུལ་དུ་བོན་དང་རྫུ་འཕྲུལ་འགྲན་པའི་ཚེ་ཉིན་ཕྱེད་ཀྱི་བར་དུ་ནམ་མཁར་བཞུགས་ཤིང་། དམ་པའི་ཆོས་བཀའ་འགྱུར་བསྟན་འགྱུར་ཐུགས་ཐོག་ནས་འཆད་པས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་པཎ་ཆེན་བརྒྱ་ཕྲག་གི་ཚོགས་དཔོན་མཛད།

            སླར་ཡང་རྒྱ་གར་རྡོ་རྗེ་གདན་ནས་བོད་གངས་ཅན་གྱི་བར་རྫུ་འཕྲུལ་གྱིས་ཉིན་ལམ་གཅིག་ལ་བཅད་ནས་སྐྱེས་སུ་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་གནས་དེར་སྐྱེས་པའི་མེ་ཏོག་སོ་མ་བསྣམས་ཏེ་བོད་ཡུལ་དུ་ཕེབས། གཞན་ཡང་རྒྱ་གར་ལ་ལན་དྲུག་སྐོར་ཞིང་འཕགས་ཡུལ་མ་ཧ་རཱ་ཛའི་མཆོད་གནས་མཛད་པ་ནི། རྗེ་ཉིད་ཀྱི་གསུངས་ལས།

རྒྱ་གར་འཕགས་ཡུལ་ལན་དྲུག་སྐོར།།

མ་ཧ་རཱ་ཛས་མཆོད་གནས་བྱས།།

མུ་སྟེགས་སྟོན་པ་དྲེགས་པ་ཅན།།

དཔོན་སློབ་ལྔ་བརྒྱ་རིག་པས་བཅོམས།།

རྒྱལ་བའི་བསྟན་ལ་བྱ་བ་བྱས།།

རྡོ་རྗེ་གདན་དུ་སླེབས་པའི་ཚེ།།

པཎ་ཆེན་མང་པོའི་ཚོགས་དཔོན་བྱས།།

མཁས་པ་ཚོགས་པའི་གཙུག་རྒྱན་ཡིན།།

རང་འདོད་མི་ཤེས་དྲང་གཏམ་ལགས།། ཞེས་གསུངས་སོ།།

 

རྗེ་ཉིད་ཀྱི་རྩོམ་གཞུང་དང་བུ་སློབ་སྐོར།

དེ་ལྟ་བུའི་སྐྱེས་བུ་དེ་ཉིད་ཀྱིས་ཕྱི་རབས་སེམས་ཅན་རྣམས་དང་། བུ་སློབ་ཀྱི་དོན་དུ་ཟབ་ཁྱད་ཀྱི་འགྲེལ་པ་མན་ངག་སྤྱི་དང་ཁྱད་པར་དུ་ཐུགས་རྩོམ་མཛད་པ་ནི། རྗེ་ཉིད་ཀྱི་གསུངས་ལས། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ལས། །གསོ་དཔྱད་རིན་ཆེན་གཏེར་ཕྱུང་སྟེ། །ཕྱི་རབས་རྗེས་འཇུག་གསོ་བའི་ཕྱིར། །ཞེས་གསུངས་པ་བཞིན་གསོ་དཔྱད་སྤྱིའི་ཐུགས་རྩོམ་ནི། བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་དང་། དཔའ་བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་པ་མཐོང་བའི་མེ་ལོང་། རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ། ལག་ལེན་པོད་ཆུང་། མན་ངག་ཤོག་དྲིལ་སྐོར་གསུམ། རྒྱུད་ཆུང་བ། ཉམས་ཡིག་བུ་དོན་མ་རྣམས་མཛད། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་གངས་ཅན་གྱི་ལྗོངས་སུ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ། སྐད་གསར་བཅད་ཀྱིས་གཏན་ལ་ཕབས་ནས་གསེར་མཆན། ཟོང་མཆན་གཉིས་བཏབ་རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་པར་བསྒྲིགས་ནས་སྐལ་ལྡན་གྱི་ཐུགས་སྲས་དམ་པ་སུམ་སྟོན་ཡེ་ཤེས་བཟུང་ལ་གདམས་སོ།། གཞན་ཡང་རྒྱལ་བའི་བསྟན་པ་གསལ་བྱེད་མདོ་སྔགས་ཀྱི་གསུང་རབ་དུ་མའི་དགོངས་འགྲེལ་རྩོམ་པར་མཛད། རྗེ་འདི་ལ་གྲྭ་བུ་སློབ་ཀྱང་ནམ་མཁའི་སྐར་ཚོགས་བཞིན་གྲངས་བར་མི་དཔྱོད་པ་བྱུང་བའི་གཙོ་བོ། སྣོད་ལྡན་སྐལ་བཟང་གི་སློབ་བུ་སུམ་སྟོན་ཡེ་ཤེས་བཟུང་གིས་དབུ་མཛད་པའི་ལྗང་སྨན་ལེབ་སེ། འབལ་སྨན་ཉི་མ། སྟོན་པ་ཨ་ཆོས། ཤ་རམ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ། དགེ་བཤེས་རོག་ཆུང་སོགས་མཁས་པ་མིང་དང་དོན་མཐུན་པ་སུམ་བརྒྱར་ཉེ་བ་བྱུང་།

 

