སྨན་རྩིས་དྲ་བ། - ལོ་ཐོ།

༄༅།།རྩིས་འབྲས་ཀྱི་འགྲེལ་བཤད་མདོར་བསྡུས།

བོད་ཚེས།

 

ཉིན་ཚེས་ཁྱིམ་གསུམ་ལས། ཚེས་ཞག་གཙོ་བོར་བཟུང་བ་ཡིན། དེ་ཡང་ལོ་ལ་ཁྱིམ་ཞག་གཙོ་ཆེ། ཟླ་བར་ཚེས་ཞག་གཙོ་ཆེ། ཞག་པོར་ཉིན་ཞག་གཙོ་ཆེ་གསུངས་པ་ལྟར། ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡོད། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་ཆུ་ཚོད་ཛར་རེ་བ་ཡོད། ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་དང་ཛར་རེ་བ་ཡོད་པའི་རྒྱུ་མཚན་གྱིས་ཉིན་ ཚེས་ཁྱིམ་གསུམ་ཁ་བསྟུན་སྐབས་བོད་ཚེས་ལ་ཆད་ལྷག་དང་ཟླ་བཤོལ་ཡོང་བའི་རྒྱུ་མཚན་དེ་ལྟར་ཡིན། བོད་ཚེས་ནི་རྣམ་དཀར་དགེ་ཕྱོགས་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ནས་ཚེས་ཞག་གཙོ་ བོར་བཟུང་གི་ཡོད། དེ་ཡང་། དགའ་བ་བཟང་པོ་རྒྱལ་བ་དང་། །སྟོང་པ་རྫོགས་པ་རྣམ་པ་ལྔ། །དཀར་པོའི་ཕྱོགས་ལ་ལན་གསུམ་དང་། །ནག་པོའི་ཕྱོགས་ལ་ལན་གསུམ་སྟེ། །ཟླ་བ་རེ་བཞིན་ལན་དྲུག་འཁོར།། ཞེས་བྱའོ། །

 

ཕྱི་ཚེས།

 

ད་ལྟ་འཛམ་གླིང་སྤྱི་མཚུངས་ལྟར་བརྩི་བཞིན་པའི་ཕྱི་གླིང་ནུབ་ཕྱོགས་པའི་རྩིས་ལུགས་འདི་ཡིན། དེ་ནི་ཉིན་ཚེས་ཁྱིམ་གསུམ་ལས། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་ཆུ་ཚོད་ཛར་རེ་བ་ཡོད་པའི་རྒྱུ་མཚན་གྱིས་ཁྱིམ་ཞག་དང་ཁ་བསྟུན་དགོས་པས་ཟླ་རེར་ཚེས་གྲངས་མང་ཉུང་དང་ལོ་བཞི་རེའི་མཚམས་ནས་ཆུ་ཚོད་རྣམས་བསྡོམས་ནས་ཉིན་གཅིག་ལྷག་མ་ཡོང་གི་ཡོད་པས་ཉིན་ཞག་གཙོ་བོར་བཟུང་བ་ཡིན།

 

རེས་གཟའ།

 

ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །རེས་ལ་འཆར་བའི་གཟའ་བདུན་ཡིན།།

ཉི་མ། 

ཉི་མ་པད་གཉེན་ལྷ་སྐྱེས་པ། །ལྷ་དང་སྐྱེས་པའི་གཟའ་ཡིན་པས། །རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཡིན། །ཞི་བ་དམར་སྐྱ་མེ་ཡི་ཁམས།།

ཟླ་བ། 

ཟླ་བ་བུད་མེད་ཀླུའི་བླ་གཟའ། །རྗེ་རིགས་དཀར་སེར་རུ་ཁམས་ཞི།།

མིག་དམར།

མིག་དམར་ལྷ་མིན་སྐྱེས་སྤྱི་དང་། །དམག་དཔོན་བླ་གཟའ་རྒྱལ་རིགས་ཡིན། །དམར་ནག་དྲག་པོ་མེ་ཡི་ཁམས།།

