རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས། ཕྱི་ལོ་ 2023-2024
༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།
སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།
ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།
ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།
ལོ་འདིའི་ཀེག་རྩིས་ནང་གསལ་བའི།། དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས།། ཟུར་འདོན་ཞུས་པ་འདི་ལྟར་ཏེ།། ཡོས་ལོ་ཀུན་ལ་རང་ཀེག་ཤར།། ནད་པའི་མདུན་བསྐྱོད་མཁར་ལས་སྤོངས།། ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་།། འབུམ་དང་གདུགས་དཀར་ཏོག་གཟུངས་འདོན།། ཀེག་བཟློག་ལ་སོགས་བཟློག་རིམ་བྱ།། བྱ་ལོ་ཀུན་ལ་བདུན་ཟུར་རྩུབ།། སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་།། ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན།། ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ།། ཕག་ལུག་ཀུན་ལ་མཐུན་གསུམ་རྩུབ།། དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་།། བྱི་རྟ་ཀུན་ལ་བཞི་གཤེད་དམ།། ལོ་སྐར་ཆེ་ཆུང་ལ་བབས་པས།། ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ།། ཚོང་དང་བྱེས་སུ་འགྲོ་བ་སྤོངས།། སྨན་མདོ་དང་ནི་སྨན་བླ་ཡི།། ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན།། འཆི་ངེས་སྲོག་བསླུ་དག་ཀྱང་བྱ།། ལོག་མེན་ཕོ་ཁྱི་མོ་འབྲུག་ལ།། གནམ་སྒོ་བབས་པས་ཐོག་མི་འབུབ།། ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན།། སྐྱེས་པ་ཕག་དང་བུད་མེད་སྦྲུལ།། ས་སྒོ་ལ་བབས་ས་ལས་སྤོངས།། ས་སྙིང་མཚན་བརྒྱ་རྨ་བྱ་ཆེ།། འདོན་ཞིང་བབས་སྤར་ཕོ་ལི་དང་།། བུད་མེད་ཁམ་སྟེང་བབས་པ་རྣམས།། མཁར་ལས་རོ་བག་ཐབ་གཞོབ་འཛེམས།། བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི།། དཀར་གསུམ་བོན་དང་རྒན་བྱིས་རྩུབ།། ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ།། གཉིས་ནག་ཀུན་དང་སྐྱེས་དར་གནད།། ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་།། ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་།། བཞི་ལྗང་བུད་མེད་ཀུན་ལ་ངན།། གདུགས་དཀར་ལོ་གྲངས་འདོན་པར་བྱ།། ལྔ་སེར་བནྡེ་རྣམས་ལ་ངན།། མཚན་བརྗོད་འདོན་ཞིང་དམར་གཉིས་ལ།། རྒན་དང་བྱིས་པར་ངན་པས་ན།། ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན།། ལོ་གྲངས་འདི་དག་དགུ་མིག་ཏུ།།
༡ |
༩ |
༡༠ |
༡༧ |
༡༨ |
༡༩ |
༢༥ |
༢༧ |
༢༨ |
༣༣ |
༣༦ |
༣༧ |
༤༡ |
༤༥ |
༤༦ |
༤༩ |
༥༤ |
༥༥ |
༥༧ |
༦༣ |
༦༤ |
༦༥ |
༧༢ |
༧༣ |
༨༡ |
༨༢ |
༨༩ |
༩༠ |
༩༡ |
༩༧ |
༩༩ |
༡༠༠ |
|
ཚུད་པས་སྤྱི་བཅོས་གཞུང་ལྟར་ལ།། བྱེ་བྲག་བྱིས་པར་གདུགས་དཀར་དང་།། བུད་མེད་རྣམས་ལ་སྒྲོལ་བསྟོད་དང་།། སྐྱེས་པ་དར་མར་རྣམ་རྒྱལ་མའི།། གཟུངས་དང་རྒན་པོར་བརྒྱད་སྟོང་པ།། རྒན་མོར་བགྲེས་ཞུས་མི་དཔོན་ལ།། རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས།། བློ་གྲོས་བཟང་མོས་ཞུས་མདོ་དང་།། འཇམ་དཔལ་མཚན་བརྗོད་བཅས་པ་འདོན།། ཕོ་མོ་ཁྱད་མེད་དུར་མིག་ཏུ།། ཚུད་པ་ཤིང་ལུག་ལོ་གྲངས་ ༩།༦༩ ཡིས།། དགྲ་བཟློག་དུར་སྲིའི་མནན་པ་བྱ།། ལྕགས་ལུག་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ།། བསྙེན་བཀུར་གཏོ་གླུད་གཏོང་བ་དང་།། མེ་ལུག་ ༥༧ དམ་སྲི་མི་ཁ་མནན།། ཆུ་ལུག་ ༢༡།༨༡ རང་དུར་ཆེ་ལ་བབས།། བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ།། ས་ལུག་ ༤༥ གཤེད་དུར་ཆེར་བབས་པས།། གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་།། གཞན་ཡང་ཆུ་གླང་ ༥༡ རང་དུར་ཆུང་།། ས་གླང་ ༡༥།༧༥ གཤེད་དུར་ཆུང་བབས་པས།། རྟེན་ལ་མཆོད་འབུལ་ངན་སྤྲང་ལ།། སྦྱིན་དང་སྲོག་བསླུ་བཅས་པར་བརྩོན།། དེ་བཞིན་དུར་ཚུད་གཞན་རྣམས་དང་།། ངན་ཀེག་བབས་རིགས་ཐམས་ཅད་ཀྱིས།། རང་རང་འཁོས་བསྟུན་རྣམ་དཀར་ལ།། འབད་པ་ཤིན་ཏུ་གལ་ཆེའོ།། སླར་སྨོན་པ། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར།། མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར།། མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས།། མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།
དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།