ནམ་མཁའ་ནས་ཨ་རུ་རའི་ཆར་འབབ་པ་དང་དེའི་རྒྱུ་རྐྱེན་བཤད་པ།

            དེ་ནས་གཡུ་ཐོག་ཆེན་པོ་དཔོན་སློབ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་གཞོལ་བའི་ཀློང་ནས་འགྲོ་ཕན་རྒྱ་ཆེ་བར་ཞུགས་པ་ལས། དཔོན་སློབ་བརྒྱ་ལྷག་ཙམ་གཙང་གི་ཚོང་འདུས་མགུར་མོར་བཙད་པོ་ཇོ་དར་ཡབ་སྲས་རྣམས་ཀྱིས་སྤྱན་དྲངས། དུས་དེར་སྨན་དང་སྒྲའི་བཤད་པ་མཛད། དབུ་མ་རྩ་བ་ཤེས་རབ་ལ་ཊིཀྐ་ཐུགས་རྩོམ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་འཁྲིད་བསྐྱངས་པའི་ཆོས་གཞིས་ཟླ་བ་ལྔ་བཏེག དེ་རྣམས་ལེགས་པར་ཚར་ནས་དགའ་སྟོན་གྱི་ཉིན་པར་བཙད་པོས་ཚོགས་ཀྱི་མཆོད་པ་འདོད་པའི་ལོངས་སྤྱོད་མ་ཚང་བ་མེད་པ་རྒྱ་ཆེན་པོ་བཤམས་ཤིང་། རྗེ་བཙུན་གཡུ་ཐོག་པའི་དྲུང་དུ་གསེར་བྲེ་ཆེན་གཅིག དངུལ་བྲེ་གཉིས། ཆིབས་པ་ངང་བ་ཁྱུང་གཤོག་གིས་འགོ་བྱས་པའི་ཆིབས་པ་ལྔ། ཆིབས་རོལ་དྲུག ཇ་སུག་དགུ ཚོས་ལྟང་། མཛོ་གཡག གྲི། གོས། དར་ཡུག འཕན་དྲི་ཡུག ཀ་ཏན་གྱིས་གཙོས་པའི་འཇམ་ཕྲུག་བུབས་ལོངས་རེ་རེ་བཞིན་དགུ་ཚན་རེ་ཕུལ། ཟ་འོག་ཡུག་གཉིས། གསེར་འབུམ་ཚར་གཅིག གཡུ་དམར་ཉི་མ་ཁྲོམ་གཤོག་སྲས་མོ་ལྷ་མཛེས་མའི་མགུལ་དུ་བཏགས་ནས་ཕུལ། བུ་སློབ་སྤྱི་ལའང་གཏང་རག་རྙེད་བཀུར་སོ་སོར་གྲྭ་ལ་འགྱེད། སྤྱི་འབུལ་ཕུན་སུམ་ཚོགས་པ་དང་བཅས་པ་སྒྲུབ་པའི་ཚེ་དེའི་དུས་སུ་དྲུང་གནས་བཙད་པས་ཡོན་བདག་རྣམས་ལ། སྨན་བླ་གསང་སྒྲུབ་ཀྱི་དབང་དང་། བཀའ་སྲུང་ཆོས་སྐྱོང་གི་རྗེས་གནང་། དྲང་སྲོང་རྒྱུད་པའི་བྱིན་རླབས། དངོས་གྲུབ་སྨན་འགྱེད་ཀྱི་ཆོ་ག ཞི་ཁྲོ། ཀྱཻ་རྡོར། རྡོ་རྗེ་ཕུར་པ་ལ་སོགས་ཀྱི་དབང་བླ་མ་གཞན་གྱིས་ཟླ་བ་གཅིག་ལའང་མི་ཟིན་པ་མང་པོ་སྟ་གོན་ནས་བཟུང་སྟེ། མཇུག་ཡན་ལྷག་ཆད་མེད་པར་གཙང་སིང་མཛད་ཅིང་། དེའི་ཉིན་ཉི་མ་གཏིང་བར་བཟུང་ཞིང་ཁྱད་པར་དུ་རྫུ་འཕྲུལ་སྐུའི་བཀོད་པའི་ཆོག་གང་མཛད་རྣམས་ལྷའི་སྐུར་མཐོང་བ་དང་། ལ་ལས་རྒྱ་གར་གྱི་ཛོ་ཀི་སྔོ་བསང་ངེ་བ་ཨ་རུའི་སྡོང་པོའི་བསིལ་གྲིབ་ལ་སྐུ་རྒྱབ་བསྟན་པ་ཤིང་ལོའི་ན་བཟའ་ཅན་ཁྲི་རྙན་ས་ལའི་རྭ་དུང་འབུད་པར་མཐོང་བ་དང་། པཎྜི་ཏའི་ཆ་ལུགས་གཙང་མ་ཅན་དང་། དགེ་འདུན་གདིང་ལྷུང་དང་འཁར་གསིལ་ཀ་པཱ་ལ་ཐོགས་པས་སྐོར་བ་དང་། རྣལ་འབྱོར་པ་སྨུག་ནག་རལ་བའི་ཐོར་ཅོག་ཅན་སྤྱན་རྩ་དམར་བ་རས་ནག་གི་སྨད་གཡོགས་དང་། རུས་པའི་རྒྱན་གྱིས་སྤྲས་ཤིང་ཌཱ་མ་རུ་འཁྲོལ་བ་རས་གོས་གྱོན་པའི་བུད་མེད་ལྔས་ཐོད་པར་ཆང་འདྲེན་པ་དང་། གཡུ་བྱ་ནེ་ཙོ་ཤིན་ཏུ་མཛེས་པ་གཅིག་གིས་གསོ་དཔྱད་ཐོགས་མེད་དུ་འཆད་པ་ལ་སོགས་རྫུ་འཕྲུལ་ཡ་མ་ཟུང་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པས་ཡིད་འཕྲོག་སྟེ་མཚར། དེ་དང་དུས་མཉམ་དུ་ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཁ་དོག་སྣ་ལྔ་འོད་ཟེར་གྱི་དྲ་བ་སྤེལ་མའི་མཚོན་པའི་གུར་ཕུབ། སྔོན་ཆད་ཚོར་མ་མྱོང་བའི་དྲི་ཞིམ་པོའི་སྤོས་ཀྱི་ངད་པས་ས་ཕྱོགས་དེའི་ཁོར་ཡུག་ཏུ་ཁྱབ་ཅིང་། མེ་ཏོག་ཁ་དོག་ལྔ་དང་ལྡན་པ་འདབ་མ་བཞི་པ་ནས་བཅུ་དྲུག་གི་བར་གྱི་ཆར་ཆེན་པོ་འབབ་པ་ལ་བྱིས་པ་རྣམས་རྩེ་ཞིང་འཛིངས། ལྷའི་རོལ་མོ་ཟབ་ཅིང་སྙན་པ་རྒྱུན་ཆགས་སུ་སྒྲོག་པའི་སྒྲ་ལ་བྱ་དང་རི་དྭགས་རྣམས་ཀྱང་གཡེངས། ཁྱད་པར་བཙད་པོའི་གཞིས་ཀའི་ལྕགས་རིའི་ནང་ཚུན་དུ་ཨ་རུ་ར་གསེར་མདོག་རློན་པའི་ཆར་པ་བབས་པ་ལ་མི་རྣམས་སུ་ཐོབ་ལ་རྩོད་པས་ཆུ་ཚོད་གཅིག་གི་ཡུན་ཙམ་ན་ཆད་སོང་བས། དེར་རྗེ་རིན་པོ་ཆེའི་ཞལ་ནས། ཁྱེད་རྣམས་ཀྱིས་བརྩོད་པས་དམ་སེལ་གྱིས་སྒྲིབ་པའི་ལྷ་རྣམས་ཅུང་ཟད་ཁྲོས་ནས་ཆར་ཆད་པ་ཡིན། དེ་ལྟར་མ་རྩོད་ན་ཨ་རུ་ར་ཟད་མེད་ཅིག་དང་གཞན་ཡང་སྨན་ལ་སོགས་པ་ཅི་འདོད་ཡོང་བ་ཡོད་ཀྱང་རྟེན་འབྲེལ་ཅུང་ཟད་མ་འགྲིག་གསུངས། གཞན་ཡང་ཨ་རུ་ར་དེ་རྣམས་ལས་ཁྱད་པར་དུ་འཕགས་པ་ཆེ་ཆུང་སྙིམ་པ་ཁ་སྦྱར་བ་ཙམ་ལ། ཁ་དོག་སེར་པོ་འོད་དུ་འབར་བ་འཛམ་བུ་ཆུ་བོའི་གསེར་གྱི་འོད་ཀྱང་མོག་མོག་པོར་བྱེད་པ། དབྱིབས་ཀུ་བ་ལྟ་བུ་ཞིག་རྗེའི་སྐུ་འཕངས་སུ་བབས་པ་ལས། དེ་ཉིད་སྲས་ལ་འདི་ཁོ་བོ་ལ་ལྷ་ཚངས་པས་སྦྱིན་པར་འདུག ཕྱིས་འབྱུང་ཚོས་འདི་ལ་གསོལ་བ་བཏབ་ནས་ཁྲུས་གསོལ་བའི་ཆུ་འཐུང་ན་དགོས་འདོད་ཐམས་ཅད་བདེ་བླག་ཏུ་འབྱུང་ཞིང་ནད་སེལ་བ་སྨན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཀྱང་ཁྱོད་བོད་མ་གོ་བས་འདི་གཉེར་ར་མི་ཡོང་ངམ། འོན་ཀྱང་གཅེས་སྤྲས་ཡང་དག་གྱིས་ལ་ཆོངས་གསུངས་ནས་གནང་། དེར་བུ་སློབ་རྣམས་ཀྱིས་ཨ་རུ་ར་རྙེད་ཚད་ཕྱོགས་གཅིག་ཏུ་བསགས་ནས་བགོས་པས་ཚོང་འདུས་མགུར་མོའི་བྲེ་བཅོ་ལྔ་ཕུལ་ཕྱེད་རེ་ཐོབ། བཙད་པོའི་ལྕགས་རིའི་ནང་ན་གང་ཡོད་ཀྱི་མི་དང་ཕྱི་ནས་གསར་དུ་ཐོན་པའི་མིས་ཀྱང་མང་དུ་ཐོབ་སྟེ། ཐམས་ཅད་ཡ་མཚན་ཞིང་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ། རྗེ་ཉིད་ཀྱི་གསུང་མགུར་ལས།