ལྷག་པ། 

ལྷག་པ་གནོད་སྦྱིན་མ་ནིང་གཟའ། །རྒྱལ་པོའི་བླ་གཟའ་དམངས་ཀྱི་རིགས། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས།།

ཕུར་བུ། 

ཕུར་བུ་བྱང་སེམས་བློན་པོ་དང་། །བནྡེ་སྐྱེས་པའི་བླ་གཟའ་ཡིན། །སྐུ་མདོག་སེར་པོ་བྲམ་ཟེའི་རིགས། །ཞི་དྲག་འདྲེས་མ་རླུང་གི་ཁམས།།

པ་སངས། 

པ་སངས་སྟག་གཟིག་རྒྱལ་བློན་དང་། །བུད་མེད་བླ་གཟའ་བྲམ་ཟེའི་རིགས། །ཞི་བ་ས་ཁམས་སྣ་ཚོགས་མདོག །

སྤེན་པ། 

སྤེན་པ་དབུལ་པོ་མ་ནིང་བྲན། །བྱིས་པའི་བླ་གཟའ་གདོལ་པའི་རིགས། །དྲག་གཟའ་སེར་སྐྱ་ས་ཡི་ཁམས།།

 

ཟླ་སྐར།

 

རེས་འགྲོགས་ཟླ་སྐར་ལ་གོ་བ་ཡིན།

དབྱུ་གུ།  

དབྱུ་གུ་སྐར་གསུམ་རྟ་མགོའི་མགུལ།

བྲ་ཉེ།

དེ་ཡང་སྐར་གསུམ་མོ་མཚན་དབྱིབས།

སྨིན་དྲུག 

སྨིན་དྲུག་སྐར་དྲུག་སྤུ་གྲིའི་དབྱིབས།

སྣར་མ། 

སྣར་མ་སྐར་ལྔ་ཤིང་རྟའི་དབྱིབས།

མགོ། 

མགོ་ནི་སྐར་གསུམ་རི་དྭགས་མགོ།

ལག

ལག་ནི་སྐར་གཅིག་ཐིག་ལེའི་དབྱིབས།

ནབས་སོ། 

ནབས་སོ་སྐར་གཉིས་ཁྲི་རྐང་དབྱིབས།

རྒྱལ། 

རྒྱལ་ནི་སྐར་གསུམ་རིལ་བའི་དབྱིབས།

སྐག

སྐག་ནི་སྐར་དྲུག་གདེངས་ཀའི་དབྱིབས།

མཆུ། 

མཆུ་ནི་སྐར་དྲུག་ཆུ་བོ་འདྲ།

གྲེ། 

གྲེ་ནི་སྐར་གཉིས་ལྷ་ཁྱབ་འཇུག དབྱིབས་ནི་མི་རྐང་ལྟ་བུའོ།།

དབོ། 

དབོ་ནི་སྐར་གཉིས་ཁྲི་ཡི་དབྱིབས།

མེ་བཞི། 

མེ་བཞི་སྐར་ལྔ་ལག་པའི་དབྱིབས།

ནག 

ནག་པ་སྐར་གཅིག་པད་སྙིང་དབྱིབས།

ས་རི། 

ས་རི་སྐར་གཅིག་ནོར་བུའི་དབྱིབས།

ས་ག 

སྐར་བཞི་ར་མགོའི་དབྱིབས།

ལྷ་མཚམས། 

ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས།

སྣྲོན། 

སྣྲོན་ནི་སྐར་གསུམ་ཐེམ་སྐས་དབྱིབས།

སྣྲུབས། 

སྣྲུབས་ནི་སྐར་དགུ་སྡིག་པའི་དབྱིབས།

ཆུ་སྟོད། 

ཆུ་སྟོད་སྐར་བཞི་ཀ་ཏྱའི་རིགས། ཆུ་ལྷ་ལྷར་འཛིན་མཆོད་རྟེན་དབྱིབས།

ཆུ་སྨད། 

ཆུ་སྨད་སྐར་བཞི་བྲེ་ལྟ་བུ།

གྲོ་བཞིན། 

གྲོ་བཞིན་སྐར་གསུམ་བྲེ་ལྟ་བུ།

བྱི་བཞིན། 

བྱི་བཞིན་སྐར་གསུམ་དབྱིབས་གླང་མགོ།

མོན་དྲེ། 

མོན་དྲེ་སྐར་བཞི་བྱ་ལྟ་བུ།

མོན་གྲུ། 

མོན་གྲུ་མི་རེང་ལྟ་བུའམ།

ཁྲུམས་སྟོད། 

ཁྲུམས་སྟོད་སྐར་གཉིས་ཤིང་རྟའི་དབྱིབས།

ཁྲུམས་སྨད། 

