སྔོ་ཚལ །
|
སྐྱེ་དངོས་སྔོ་ལྗང་ཅན་གྱི་ལྗོངས་སམ་ཚལ་དུ་སྐྱེ་ཞིང་དེ་ལས་བྱུང་བའི་བཟའ་ཆས་ཀྱི་རིགས་ལ་སྔོ་ཚལ་ལམ་ཚོད་མ་དང་སྔོ་ངད་ཅེས་ཟེར་ཞིང༌། ཟས་ཏེ་སླད་སྐྱོན་མེད་པའི་སྔོ་ཚལ་སོགས་མ་བཅོས་རང་བྱུང་གི་བཟའ་ཆས་ནི་སྨན་རྫས་ལས་སྔ་བ་མ་ཟད། ལུས་གསོ་ཞིང་ནད་རིགས་བཅའ་བར་བྱེད་པའི་ཐབས་ལམ་སྟེ་ཟས་སྤྱོད་སྨན་དཔྱད་བཞིའི་གྲས་ནས་ཐོག་མ་ཡིན་ལ། ལུས་སྲོག་འཚོ་བའི་རྒྱུ་ཆ་ལེགས་ཤོས་ཤིག་ཏུའང་གྱུར་ཡོད་པས། ཟས་ཀྱི་གསོ་ཐབས་ནི་སྨན་གྱི་བཅོས་ཐབས་ལས་བཟང་ཞིང་ཟུར་སྐྱོན་ཆུང་ལ་གསོ་ཐབས་གཞན་གྱི་སྔོན་ལ་ལག་ལེན་བྱེད་འོས་པ་ཞིག་ཆགས་ཡོད། དེང་དུས་མི་རྣམས་ཀྱིས་མིས་བཟོས་རྫས་འགྱུར་སྨན་རིགས་ལས་མ་བཅོས་རང་བྱུང་གི་གསོལ་སྨན་དང་བཟའ་ཆས་ནི་ལུས་སྲོག་ལ་འཇམ་ཞིང་ཆེས་བདེ་འཇགས་ཡིན་པ་ཤེས་རྟོགས་བྱུང་ཞིང༌། དེ་ཡིས་བོད་ཀྱི་གསོ་རིག་དང་བཅས་པའི་སྲོལ་རྒྱུན་གསོ་རིག་གི་ལྟ་བ་དང༌། ལུས་ཁམས་བདེ་སྲུང་གི་རིག་པ་སྔར་ལས་ཀྱང་ཇེ་བརྟན་དང་ཁུངས་ཇེ་བཙུན་དུ་བཏང་བ་རེད།
འདིར་འཚོ་བ་ཟས་ཀྱི་ཁོངས་གཏོགས་སྔོ་ཚལ་གྲངས་ཉི་ཤུ་རྩ་གཅིག་གི་མིང་དང་སྐྱེ་དབྱིབས།རོ་དང་ངོ་བོ། ཕན་ནུས། དོ་སྣང་བྱེད་དགོས་པ་སྨན་རམས་པ་གཡང་འབུམ་རྒྱལ་བརྩམས་པའི་<<བོད་ཀྱི་གོས་བ་རིག་པའི་འཚོ་བ་ཟས་སྐོམ་ལས་སྔོ་ཚལ་གྱི་ཕན་ཡོན་དང་ལག་ལེན་>>ལས་བཏུས་ཏེ་དྲ་རྒྱར་བཅུག་སྒྲིག་བྱས་ཡོད། རྒྱས་པར་གཟིགས་འདོད་ན་དེབ་འདིར་གཟིགས་རོགས་གནང་། འདིའི་ནང་སྔོ་ཚལ་བརྒྱད་ཅུ་ལྷག་གི་སྐྱེ་དབྱིབས་དང་ཕན་ནུས་སོགས་བཀོད་ཡོད། |