གཙང་གི་ཚོང་འདུས་མགུར་མོ་རུ།།

རྟ་བདུན་རྒྱལ་པོ་བཙོན་དུ་བཟུང་།།

རྣམ་རྒྱལ་གསེར་མདོག་ཆར་དུ་ཕབ།།

ཞེས་སོ། །དེ་དུས་སུམ་སྟོན་ཆེན་པོས་ཞུས་པ། འདི་ལྟ་བུའི་ཁྱད་པར་ཅན་ཡོང་བའི་རྒྱུ་རྐྱེན་གང་ལགས་ཞུས་པས། གཡུ་ཐོག་ཆེན་པོས་གསུངས་པ། འདི་ལྟ་བུ་ཡོང་བའི་རྒྱུ་རྐྱེན་ཁྱེད་ཀྱིས་མ་གོའམ། ཁོ་བོ་ཕྱི་ལྟར་རིག་པའི་གནས་ལྔ་ལ་སྦྱངས་པའི་མཁས་པ་འགྲན་ཟླ་མེད་པ་སྟེ། རྒྱ་གར་དུ་མུ་སྟེགས་དེ་ཙམ་བཏུལ་ནས་ནང་པའི་བསྟན་པ་ལ་བཅུག བོད་ཡུལ་འདིར་ཡང་ད་ལྟ་འཆད་རྩོད་རྩོམ་གསུམ་གྱི་ཚུལ་ལ་ཁོ་བོ་ལ་འགྲན་པར་སུས་སྤོབས། ནང་ལྟར་གྲུབ་པ་ཐོབ་པའི་ཚུལ་ཡང་རྐང་མགྱོགས་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་ནི། དེང་སང་གངས་ཅན་པ་སྣང་བ་དག་མ་དག་ཀུན་གྱི་མིག་ལམ་དུ་གནང་བ་འདི་ཀ་ཡིན། གསང་བ་ལྟར་ན་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ལུས་པ་མེད་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ཁོ་བོ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པས། མཆོག་གི་དངོས་གྲུབ་ཐོབ་བམ་མ་ཐོབ་ཐེ་ཚོམ་ཟ་བར་མ་བྱེད། ཁྱད་པར་རྒྱ་གར་དུ་འཚོ་བྱེད་གཞོན་ནུ་གུ་རུ་པདྨ། དཔའ་བོ། དམ་པ། བིརྺ་པ། སྐྱེས་བུ་མེ་ལྷ། བོད་ཡུལ་འདིར་སྲོང་བཙན་སྒམ་པོ། གཡུ་ཐོག་རྙིང་མར་གྲགས་པ་ཡོན་ཏན་མགོན་པོ། དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན་ཅིང་། རྒྱ་གར་གྱི་གྲུབ་ཆེན་གཞན་ཐམས་ཅད་དང་ཁོ་བོ་རྟོགས་པ་དང་ནུས་མཐུ་རྫུ་འཕྲུལ་མཉམ་པ་ཡིན་ལ། ཞིང་ཁམས་འདིའི་གདུལ་བྱ་རྫོགས་པའི་མཐར་ལུས་ཀྱི་ཕུང་པོ་འདི་མ་སྤངས་པར་སྨན་གྱི་བླ་མ་མི་བསྐྱོད་རྒྱལ་པོའི་ཞིང་ཁམས་སུ་འགྲོ་བའང་ཁྱེད་ཀྱིས་ད་དུང་ཀྱང་མ་རིག་གམ་གསུངས།

            ཡང་སུམ་སྟོན་ཆེན་པོས་ཞུས་པ། འོ་ན་རྗེ་ཉིད་རྟེན་སྐྱ་བོར་བཞུགས་པ་དང་སྲས་ཕོ་མོ་ཡུམ་དང་བཅས་པས་ལན་པ་ལགས་སམ་གདུལ་བྱ་འཕྲིན་ལས་འགྲོ་དོན་འདི་ལས་རྒྱ་ཆེ་ཞིང་སྙན་པས་ས་སྟེང་ཁྱབ་པ་གཅིག་འོང་ཐང་བ་ལགས་ཞུས་པས། ཁྱེད་ཀྱི་སྣང་ངོར་ང་དང་ཁྱེད་གོམས་འདྲིས་ཁྱེར་ནས་མ་མཐོང་བ་ཡིན། སྤྱིར་སེམས་ཅན་མ་དག་པའི་སྣང་བ་ཅན་རྣམས་ལ་སྟེང་ནས་སངས་རྒྱས་ཀྱི་ཆར་བབས། འོག་ནས་སངས་རྒྱས་ཀྱིས་ས་གཡོས། བར་ནས་སངས་རྒྱས་ཀྱིས་ན་བུན་ལྟར་གཏིབས། ནང་ནས་སངས་རྒྱས་ཀྱིས་ཐང་བཏང་། ཕྱི་ནས་སངས་རྒྱས་ཀྱིས་འབྱར་ལུམས་བྱས་ཀྱང་། དེས་སངས་རྒྱས་མཐོང་བ་དང་ཆོས་ཞུ་བའི་སྐལ་ཅན་བྱེད་མི་ནུས་ཏེ། འཕགས་པ་ཐོགས་མེད་ཀྱིས་བྱམས་མགོན་སྤྱི་བོར་བཞག་ནས་བསྟན་པས་མི་བྱིང་གིས་མ་མཐོང་ཞིང་། རྒན་མོ་ལས་སྒྲིབ་ཅུང་ཟད་སྲབ་པ་གཅིག་གིས་ཁྱི་མོ་སྟོད་ཁོག་གསོན་པོ་ཞེ་སྡང་གི་དབང་གིས་ཕྱོགས་བཅུར་རྒྱུག་པ། ཁོག་སྨད་རུལ་ཞིང་འབུས་གཡེང་པ་གཅིག་ཏུ་མཐོང་བ་དང་། ཁྱད་པར་དུ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་དང་།། ཞེས་གསུངས་པ་ལྟར། ནམ་མཁས་གར་ཁྱབ་བདེ་བར་གཤེགས་པའི་སྐུས་གང་བར་བཞུགས་པ་ཐག་ཆོད་ཀྱང་། སྒྲིབ་པ་མ་དག་པ་རྣམས་ཀྱིས་མཐོང་བར་མ་ནུས་པ་ལས། སངས་རྒྱས་བསམ་པ་ངན་ནས་སྐུ་མ་བསྟན་པ་ག་ལ་ཡིན། ཁོ་བོ་གཅིག་པོར་མ་ཟད་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་དང་། བོད་ཀྱི་མར་པ་མི་ལ་ལ་སོགས་པ་ཡང་གྲུབ་པ་ཐོབ་པའི་རྟགས་མེད་པའམ། མ་བསྟན་པ་མིན་ཀྱང་སྐལ་བ་དང་ལྡན་པ་རེ་རེ་ཙམ་མ་གཏོགས་ཕལ་ཆེར་གྱིས་སྨྱོན་པའམ། ལས་ངན་ཅན་མི་དགེ་སྤྱོད་པར་མཐོང་བ་དང་འདྲ་སྟེ། དཔེར་ན་མཁྲིས་ནད་ཅན་གྱི་མིག་ལམ་དུ་དུང་སེར་པོར་མཐོང་བ་ལྟར་རོ་གསུངས།