ཁྲུམས་སྨད་སྐར་གཉིས་རྣ་བའི་དབྱིབས།

ནམ་གྲུ། 

 

གྲུ་དབྱིབས་སྐར་མ་སུམ་ཅུ་གཉིས།

 

འབྱུང་འཕྲོད།

 

གཟའ་དང་སྐར་མའི་འབྱུང་བ་ས་དང་། ཆུ། མེ། རླུང་བཞིའི་ཁམས་གང་འཕྲོད་སྦྱོར་བ་སྟེ།

ས་༢། 

 

ས་ གཉིས་ནང་འཕྲད་དངོས་གྲུབ་སྦྱོར། །དངོས་གྲུབ་སྦྱོར་བས་ཅི་བསམ་འགྲུབ། །རྟེན་བཞེངས་མཁར་རྩིག་ཞིང་ཉོ་བ། །རྒྱས་པའི་ལས་རྣམས་བྱ་བ་དང་། །མདུན་མ་བྱེད་སོགས་བརྟན་ལས་བཟང་།།

ཆུ་༢། 

 

ཆུ་ གཉིས་ནང་འཕྲད་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱེད་བག་མ་ལེན། །ཚེ་དབང་ཚེ་སྒྲུབ་ཆོ་ག་དང་། གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་།།

ས་ཆུ། 

ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།།

མེ་༢། 

 

མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར། །འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད། །ཚོང་བྱ་སྦྱིན་གཏོང་ས་བོན་འདེབས། །ནོར་རྒྱུན་མ་སྒྲུབ་ཆུ་སྦྱིན་སྟེར། །ནོར་ལྷ་མཆོད་ཅིང་དངོས་གྲུབ་ཞུ།།

རླུང་༢། 

 

རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར། །ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ། །འགྲུལ་བྱ་དོན་གཉེར་ཁ་མཆུ་བསྡུམས། །གཡོ་དྲག་མྱུར་བའི་ལས་རྣམས་བཟང་།།

མེ་རླུང་། 

མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར། །སྟོབས་ལྡན་སྦྱོར་བས་བཀྲ་ཤིས་བྱེད། །རིམ་གྲོ་ལྷ་གསོལ་ཆོས་སྤྱོད་བྱ། །ཞི་རྒྱས་དབང་གི་ལས་རྣམས་འགྲུབ།།

ས་རླུང་། 

ས་རླུང་འཕྲད་པ་མི་མཐུན་སྦྱོར། །མི་འཕྲོད་སྦྱོར་བས་ཟས་ནོར་འཛད། །རྐུན་ཇག་འཇོམས་འཕྲོག་བྱེད་པ་སོགས། །མྱ་ངན་འོང་བས་དོན་མི་འགྲུབ།།

ཆུ་རླུང་། 

ཆུ་རླུང་འཕྲད་པ་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་དང་ཕྲ་མ་གཞུགས་པ་དང་། དགྲ་བོ་དབྱུང་བའི་ལས་རྣམས་བྱ།།

ས་མེ། 

ས་མེ་འཕྲད་པ་བསྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། །དམག་འདྲེན་དགྲ་གཞོམ་དྲག་ལས་རྩོད། །ཕ་རོལ་སྡུག་བསྔལ་བསྐྱེད་ཀུན་བྱ།།

མེ་ཆུ། 

 

མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ།།

 