སྲིད་གསུམ་བརྟན་དང་གཡོ་བའི་ངོ་མཚར་ལ།། རང་གིར་བགྱིད་པའི་ཟུར་མིག་འཆར་ཀའི་འོད།། དཀར་མོའི་ཞལ་གྱི་ཆུ་སྐྱེས་ལ་ཆགས་པ།། བདེ་འབྱུང་དཔལ་གྱི་འཁྲི་ཤིང་ཁྱོད་ལ་མོས།། བཅུ་གཉིས་ཁྱིམ་གྱི་སྐྱེད་ཚལ་ཡངས་པའི་ངོགས།། རྒྱུ་སྐར་ལོ་ཏོག་བཀྲ་བའི་དགེ་མཚན་ལ།། མངོན་ཆགས་གཟའ་མཆོག་བུང་བ་རྩེན་པའི་གར།། ཐབས་ཤེས་རྟེན་འབྲེལ་ཕྱག་རྒྱའི་དཀྱིལ་འཁོར་སྤྲོ།། ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན།། ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ།། དབུས་སུ་བཟུང་ནས་ཕྱོགས་བཞི་ཕྱོགས་མཚམས་ཀྱི།། རྒྱལ་ཁམས་བདེ་དོག་བསྟན་ལ་ཐོག་མ་རུ།། ༈ དབུས་སུ་ནག་ཟླའི་ཚེས་ཤར་ནས་བཟུང་སྟེ།། ཉེར་གཉིས་བར་དུ་དཀར་པོས་རྒྱལ་ཁམས་བདེ།། བཞི་པའི་བརྒྱད་ནས་ཉེར་གཉིས་ཉི་མ་ཡིས།། ཐན་ངོ་ཤར་ཡང་གནམ་གང་ནས་བཟུང་སྟེ།། ལྔ་པའི་ཉ་བར་ལྷག་པས་ཆར་ཆུ་བཟང་།། དྲུག་པའི་བཅོ་ལྔ་ནས་བརྩམ་བརྒྱད་པའི་སྟོང་།། ཕུར་བུས་ཆོས་སྤྱོད་འཕེལ་སོགས་བདེ་སྐྱིད་ལྡན།། ༈ ཤར་ཕྱོགས་གསུམ་པའི་ཚེས་ཤར་ནས་བཟུང་སྟེ།། དམར་པོས་འཐབ་རྩོད་ངོ་རུ་སྣང་ན་ཡང་།། གསུམ་པའི་སྟོང་ནས་བཞི་པའི་སྟོང་བར་དུ།། དཀར་པོ་ལྷན་སྤྱོད་འཐབ་རྩོད་ཅུང་ཟད་ཞི།། ༈ ཤར་ལྷོར་ལྔ་པའི་བརྒྱད་ནས་འགོ་བཟུང་སྟེ།། བདུན་པའི་བརྒྱད་བར་དམར་སངས་ལྷན་སྤྱོད་པས།། བདེ་སྡུག་འབྲས་བུ་འདྲེས་མར་འོང་བ་ཡིན།། བརྒྱད་པའི་ཚེས་ཤར་ནས་བཟུང་དགུ་པ་ཡི།། ཉེར་གཉིས་བར་དུ་དཀར་པོས་ཡུལ་ཁམས་བདེ།། ༈ ལྷོ་ཕྱོགས་གསུམ་པའི་ཉེར་ལྔ་ནས་བཟུང་སྟེ།། ལོ་རྫོགས་བར་དུ་སྒྲ་གཅན་མཇུག་མ་ཡིས།། འཐབ་རྩོད་འཁྲུག་གཞིའི་ངོ་དང་ལྷག་པར་དུ།། བདུན་པའི་བརྒྱད་ནས་དགུ་པའི་བརྒྱད་ཀྱི་བར།། དམར་པོ་ལྷན་དུ་སྤྱོད་པས་དམིགས་བསལ་རྩུབ།། ༈ ལྷོ་ནུབ་གསུམ་པའི་གཅིག་ནས་ཉེར་གཉིས་བར།། མཇུག་མས་འཐབ་རྩོད་མི་བདེའི་ངོ་ཤར་ལས།། གཞན་དུ་བདེ་སྐྱིད་ངང་དུ་འཚོ་བ་འབྱུང་།། ༈ ནུབ་ཕྱོགས་བདེ་སྐྱིད་ལྡན་ཞིང་ལྷག་པར་དུ།། བཅུ་པའི་བཅུ་གཉིས་ནས་བཟུང་གནམ་སྟོང་བར།། ལྷག་པས་ལྷག་པར་དགེ་ཞིང་ཤིས་པ་འབྱུང་།། བཅུ་གཅིག་བརྒྱད་ནས་བཅུ་གཉིས་སྟོང་བར་དུ།། ཉི་མ་མིག་དམར་སྐབས་དེར་ལྷན་སྤྱོད་པས།། འཐབ་རྩོད་ཐན་པའི་ངོ་ཡང་བཅུ་གཉིས་པའི།། བཅོ་ལྔའི་མཚམས་དེར་དཀར་པོས་བདེ་མཉམ་བྱེད།། ༈ ནུབ་བྱང་མཚམས་སུ་གསུམ་པའི་ཚེས་ཤར་ནས།། དང་པོའི་སྟོང་བར་སྤེན་པས་ས་གཡོ་དང་།། མུ་གེའི་འཇིགས་དང་ལྷག་པར་དྲུག་པ་ཡི།། སྟོང་ནས་བཅུ་པའི་སྟོང་བར་ཕྱིར་ལྡོག་སྤྱོད།། མི་ཕྱུགས་ནད་དང་འཆི་བས་འཚེ་ལ་དོགས།། ༈ བྱང་ཕྱོགས་སྤྱིར་ན་བདེ་སྐྱིད་ལྡན་ན་ཡང་།། དང་པོའི་སྟོང་ནས་གཉིས་པའི་སྟོང་བར་དུ།། སྤེན་པ་ལྷན་དུ་ཉི་ལྷག་སངས་གསུམ་སྤྱོད།། ཐན་པ་མུ་གེའི་འཇིགས་པ་ཅུང་ཟད་ཤར།། ༈ བྱང་ཤར་ལོ་ཧྲིལ་སྲིད་གསུམ་རྣམ་རྒྱལ་གྱིས།། འཐབ་རྩོད་འཇིགས་པའི་ངོ་ཡང་གསུམ་པ་ཡི།། བརྒྱད་ནས་དྲུག་པའི་བརྒྱད་བར་ལྷག་ཕུར་ཟུང་།། ལྷན་སྤྱོད་བདེ་སྡུག་སྤེལ་མར་འོང་བ་ཡིན།།
གནམ་གཤིས་སྔོན་བརྡ།
དགུང་འདིར་གནམ་གཤིས་སྔོན་དཔག་ལས་གཟའ་རྣམས་ཕལ་ཆེ་བ་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཁ་ཆར་ཆེ་ཞིང་འཐིབ་དྭངས་མང་ལ་རླུང་གིས་གཏོར་བའང་མང་། (བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།)
བོད་ཟླ་དང་པོ། |
སྤྱིར་ཟླ་འདིར། འཐིབ་ཤས་ཆེ་ཞིང་ཁ་ཆར་གྱི་བབས་རྒྱུན་བཟང་ཡང་རླུང་གིས་གཏོར་བའི་ཉེན། |
བོད་ཟླ་གཉིས་པ། |
སྤྱིར་ཟླ་འདིར། ཆར་རླུང་སྦྲགས་མར་བབས་པ་མང་། |
བོད་ཟླ་གསུམ་པ། |
སྤྱིར་ཟླ་འདིར། གནམ་འཁོར་བ་མང་ཞིང་དྲོད་རླུང་ལྡང་། |
བོད་ཟླ་བཞི་པ། |
སྤྱིར་ཟླ་སྟོད་དུ། གནམ་འཁོར་བ་མང་ཞིང་དྲོད་རླུང་ལྡང་ཡང་། ཟླ་སྨད་དུ་རླུང་གིས་གཏོར་ཉེན། |
བོད་ཟླ་ལྔ་པ། |
སྤྱིར་ཟླ་འདིར། འཐིབས་དྭངས་རེས་མོས་ཀྱིས་ཆར་རླུང་སྦྲགས་མར་འོང་། |
བོད་ཟླ་དྲུག་པ། |
སྤྱིར་ཟླ་འདིར། གནམ་འཁོར་བ་མང་ལ་ཆར་རླུང་སྦྲགས། |
བོད་ཟླ་བདུན་པ། |
སྤྱིར་ཟླ་འདིར། ཆར་རླུང་སྦྲགས་མར་བབས་ཤིང་སྐབས་རེ་ཐན་ངོ་། |
བོད་ཟླ་བརྒྱད་པ། |
སྤྱིར་ཟླ་འདིར། གནམ་འཁོར་ཞིང་ཆར་བབས་ཀྱང་རླུང་གིས་གཏོར་ཉེན། |
བོད་ཟླ་དགུ་པ། |
སྤྱིར་ཟླ་འདིར། ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་། |
བོད་ཟླ་བཅུ་པ། |
སྤྱིར་ཟླ་འདིར། འཐིབས་ཤས་དང་བཅས་གྲང་རླུང་ལྡང་། |
བོད་ཟླ་བཅུ་གཅིག་པ། |
སྤྱིར་ཟླ་འདིར། ཁ་ཆར་རན་པར་བབས་ངོ་།། |
བོད་ཟླ་བཅུ་གཉིས་པ། |
སྤྱིར་ཟླ་འདིར། གནམ་འཁོར་བ་མང་ཞིང་ཁ་ཆར་ཡང་མང་བར་བབས་ངོ།། |