            དེ་ལྟ་བུའི་རྫུ་འཕྲུལ་སྐུའི་བཀོད་པ་དང་ཡོན་ཏན་བརྗོད་པར་དཀའ་བའི་སྐྱེས་ཆེན་དམ་པ་མ་ཧ་གུ་ཎ་དཔོན་སློབ་ཕྱེད་དང་སུམ་བརྒྱ་ལྷག་ཙམ་ཞིག་སྐྱིད་གྲོང་དུ་རྒྱལ་པོ་ལྷ་བཙུན་གྱིས་སྤྱན་དྲངས་ཤིང་ཟླ་བ་བཞིའི་མཆོད་གཞིས་བཏེགས་པས་རྗེ་ཉིད་ཀྱིས་བདུད་རྩི་སྨན་སྒྲུབ་སོགས་ཟབ་ཆོས་དཔག་ཏུ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་པས་རྒྱལ་པོ་ལྷ་བཙུན་སོགས་དེར་འདུས་ཀྱི་སྐྱེས་འགྲོ་ཕལ་ཆེར་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང་། དེར་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་ཡང་། ཕྱོགས་དེའི་དགེ་འདུན་ཐམས་ཅད་སྤྱན་དྲངས་ནས་རང་རང་སོ་སོ་གང་དང་གང་ལ་འདྲིས་པའི་ཐུགས་དམ་མཛད་པར་གསོལ་ཞིང་ཞག་མང་པོའི་བར་དུ་བསྙེན་བཀུར་ཕུན་སུམ་ཚོགས་པའི་སྒོ་ནས་མཆོད། སྤྲང་པོ་དང་ནད་ཀྱིས་མནར་བའི་ཉམ་ཐག་པ་རྣམས་ལ་ཟང་ཟིང་གི་དངོས་པོ་གང་ལ་གང་འདོད་དང་། ཁྱད་པར་དུ་སྨན་གྱི་སྦྱིན་པ་རླབས་པོ་ཆེའི་སྒོ་ནས་དབུགས་དབྱུང་བར་མཛད་ཅིང་། ཇོ་བོ་རང་བྱོན་ཝ་ཏི་བཟང་པོའི་དྲུང་དུའང་ཐ་མལ་གྱི་བློས་མི་འཁྱུད་པ་ལྟ་བུའི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པ་ལྟ་བུ་བཤམས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ནས་མཆོད་འབུལ་དང་སྨོན་ལམ་མཛད་པའི་དུས་སུ་ཀུན་གྱིས་མཐོང་བར་ཇོ་བོ་རང་བྱུང་ཝ་ཏི་བཟང་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཉི་འོད་གསལ་བའི་དཀྱིལ་ནས་ཟག་པ་མེད་པའི་རང་སྒྲ་ཡི་གེ་དྲུག་པ་དང་བྷཻ་ཥ་ཛྱེའི་གཟུངས་རིང་དིར་རི་རི་སྒྲོགས་པ་བྱུང་ཞིང་། འོད་དེ་དང་དྲི་ཞིམ་པོ་མཚར་དུ་དངར་བའི་ངད་ཀྱིས་སྐྱིད་གྲོང་གི་ལུང་པ་ཐམས་ཅད་ཁོར་ཡུག་ཏུ་ཁྱབ་པ་བྱུང་། སླར་འོད་དེ་ཉིད་རྗེ་བཙུན་ཆེན་པོ་མ་ཧྭ་གུ་ཎའི་དབུའི་གཙུག་ཏུ་ཐིམ་པ་དང་དུས་མཉམ་དུ་ས་ཆེན་པོ་རབ་ཏུ་གཡོས་པས། དེའི་ཚེ་རྗེ་བཙུན་གཡུ་ཐོག་ཆེན་པོ་དར་ཅིག་ཅང་མི་གསུང་བར་བཞུགས་འདུག

 