གནམ་སྒོ།

 

གནམ་སྒོ་ནི་ཟླ་བ་རེར་ལན་གསུམ་འཁོར་བ་ཡིན།

དེ་ཡང་ཚེས་༡།༡༡།༢༡།

མགྲོན་གྱི་གནམ་སྒོར་དོན་གཉེར་དང་། །མགྲོན་བྱས་ཁྱིམ་དེ་གུད་པར་འགྱུར།།

ཚེས་༢།༡༢།༢༢།

ཚོང་གི་གནམ་སྒོར་ཚོང་བྱས་ན། །ཚོང་ཉེས་གོད་ཁ་རྒྱུན་མི་ཆད།།

ཚེས་༣།༡༣།༢༣།

བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོར་ཁྲིད་བྱས་ན་བར་ཆད་འོང་།།

ཚེས་༤།༡༤།༢༤།

དམག་གི་གནམ་སྒོར་དམག་དྲངས་ན། །གཡུལ་ཕམ་གཡུལ་ཉེས་ལན་དགུ་ཟློས།།

ཚེས་༥།༡༥།༢༥།

གཉེན་གྱི་གནམ་སྒོར་གཉེན་བྱས་འགྲས། །སྟོན་མོ་བྱས་ན་སྟོར་བརླག་ཡོང་།།

ཚེས་༦།༡༦།༢༦།

མཁར་གྱི་གནམ་སྒོར་མཁར་གྱི་ལས། །བྱས་ན་འཕྲལ་དུ་གྱོད་འབྱུང་ངོ་།།

ཚེས་༧།༡༧།༢༧།

བག་མའི་གནམ་སྒོར་བག་མ་ཡི། །གཏོང་ལེན་བྱས་ན་ཡུགས་ས་འབབ།།

ཚེས་༨།༡༨།༢༨།

དུར་གྱི་གནམ་སྒོར་དུར་བཏབ་ན། །དུར་སྲི་བཏུད་ཅིང་ཐ་མར་འཕུང་།།

ཚེས་༩།༡༩།༢༩།

ཤིད་ཀྱི་གནམ་སྒོར་ཤིད་སྟོན་དག །བྱས་ན་འཕྲལ་དུ་གཤིན་ལས་འབབ།།

ཚེས་༡༠།༢༠།༣༠།

 

སྤྱི་ཡི་གནམ་སྒོའི་དུས་སུ་ནི། །ལས་དང་བྱ་བ་ཅི་བྱས་འཕུང་།།

 

སྨེ་བ།

 

གཅིག་དཀར།

མིག་གཡས་སྤྲིན་པ་དཀར་པོ་ལས། །ལྷ་ནི་གནམ་ཐེ་དཀར་པོ་དང་། །ཐོ་རེངས་དཀར་སྐྱ་སྤུན་གཅིག་བྱུང་། །གཅིག་པ་དཀར་བས་གཅིག་དཀར་རོ།།

གཉིས་ནག

གཡོན་པའི་འབྲས་བུ་ནག་པོ་ནས། །ལྷ་ནི་སྦལ་ནག་དོམ་ནག་དང། །མྱ་ངན་སྡུག་གི་མཚོ་གཉིས་བྱུང་། །གཉིས་ཀ་ནག་པས་གཉིས་ནག་གོ

གསུམ་མཐིང་།

ཁ་ཡི་རླངས་པའི་རླུང་ལས་ནི། །ལྷ་ནི་ནག་པོ་སྤུན་གསུམ་དང་། །བྱེ་བྲལ་གྱོད་ཀྱི་རླུང་གསུམ་བྱུང་། །གསུམ་ག་མཐིང་བས་གསུམ་མཐིང་ངོ་།།

བཞི་ལྗང་།

མཚན་མའི་རླངས་པ་འཐུལ་བ་ལས། །ལྷ་ནི་གཉན་ཆེན་སྡེ་བཞི་དང། །གྱོད་ཀྱི་དུ་བ་སྤུན་བཞི་བྱུང་། །བཞི་ག་ལྗང་བས་བཞི་ལྗང་ངོ་།།