སུམ་སྟོན་ལ་གཡུ་ཐོག་གི་བླ་སྒྲུབ་བཀའ་ལུང་བསྩལ་ཚུལ།

            རྗེས་སུ་ཡུལ་རུ་མཚམས་སུམ་པའི་བུར་སྐྱེས་པ་ཛྙ་ན་དྷ་ར་ཞེས་པ་རྗེ་ཉིད་ཀྱི་ཞབས་རྡུལ་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན་ཞིང་། ལུས་ལོངས་སྤྱོད་ཀྱི་སྒོ་ནས་མཉེས་པར་མཛད་ཅིང་ཅི་གསུངས་བཀའ་བཞིན་དུ་དུས་སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་སྒྲུབ་པ་ཞིག་ཡོད་པ་དེ་ལ་འདི་སྐད་གསུངས་སོ། །སུམ་སྟོན་འདིར་ཤོག་གསུངས། སུམ་སྟོན་གྱིས་ཀྱང་དྲུང་དུ་ཕྱིན་པས། འོ་སྐོལ་ཕ་བུ་འགྲོགས་ནས་ཡུན་རིང་པོར་སོང་ཞིང་། གདམས་པ་ཡང་ལྟོ་ཚིལ་སྙིང་ཁྲག་ཚུན་སྦྱིན་ཚར་བའི་ལུགས་ཡིན། ད་ནི་ཁོ་བོ་ཡང་ཞིང་གཞན་དུ་འགྲོ་བར་ཉེ་བས་ད་དུང་འདྲི་རྒྱུ་ཡོད་ན་དྲི་བའི་དུས་ཡིན་གསུངས། དེར་གསུང་བྱོན་མ་ཐག་ཏུ་སུམ་སྟོན་སྙིང་སྟོང་པ་སྙམ་དུ་བྱེད་ཅིང་དབུགས་ཀྱིས་བྱང་ཁོག་བརྒྱངས་ནས་སེམས་རྟབ་རྟབ་པོར་གྱུར་པའི་ངང་ནས་དྲན་པ་སྟོར་བ་ལྟ་བུའི་ཅི་ཡང་ཞུ་བ་མ་བྱུང་བས་གཡུ་ཐོག་ཆེན་པོས་དེ་ཙམ་ཡང་སྐྲག་མི་དགོས། ལར་ལོང་ཡོད་དུས་ལེ་ལོ་མ་ཤོར་བར་འདྲི་ས་ཡོད་དུས་མ་དྲིས་ན་མེད་དུས་འགྱོད་ཀྱང་འཕྱིས་པས་དེའི་དོན་གྱིས་སྨྲས་པ་ཡིན་གསུངས། དེ་ནས་སུམ་སྟོན་ཆེན་པོས་ཕྱག་བཙལ་ནས་སྐོར་བ་བྱས། ཞབས་སྤྱི་བོར་བླངས་ནས་གདུང་བའི་སྨྲེ་སྔགས་མང་པོ་ཤོར་ཞིང་སྐབས་སུ་དྲན་མེད་དུ་བརྒྱལ་བའང་བྱུང་། དེར་གཡུ་ཐོག་ཆེན་པོའི་ཞལ་ནས་བུ་སློབ་གྲངས་ལས་འདས་ལས་ངའི་བརྒྱུད་འཛིན་སུམ་སྟོན་ཁྱོད་ལ་རེ་བ་ཡིན། ད་ངུས་ན་རྟེན་འབྲེལ་འཕྱུགས་འགྲོ་བས་མ་ངུ་བར་སེམས་བསྐྱེད་རྒྱ་ཆེན་པོས་གསོལ་བ་ཐོབ། འདྲི་རྒྱུ་ཡོད་ན་ཅི་ཡོད་དྲིས་ཡང་ཡངགསུངས། དེར་སུམ་སྟོན་གྱིས་ཀྱང་ཕྱག་དང་མཎྜལ་ཕུལ་ནས་ཞུས་པ། རྗེ་བཙུན་ཆེན་པོ་ཁྱེད་ཞིང་གཞན་དུ་གཤེགས་ན་སྤྱིར་ཞིང་མཆོག་འདིའི་སེམས་ཅན་ཆོས་བྱེད་འབངས་ཀྱི་སྐྱེ་བོ། ཁྱད་པར་བདག་ཅག་བུ་སློབ་ཏུ་གཏོགས་པ་རྣམས་དང་ནད་ཀྱིས་མནར་བའི་ཉམ་ཐག་པ་རྣམས་ཀྱི་སྐྱབས་གནས་ཕྱག་མཆོད་གསོལ་བ་འདེབས་ཡུལ་གྱི་བླ་མ་ནི་གང་དུ་བཙལ། གདམས་པ་དང་རྗེས་སུ་བསྟན་པ་ནི་སུ་ལ་ཞུ། ཞེས་ཡུས་དང་བཅས་ནས་ཞུས་པས། རྗེའི་ཞལ་ནས་སྤྱིར་འཁོར་འདས་ཀྱི་བདེ་སྐྱིད་ཐམས་ཅད་བླ་མ་ལ་རག་ལུས་ཤིང་། ཚེ་གཅིག་སངས་རྒྱས་ཐོབ་པ་ཡང་བླ་མ་ལ་རྟེན་ནས་འབྱུང་མོད། བླ་མ་ཡི་དམ་ཐམས་ཅད་འགྲུབ་པར་གསུངས་པས་དེའི་དོན་ཉམས་སུ་བླངས་ན་ཚེ་གཅིག་ལ་མཆོག་གི་བདེ་ལམ་རྙེད་ཅིང་། ཁྱད་པར་ངེད་རང་ལུགས་ཀྱི་བླ་སྒྲུབ་འདི་བླ་སྒྲུབ་གཞན་ལས་བྱིན་རླབས་ཆེ་ཞིང་ཐག་ཆོད་པ་ཞིག་ཡིན། བླ་མ་གཞན་ལ་གསོལ་བ་མི་ཚེ་རིལ་པོར་བཏབ་པ་ལས། ཁོ་བོ་ལ་ལོ་རུ་བཏབ་པ་བསོད་ནམས་ཆེ། གཞན་ལ་ལོ་རུ་བཏབ་པ་ལས་ཁོ་བོ་ལ་ཟླ་བ། གཞན་ལ་ཟླ་བར་བཏབ་པ་ལས་ཁོ་བོ་ལ་སྐད་ཅིག་ཐེངས་ཅིག་ཏུ་གསོལ་བ་བཏབ་པ་བྱིན་རླབས་ཆེས་མྱུར། འདི་མི་བདེན་པ་འདུག་ན་ཁོ་བོས་སེམས་ཅན་ཐམས་ཅད་བསླུས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨཛྷ་ཀའི་དོག་པ་བཞིན་དུ་ཚལ་བར་ཁོས་ཤིག་གསུངས་ཤིང་། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དད་ཅན་གྱིས་མ་ཡེངས་པར་ཞག་བདུན་བསྒྲུབས་ན་རབ་དངོས། འབྲིང་ཉམས། ཐ་མར་རྨི་ལམ་དུ་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་བསྟན་པ་བགྱིད་པར་དམ་བཅས་པ་ཡིན་ནོ་གསུངས། དེར་སུམ་སྟོན་ཆེན་པོ་དགའ་ཞིང་མགུ་ནས་ཕྱག་དང་སྐོར་བ་དཔག་ཏུ་མེད་པ་བྱས། མཎྜལ་ཕུལ་ནས་དེ་ལྟ་བུའི་གདམས་པ་བདག་ལ་ཐུགས་རྗེ་འཛིན་པར་ཞུ་ཞུས་པས། རྗེའི་ཞལ་ནས། དེའི་ལྟ་བུའི་གདམས་པ་རྩ་བ་གསུམ་གྱི་སྲོག་བསྒྲུབ་གཅིག་ཏུ་སྒྲུབ་ཐབས་ད་ལྟ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གདོན་མི་ཟ་བར་འདོད་ན་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་ཆེ་བ་དང་། མ་འོང་བ་ན་ཟབ་ཆོས་ཆོལ་དུ་མི་གཞུག་པའི་བཀའ་སྲོལ་འཛུགས་པའི་ཕྱིར། ཟླ་བ་གཅིག་གི་བར་དུ་ཉིན་ཞག་ཕྲུག་རེའི་ཁོངས་སུ། བརྐྱང་ཕྱག སྐོར་བ། མཎྜལ། གསོལ་འདེབས། ཚོགས་མཆོད་རྣམས་སྟོང་ཕྲག་རེ་ལས་མི་ཉུང་བ་ཕུལ། བར་མཚམས་སུ་ཡིག་བརྒྱ་ངག་མི་དལ་བར་སྒྲོངས། བླ་མ་དང་དགེ་འདུན་ལ་བསྙེན་བཀུར། དབུལ་ཕོངས་ལ་སྦྱིན་གཏོང་། འཆི་ངེས་ཀྱི་སྲོག་བསླུ། གཙུག་ལག་ཁང་གི་ཞིག་གསོ། རྒྱལ་བའི་བཀའ་སྒྲོག་པ་དང་ལམ་འཕྲང་འཆོས་པ་སོགས་བགྱིས། དེ་ནས་ཕྱི་ནང་གསང་བའི་འདོད་ཡོན་པཱུ་ཛ་དང་། གསེར་གྱི་མཎྜལ་ཕུལ་ནས་ཞུས་ཤིག་སྦྱིན་པར་བྱའོ་གསུངས། དེར་སུམ་སྟོན་ཆེན་པོར་ས་ཐོབ་པ་ཙམ་གྱི་དགའ་བ་བྱུང་། དེ་ནས་དཔོན་སློབ་རྣམས་གདན་ས་ཆེན་པོ་ཤངས་དཔལ་སྐྱེར་ཕེབས་པས་སུམ་སྟོན་ཆེན་པོས་རྗེའི་བཀའ་བཞིན་ལྷག་ཙམ་བསྒྲུབས་ཤིང་ས་གཞིས་རྣམས་བཙོང་ནས་རྟ་རུ་བསྒྱུར། དེ་དུས་གསེར་ཁ་བརྡོལ་བ་དང་དུས་མཚུངས་ཏེ། རྟ་རྣམས་གསེར་དུ་བསྒྱུར་པས་གསེར་སྲང་ཕྱེད་གཉིས་བརྒྱ་ལྷག་ཙམ་ཁུགས་པ་གསེར་སྲང་དོ་མ་གཏོགས་རྗེ་ལ་ཕུལ། གསེར་ཞོ་བཞི་རང་གི་བྱས། གསེར་སྲང་ཕྱེད་དོ་ཨ་ཙ་ར་མ་ཧཱ་ཛྙ་ན་ཙ་ར་ཡ་བྱ་བ་དང་། རྒྱ་གར་ལྷོ་ཕྱོགས་བེ་ཏ་བ་ཞིག་ལ་ཕུལ་ནས་རིག་སྔགས་ཀྱི་སྦྱོར་བ་བྱེད་དུ་བཅུག་སྟེ། ཞང་སྙེ་མོའི་སྲས་མོ་ལྷ་ལྕམ་དེ་བ་དཔལ་འདྲེན་ཞེས་བྱ་བ་ལོ་བཅུ་བདུན་ལོན་པ་བུད་མེད་རིན་པོ་ཆེའི་རིགས། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་གསང་ཡུམ་དུ་ཕུལ། གཞན་ཡང་ཚོགས་ཀྱི་མཆོད་པ་དཔག་མེད་པས་མཆོད་ནས་གསོལ་བ་བཏབ་པས་གནམ་ལོ་རྒྱལ་པོ་རྟའི་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ལ་གསང་བའི་བཀའ་རྣམས་གནང་ནས། གཞུང་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པ་བུམ་པ་གང་བྱོའི་ཚུལ་དུ་ཕོགས་སུ་ཕོག འཆུག་གོལ་མེད་པའི་གནད་ཟབ་མཐའ་དག་ནི་བསྟན་ཞིང་། ལྷག་པར་དེ་ནས་བཟུང་རིམ་གྱིས་གདམས་པ་རྣམས་ལྷག་མ་མ་ལུས་པར་ཉམས་ཁྲིད་དུ་རྫོགས་པར་གནང་ངོ་།།

 

གདུལ་བྱའི་ཚོགས་ལ་རྗེས་སུ་གདམས་པའི་མགུར།

དེ་ནས་མཁས་གྲུབ་ཆེན་པོ་དེ་ཉིད་དགུང་ལོ་བདུན་ཅུ་རྩ་དྲུག་ཏུ་ཕེབས་པའི་ཚེ་གྲྭ་བུ་སློབ་དང་ལྷ་མིའི་ཚོགས་བགྲང་བར་མི་ནུས་པ་ལ་ཆོས་དང་ཟང་ཟིང་གི་དགའ་སྟོན་དཔག་ཏུ་མེད་པ་སྩལ་བའི་སྐབས་སུ། དེ་དག་ལ་རྗེས་སུ་གདམས་པའི་མགུར་འདི་སྐད་གསུངས་སོ།།