ལྔ་སེར།

སྣ་བུག་གཡས་པའི་བུ་ག་ཡི། །ཆུ་སེར་ཐིག་པ་ལྔ་པོ་ལས། །དབུས་དང་ཕྱོགས་ཀྱི་ས་བདག་དང་། །གསེར་གྱི་མེ་ཏོག་རྩེ་ལྔ་བྱུང་། །ལྔ་ག་སེར་བས་ལྔ་སེར་རོ།།

དྲུག་དཀར།

རྣ་བ་གཡས་པའི་བུ་ག་ནས། །རྗེ་ནི་ཡབ་ལྷ་བརྡལ་དྲུག་དང་། །དཔལ་གྱི་ཉི་མ་སྤུན་དྲུག་ཤར། །དྲུག་ག་དཀར་བས་དྲུག་དཀར་རོ།།

བདུན་དམར།

སྣ་བུག་གཡོན་པའི་སྣ་ཁྲག་ལས། །ལྷ་ནི་དམར་པོ་རྐྱ་བདུན་དང་། །བཤན་པ་ལག་དམར་སྤུན་བདུན་བྱུང་། །བདུན་ག་དམར་བས་བདུན་དམར་རོ།།

བརྒྱད་དཀར།

རྣ་བ་གཡོན་པའི་བུ་ག་ལས། །ལྷ་ནི་བཀྲ་ཤིས་ལྷ་བརྒྱད་དང་། །མེ་ཏོག་ཧ་ལོ་མཆེད་བརྒྱད་བྱུང་། །བརྒྱད་ཀ་དཀར་བས་བརྒྱད་དཀར་རོ།།

དགུ་དམར།

 

འཕོངས་ཀྱི་པདྨ་འདབ་བརྒྱད་ལས། །ལྷ་ནི་དམུ་དང་སྲ་དགུ་དང་། །གཡང་གི་གཡུང་དྲུང་སྤུན་དགུ་བྱུང་། །དགུ་ག་དམར་བས་དགུ་དམར་རོ། །

 

སྲེག་ཚེས།

 

ཚེས་དང་གཟའ་འཛོམ་བསྲེག་ཚེས་འཆར།།

 

ཀླུ་ཐེབས།

 

ཀླུ་ཐེབས་དུས་སུ་ཆར་དབབ་པ། །ཀླུ་ཆོག་ཀླུ་གཏོར་གཏོང་བ་དང་། །ཀླུ་ལ་མནན་གཏད་སྐྱེལ་སོགས་བཟང་།།

 

ཟླ་ནག

 

ཟླ་ནག་མཁར་ལས་ཐོག་བཤུ་འབུབས། །རབ་གནས་རབ་བྱུང་རྟེན་བཞེངས་དང་། །བག་མ་ནོར་གཏོང་གསོན་གཤིན་འཛེམ།།

 

ཉི་ནག

 

དབང་རབ་བག་མ་མཁར་ལས་དང་། །དཀར་ཕྱོགས་དགེ་བའི་ལས་སྟོབས་དང་། །དཀར་ཕྱོགས་དགེ་བའི་ལས་སྟོབས་དང་། །དགེ་བཤེས་ཆེ་འདོན་དུར་གདབ་ཚོང་། །ནོར་རྫས་ཕྱིར་གཏོང་ལ་སོགས་པ། །གསོན་གཤིན་ལས་རྣམས་ཕལ་ཆེར་ངན།།

 

དབུལ་ལག

 

དབུལ་པོ་ལག་སྟོང་ཞེས་བྱ་བ། །རྒྱུ་དུས་སྟོན་མོ་ནོར་གཏོང་ངན། །ཡོ་ལངས་བྱས་ན་དབུལ་པོར་འགྲོ། །མཁར་ལས་བག་མ་བུ་འདོགས་དང་།། སྒྱེད་འཛུགས་བཤད་གསར་རྟེན་རབ་གནས། །ལྟད་མོ་ཐོག་འབུགས་དར་འཕྱར་བ། །རོ་འདོན་ཞིང་འདེབས་བང་མཛོད་དབྱེ།། གསོན་གཤིན་ལས་རྣམས་ཕལ་ཆེར་འཛེམ། །ཉམས་ན་བཅོས་ཀ་གཞུང་ལྟར་གྱིས།།