                                    ཀྭ་ཡི་གསོན་དང་སྐལ་ལྡན་ཀུན།།

                                    ལེགས་པར་གསན་དང་འཇིག་རྟེན་མི།།

                                    ལྷག་པར་འདིར་ཚོགས་ལྷ་མི་རྣམས།།

                                    ཁྱེད་སྔོན་ཆད་མ་ཉན་དགུ་ཉན་ཡང་།།

                        འཁྲུལ་ཚིག་ཅལ་ཅོལ་ལུང་མ་བསྟན།།

                        དེ་རིང་ཉན་པ་དོན་ཆེན་ཡིན།།

                        སྔོན་ཆད་མ་ལྟས་དགུ་ལྟས་ཀྱང་།།

                        རྫུན་སྣང་འཁྲུལ་བའི་རི་མོ་ཡིན།།

                                    དེ་རིང་ལྟོས་དང་སྒྲིབ་གཉིས་འདག།

                                    མི་ང་ངོ་ཁྱེད་ཀྱིས་མ་ཤེས་ན།།

                                    ང་བདེ་གཤེགས་ཀུན་གྱི་ཕོ་ཉ་ཡིན།།

                                    ལུས་ཅན་རྣམས་ཀྱི་སྐྱབས་མགོན་ཡིན།།

                        བརྟན་གཡོའི་ཤེས་བྱ་གར་ཁྱབ་ཏུ།།

                        ང་ཡི་ལུས་ངག་ཡིད་ཀྱིས་ཁྱབ།།

                        སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི།།

                        ཡི་དམ་ལྷ་ཚོགས་ངོ་བོར་གྲུབ།།

                                    སྙིགས་མ་བརྡོས་བཅས་རང་སར་དག།

                                    འཇའ་ཚོན་ལྟ་བུར་ངོས་བཟུང་མེད།།

                                    ཆུ་ཟླའི་གར་བཞིན་ཅི་ཡང་འཆར།།

                                    ངག་བྲག་སྟོང་བྲག་ཅའི་གླུ་དབྱངས་ལ།།

                        བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོགས།།

                        གང་ལ་གང་འདུལ་ཆོས་ཆར་འབེབས།།

                        སེམས་ཅན་སྨིན་གྲོལ་ལམ་ལ་བཀོད།།

                        སེམས་གསལ་སྟོང་སྤྲོས་བྲལ་གཉུག་མའི་ངང་།།

                                    བདེ་ཆེན་ཁྱབ་གདལ་རྒྱུན་ཆད་མེད།། །
                                    སྟོང་ཉིད་སྙིང་རྗེ་དབྱེར་མེད་པས།།

                                    སྤྲོས་མཚན་རང་སར་གྲོལ་ནས་གདའ།།

                                    ང་སྐད་ཅིག་ཅིག་གི་བྱེ་བྲག་གིས།།

                        སྐད་ཅིག་ཅིག་ལ་རྫོགས་སངས་རྒྱས།།

                        ཞིང་ཁམས་བརྒྱ་རུ་དུས་གཅིག་འགྲོ།།

                        སངས་རྒྱས་བརྒྱ་དང་དུས་གཅིག་འགྲོ།།

                        སྤྲུལ་པ་བརྒྱ་ཡང་དུས་གཅིག་འགྱེད།།

                                    སེམས་ཅན་བརྒྱ་ནི་དུས་གཅིག་འདྲེན།།

                                    ཟད་པར་ཟིལ་གནོན་ཐམས་ཅད་འགྲུབ།།

                                    ཐེ་ཚོམ་མེད་པར་མོས་གུས་གྱིས།།

                                    སོམ་ཉི་མེད་པར་གསོལ་བ་ཐོབ།།

                        རང་སྣང་མ་དག་རབ་རིབ་གྱིས།།

                        དེ་དག་ཐམས་ཅད་མ་མཐོང་ཡང་།།

                        ཀུན་གྱི་མཐུན་སྣང་གྲུབ་པ་ལ།།

                        ནང་དུག་གསུམ་གྱི་རྣམ་རྟོག་སེམས་ཀྱི་ནད།།

                                    ཕྱི་རླུང་མཁྲིས་བད་ཀན་ལུས་ཀྱི་ནད།།

                                    ཐབས་མཁས་ཐུགས་རྗེའི་སྨན་གྱིས་སེལ།།

                                    སྨན་པ་ཟེར་ན་ང་ལ་གྱིས།།

                                    ཆོས་བཀའ་འགྱུར་བསྟན་འགྱུར་བློ་ནས་འཆད།།

                        མུ་སྟེགས་རྒོལ་ངན་རིག་པས་བཅོམ།།

                        སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས།།

                        མཁས་པ་ཟེར་ན་ང་ལ་གྱིས།།

                        མི་རྒོད་ཇག་པས་བར་དུ་བཅད།།

                                    ལྟ་སྟངས་གཅིག་གིས་ཐམས་ཅད་རེངས།།

                                    གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                                    ཨོ་རྒྱན་ཡུལ་དུ་ཕྱིན་པའི་ཚེ།།

                                    ཤ་ཟ་མཁའ་འགྲོས་གནམ་ལྕགས་ཕབས།།

                        སྡིགས་མཛུབ་གཏད་པས་མཁའ་འགྲོ་འགྱེལ།།

                        གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                        སིང་གའི་གླིང་དུ་ཕྱིན་པའི་ཚེ།།

                        གྲུ་རྫིངས་ཆུ་བོའི་དབུས་སུ་ཞིག།

                                    བྱ་བཞིན་འཕུར་ནས་གྲོགས་ཀྱང་བསྒྲལ།།

                                    གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                                    ཀ་ལིའི་ཚལ་དུ་ཕྱིན་པའི་ཚེ།།

                                    དུག་སྦྲུལ་ཁ་རླངས་མུན་ལྟར་གཏིབས།།

                        སྙིང་རྗེ་བསྒོམས་པས་མྱུར་དུ་ཞི།།

                        གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                        ཏ་ཟིག་ཡུལ་དུ་ཕྱིན་པའི་ཚེ།།

                        སོག་པོའི་དམག་དང་འཕྲད་པའི་དུས།།

                                    བྲག་རི་ཕར་ཐལ་ཚུར་ཐལ་ཕུག།

                                    གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                                    བལ་ཡུལ་འཕགས་པ་ཞིང་ཀུན་ཏུ།།

                                    བོན་དང་རྫུ་འཕྲུལ་འགྲན་པའི་ཚེ།།

                        ཉིན་ཕྱེད་བར་དུ་ནམ་མཁར་བསྡད།།

                        གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                        རྡོ་རྗེ་གདན་ནས་གངས་ཅན་ལྗོངས།།

                        ཉིན་ལམ་གཅིག་ལ་བཅད་ནས་འོངས།།

                                    གནས་འདིར་མེ་ཏོག་སྐྱེས་སུ་འཁྱེར།།

                                    གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                                    གཙང་གི་ཚོང་འདུས་མགུར་མོ་རུ།།

                                    རྟ་བདུན་རྒྱལ་པོ་བཙོན་དུ་བཟུང་།།

                        སྨན་རྒྱལ་གསེར་མདོག་ཆར་དུ་ཕབ།།

                        གྲུབ་ཐོབ་ཟེར་ན་ང་ལ་གྱིས།།

                        ལར་དེ་འདྲ་བརྗོད་པས་ཟད་མཐའ་མེད།།

                        སེམས་ལ་རང་དབང་ཐོབ་པའི་མི།།

                                    ས་ཆུ་མེ་རླུང་ལྷ་འདྲེ་སོགས།།

                                    བརྟན་གཡོའི་དགྲ་ཡིས་བརྫི་མི་ནུས།།

                                    མཁའ་ལ་འཕུར་ན་བྱ་ལས་མགྱོགས།།

                                    ཆུ་ལ་འཛུལ་ན་ཐོག་རྡུགས་མེད།།

                        རི་བོ་འབིགས་ན་གནམ་ལྕགས་ཐོག།

                        མེ་དཔུང་དབུས་སུ་མེ་ལྷ་ཡིན།།

                        དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་།།

                        ང་མཐོང་ང་མི་ཐོས་པ་ཉུང་།།

                                    མཐོང་ཐོས་དྲན་རེག་དད་པ་ལ།།

                                    བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྲུན།།

                                    བསྐལ་པར་བསགས་པའི་སྡིག་པ་སྦྱོང་།།

                                    ཚེ་འདིའི་མི་མཐུན་བར་ཆད་བཟློག།

                        རང་འཚེངས་གཞན་འཚེངས་གཉིས་ཀ་འཚེངས།།

                        དེ་ཡི་རྗེས་སུ་སློབ་ཚད་འཚེངས།།

                        ང་ལ་ལོག་ལྟའི་སེམས་ཅན་ཡང་།།

                        གནོད་བྱེད་བདེ་བར་འབྲེལ་བའི་ཕྱིར།།

                                    བདེ་ནས་བདེ་བར་འདྲེན་པར་བྱ།།

                                    འདི་ལ་ཐེ་ཚོམ་ཡོད་རེ་སྐན།།

                                    ལར་ང་ལ་བློ་སྙིང་གཏོད་ནུས་ན།།

                                    གསོལ་བ་ཕུར་ཚུགས་འདེབས་ནུས་ན།།

                        ཐེ་ཚོམ་ཡིད་གཉིས་སྤོངས་ནུས་ན།།

                        ཚེ་གཅིག་སྐྱབས་གནས་རེ་བ་ན།།

                        དེ་མ་ཐག་ཏུ་སྒྲིབ་གཉིས་སྲབ།།

                        དངོས་ཉམས་རྨི་ལམ་ང་འཕྲད་ནས།།

                                    གནས་སྐབས་མཐར་ཐུག་ལམ་མཆོག་སྟོན།།

                                    ད་ལྟ་བཞུགས་དང་སླད་ཀྱིས་བྱོན།།

                                    བུ་དང་སློབ་མས་དེ་ལྟར་དགོངས།།

                                    རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས།།

                                    ད་ནི་མི་བསྐྱོད་གནས་སུ་འགྲོ།། ཞེས་གསུངས་ཤིང་།

 

ལྔ་པ། མཐར་སྐུ་ལུས་མ་སྤངས་པར་དག་པའི་ཞིང་དུ་ཕེབས་ཚུལ།

གཞན་ཡང་སྨན་པ་རྣམས་ལ་བསླབ་བྱ་མང་པོ་གནང་ནས་གཟུགས་སྐུའི་མཛད་པ་འགྲོ་བ་རྣམས་ཀྱིས་མཐོང་ཚུལ་མི་འདྲ་བ་དུ་མ་སོ་སོ་སྐྱེ་བོའི་བློ་ཡུལ་ལས་བརྒལ་བར་བསྟན་ནས། ནམ་མཁའི་མཐོང་འཇའ་འོད་ཀྱི་དྲ་བས་ཡོངས་སུ་ཁེབས་པའི་དབུས་ན་ལྷའི་བུ་མེ་ཏོག་གི་ཕྲེང་བ་དང་མཆོད་རྫས་སྣ་ཚོགས་ཐོགས་པ་འབུམ་ཕྲག་ཙམ་གྱི་ཁྲོད་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲི་ཕྲག་དུ་མའི་ལག་སོར་གྱི་རྩེ་ལས་འཇའ་འོད་སྣ་ཚོགས་འགྱེད་ཅིང་འཇའ་འོད་དེ་རྗེ་བདག་ཉིད་ཆེན་པོའི་སྐུ་ལ་རེག་པས་རྗེ་ཉིད་བར་སྣང་དུ་གཡེང་སྟེ་ཕེབས་པས། ལ་ལས་གཡུ་ཐོག་ཆེན་པོ་སེངྒེ་ལ་ཆིབས་སོང་ཟེར། ལ་ལས་ཁྱུང་ལ། ལ་ལས་ཁྱུ་མཆོག་སོགས་ལ་ཆིབས་པར་མཐོང་བ་ལ་སོགས་པ་མཐོང་སྣང་སྣ་ཚོགས་སུ་མཐོང་ཞིང་། དེའི་ཚེ་བུ་དང་སློབ་མ་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་རྗེ་ཉིད་ཀྱིས་བར་སྣང་ནས་འདི་སྐད་གསུངས་སོ།།

                        མཐོང་ཐོས་དྲན་པས་འགྲོ་བའི་སྡུག་བསྔལ་ཀུན།།

                        ཞི་མཛད་བཻ་ཌཱུརྱ་ལ་བདག་ཕྱག་འཚལ།།

                        གངས་ཅན་ཡུལ་གྱི་སྨན་པ་གཡུ་ཐོག་ང་།།

                        གནས་ལྔ་ཀུན་ལ་མ་རྨོངས་མཁས་གྱུར་ཀྱང་།།

                        ང་རྒྱལ་དང་བྲལ་གསོ་བ་གཙོ་བོར་བསྟན།།

                        བྱམས་དང་སྙིང་རྗེ་འབྱུང་བའི་ལག་རྗེས་ཡིན།།

                        ང་ཡི་བུ་ཀུན་མཁས་འདོད་གྲགས་འདོད་སྤོངས།།

                        སྙིང་རྗེ་ཆེ་ན་གང་བྱས་ཆོས་སུ་འགྲོ།།

                        སྙིང་རྗེའི་ངོ་བོ་གདོད་ནས་སྟོང་པ་ཉིད།།

                        བྱམས་དང་སྙིང་རྗེ་ཟུང་འཇུག་ཏིང་ངེ་འཛིན།།

                        ངང་ནས་ཐོགས་མེད་ཕ་མ་སེམས་ཅན་ལ།།

                        དྲིན་ལན་ཕྱི་འགྱངས་མི་བྱ་འཕྲལ་ལ་འཇལ།།

                        དགེ་བ་གང་བྱས་དམིགས་མེད་དགེ་རྩར་བསྔོ།།

                        ང་ནི་མཁའ་སྤྱོད་དག་པའི་ཞིང་དུ་འགྲོ།།

ཞེས་གསུངས་ནས་བྱ་རྒོད་པོས་ནམ་འཕང་གཅོད་པ་ལྟར་ཇེ་མཐོར་སོང་ནས་གཟུགས་སྐུ་མ་སྤངས་བཞིན་དུ་སྨན་གྱི་བླ་མ་མི་བསྐྱོད་རྒྱལ་པོའི་དྲུང་དུ་གཤེགས་སོ།།

            དེ་ནས་གྲྭ་བུ་སློབ་རྣམས་ཀྱིས་རྗེས་ཀྱི་མཆོད་པ་རྒྱ་ཆེན་པོ་བཤམས་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྐབས་ཕལ་ཆེར་དུ། མེ་ཏོག་གི་ཆར་དང་དྲི་བཟང་པོ་བྱུང་བ་ལོ་ཁ་ཤས་ཀྱི་བར་དུ་བྱུང་ངོ་། སྨྲས་པ།