 

ཡན་ཀྭོང་།

 

ཡན་ཀྭོང་ཞེས་བྱ་བའི་ས་བདག་ནི་རྒྱ་རྩིས་གསར་མའི་ལུགས་ཡིན་པས་རྒྱ་རྩིས་ཚེས་གྲངས་ ལྟར་འཆར་གི་ཡོད་པས་ས་བདག་འདི་འཆར་ཉིན་ལས་དང་བྱ་བ་ཅི་ཡང་ངན།

 

 

བུམ་སྟོང་།

 

ཤར་ནས་ཆོས་སྐོར་བུམ་པ་བཞི། །ཕྱོགས་བཞིར་བྲིས་ལ་ཤར་གྱི་བུམ། །ལུག་སེང་གཞུ་དང་ལྷོར་གླང་དང་། །བུ་མོ་ཆུ་སྲིན་ནུབ་འཁྲིག་སྲང་།། བུམ་པ་བྱང་ཕྱོགས་ཀརྚ་སྡིག་ཉ། །བཀོད་ལ་ཉི་ཁྱིམ་གནས་པའི་ཕྱོགས། །སྟོད་པའི་བུམ་པ་ཞེས་བྱ་སྟེ། །གཞན་གསུམ་གང་བའི་བུམ་པ་ཡིན། །གང་ཕྱོགས་འགྲོ་དང་རྟ་རྒྱུག་དང་། །གྲལ་དཔོན་ཚོགས་དཔོན་ཞལ་གཟིགས་ཕྱོགས། །དམག་འདྲེན་བཤད་གསར་ཁའི་ལྟ་ཕྱོགས།། རྒྱལ་ཞིང་འདོད་དོན་བསམ་པ་འགྲུབ། །ཁྱད་པར་གང་སར་བསོད་ནམས་གཟའ། །རང་མིང་ཡོད་ན་ཤིན་ཏུ་བཟང་། །དེ་ལྡོག་སྟོང་པར་དྲག་གཟའ་དང་། །རང་མིང་ཡོད་པའི་ཕྱོགས་དེ་རུ། །ལྟད་མོ་འགྲོ་འདུག་བྱས་ན་འཆི།།

 

གསོ་སྦྱོང་།

 

གསོ་སྦྱོང་ནི་འདུལ་བ་འཛིན་པ་རྣམས་ལ་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་དུས་ཤིག་ཡིན།།

 

ཁྱིམ་སླེབས།

 

ཁྱིམ་སླེབས་ནི་ཉི་མ་ཁྱིམ་བཅུ་གཉིས་གང་དུ་སླེབ་ཡོད་མེད་དང་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལས་ཁྱིམ་ཟླའི་མགོ་ཟིན་པའི་མིང་ཡིན། དེ་ཡང་ལུག་གླང་འཁྲིག་པ་ཀརྚ་དང་། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་སོ།།

 

 

ལོ་རྟགས།

བླ་གཟའ།

སྲོག་གཟའ།

གཤེད་གཟའ།

     བྱི་བ།

ལྷག

དམར།

སྤེན།

     གླང་།

སྤེན།

ལྷག

ཕུར།

      སྟག  ཡོས།

ཕུར།

སྤེན།

སངས།

     འབྲུག

ཉི།

ལྷག

ཕུར།

      རྟ།  སྦྲུལ།

དམར།

སངས།

ལྷག

    ལུག

སངས།

ཟླ།

ཕུར།

    བྱ།  སྤྲེལ།

སངས།

ཕུར།

དམར།

    ཁྱི།

ཟླ།

ལྷག

ཕུར།

   ཕག

ལྷག

དམར།

སྤེན།

 

 

 

 

 

 

 

 

 

 

 

 

 

 

 

 

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།