                        གང་ཞིག་འདིར་ནི་སུ་ཞིག་ཡིད་རབ་དང་བྱེད་དམ།།

                        ཀློག་གམ་ཐོས་དང་བསམ་པའི་གནས་ལ་ལྷུར་བྱེད་པའི།།

                        སྐྱེ་བོ་དེ་ཡང་གང་ཕྱིར་སྐལ་བཟང་ཅི་ཕྱིར་མིན།།

                        བརྩེ་ལྡན་བླ་མའི་ཐུགས་རྗེའི་འཇུག་ཡུལ་འགྱུར་ཕྱིར་རོ།།

                                    དེ་ཐོས་དགོས་པ་དྲི་མེད་ནམ་མཁའི་ནོར་བུ་ནི།།

                                    ཆོས་དབྱིངས་ཀུན་གསལ་མཛེས་མའི་ཁྱིམ་དུ་རྟག་རྒྱུ་བས།།

                                    སྣ་ཚོགས་འོད་བརྒྱའི་ཐིགས་འཕྲེང་གཡོ་བའི་ཟློས་གར་གྱིས།།

                                    ཐུབ་བསྟན་པད་ཚལ་ཅི་ཡང་རྒོད་པའི་དཔལ་གྱུར་ཅིག།

                        བདག་ཀྱང་སྐྱེ་བར་ཁྱོད་ཞབས་ནོར་བུ་རྒྱ་མཚོས་གཙུག་འགོད་ཅིང་།།

                        མྱ་ངམ་ཐང་དུ་དུབ་པའི་འགྲོ་རྣམས་སྙིང་པོའི་ལམ་བཟང་མཆོག་འདི་ནི།།

                        འདྲེན་ལ་ལྷོད་མེད་སྙིང་སྟོབས་བརྟན་པོས་མ་ལུས་རྒྱལ་རྣམས་དགྱེས་བྱེད་ཅིང་།།

                        མཐའ་བྲལ་ཕན་བདེའི་དངོས་པོ་ཀུན་གྱིས་མ་ལུས་འགྲོ་བའི་རེ་སྐོང་ཤོག།

                                    འཕགས་པ་མཆོག་གི་རྣམ་པར་ཐར་བ་གང་།།

                                    གང་གི་སྤྱོད་ཡུལ་ཉིད་ལས་འདས་པའི་ཕྱིར།།

                                    མེས་པོའི་ལྕེ་བརྒྱའི་བསྐལ་པར་བརྗོད་ན་ཡང་།།

                                    རྫོགས་མིན་དེ་ཕྱིར་བདག་གིས་ལྟ་ཅི་ཞིག།

                        འོན་ཏེ་ཁྱབ་བདག་མ་ཧཱ་གུ་ཎ་ཡིས།།

                        རྟོགས་བརྗོད་རྒྱལ་སྲས་སྤྱོད་པའི་གན་མཛོད་འདི།།

                        མགོན་དེའི་གསང་གསུམ་ཡོན་ཏན་རྒྱ་མཚོ་ལས།།

                        ཅུང་ཟད་ཙམ་ཞིག་རྣམ་དཔྱོད་སྙིམ་པས་བླངས།།

                                    དགེ་དེས་ཚེ་ཡི་རིག་བྱེད་བསྟན་པའི་སྲོལ།།

                                    སྤྱི་དང་ཁྱད་པར་ངེས་གསང་སྙིང་པོའི་ལམ།།

                                    སྤྲིན་བྲལ་ཉི་ཟླ་ལྟ་བུ་ལེགས་གསལ་ཏེ།།

                                    ལུས་ཅན་ནད་ཀྱི་མཚོ་ལས་ཐར་གྱུར་ཅིག།

ཅེས་པ་འདི་ནི་རྗེ་འདིའི་གསུང་མགུར་རྣམས་ཕལ་ཆེར་རྩ་བར་བཟུང་། ལོ་རྒྱུས་ངེས་ཤེས་འདྲེན་བྱེད་ལ་གཞི་བྱས། གསར་མ་འདྲེ་རྗེ་དང་ཁྱུང་པོའི་རྣམ་ཐར་དུ་ལྷུམས་ཞུགས་དང་བལྟམས་པའི་མཛད་པ་ཞར་བྱུང་ལ་གསལ་བ་རྣམས་ཀྱིས་ལེགས་པར་བརྒྱན་པ་འདི་ནི། ཀླུ་ཆེན་ལོ་ཧི་ཏའི་ལྷོ་རྒྱུད་ཡར་ཤར་ནུབ་མཐིལ་གསུམ་ལས་ཤར་གྱི་ཆ་གྲོང་དར་མོ་ཞེས་པར་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་རུས་ལས་སྐྱེས་པ་ཡུལ་གངས་ཅན་གྱི་ཚེ་ཡི་རིག་བྱེད་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་པོ་ཏ་ལའི་སྨན་ཤག་བསམ་གྲུབ་གླིང་དུ་སྦྱར་བའི་ཡི་གེ་བ་ནི་རང་གི་སློབ་བུ་མེར་མོ་བ་བློ་གྲོས་ཆོས་འཕེལ་དང་ལ་ར་བ་བློ་བཟང་དོན་ལྡན་གྱིས་བགྱིས་པ་དགེ་བར་གྱུར་ཞིག།

ཤུབྷཾསྟུ་སརྦ་ཛགཏམ། སྭཱསྟི་སིདྡྷཾ།



པར་བྱང་སྨོན་ཚིག
 ༄༅། །བདེ་གཤེགས་རིགས་ལྔ་ཡོངས་འདིས་དཀྱིལ་འཁོར་གཙོ།།

                                    སྨན་གྱི་བླ་མ་སྙིགས་དུས་འགྲོ་འདྲེན་ཆེད།།

                                    གཡུ་ཐོག་རྗེ་བཙུན་སྐུ་ཡི་སྒྱུ་མའི་འཕྲུལ།།

                                    གངྒཱའི་རྡུལ་གྲངས་དེས་ཀྱང་མཚོན་དུ་མེད།།

                        འོན་ཏེ་གངས་ལྗོངས་དབུ་རུ་སྐྱིད་སྣ་དང་།།

                        རུ་ལག་ལུང་དམར་སྐུ་བལྟམས་གསར་རྙིང་ཟུང་།།

                        སྐྱེ་བརྒྱུད་རིམ་བྱོན་རྣམ་ཐར་རྨད་པོ་ཆེ།།

                        དཔྱོད་ལྡན་ཡོངས་ཀྱི་མི་ཕྱེད་དད་པའི་གསོས།།

                                    ཚུལ་འདི་ནམ་ཡང་ཟད་མེད་མཆོད་སྦྱིན་པར།།

                                    དར་མོ་སྨན་རམས་བློ་བཟང་ཆོས་གྲགས་ཀྱིས།།

                                    བསྐུལ་ཚེ་རིག་བྱེད་གཉིས་པ་ཤེས་མིང་གིས།།

                                    སོར་རྩེའི་འཕྲུལ་གྱིས་ཕུན་ཚོགས་གླིང་དུ་བསྐྲུན།།

                        ལེགས་བྱས་བསགས་མཐུས་རིག་ལྡན་རིང་ལུགས་ཆེ།།

                        དེ་འཛིན་སྐྱེས་བུ་དགེ་འདུན་སྡེ་དར་ཞིང་།།

                        ཕོ་བྲང་ཆེན་པོའི་ཆབ་སྲིད་མངའ་ཐང་དང་།།

                        ས་སྤྱོད་མི་དབང་སྐུ་ཚེ་རྒྱས་པར་ཤོག།

                                    རྒྱ་ཧོར་བོད་ཀྱི་ཀུན་བཟོད་དཔལ་མོའི་མངལ།།

                                    མངོན་པར་ལྕི་བ་ཕན་བདེའི་ཁུར་པོ་ཆེས།།

                                    བཅུད་ཀྱི་སྐྱེ་དགུ་རྫོགས་ལྡན་དུས་ཇི་བཞིན།།

                                    སྒོ་གསུམ་སིམ་པའི་ཚོར་བ་མྱོང་བར་ཤོག།

                        གསོ་རིག་བསྟན་པ་མ་ལ་ཡ་ཡི་ལྗོན།།

                        གཡུལ་དུ་ཟ་བའི་དྲི་བསུང་ངད་འཐུལ་བས།།

                        འགྲོ་ཀུན་སྒྲིབ་གཉིས་དེས་བསྐྱེད་བཞི་བརྒྱ་དང་།།

                        རྩ་བཞིའི་ནད་ཞི་མ་ལུས་སྤུན་ཟླར་ཤོག།

                                    དཔར་བརྐོས་བསྐུལ་ཞིང་ཞུ་དག་ལས་བྱེད་སོགས།།

                                    ཚེ་འདིར་བདེ་སྐྱིད་དཔལ་འབྱོར་ཕུན་ཚོགས་ཤིང་།།

                                    ཕྱི་མ་བཻ་ཌཱུར་སྣང་བའི་ཞིང་ཁམས་སུ།།

                                    སྐྱེས་ནས་སེམས་ཅན་ཀུན་གྱི་མགོན་གྱུར་ཤོག།

ཅེས་རྗེ་གཡུ་ཐོག་པ་གསར་རྙིང་གཉིས་སུ་བྱོན་པའི་རྣམ་པར་ཐར་བའི་པར་བྱང་འདིའང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་བ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ།།

མངྒལཾ།། །།



ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།