ཟ་ཁུ་གཅིན་སྙིའི་ནད།
དང་པོ། ཟ་ཁུ་གཅིན་སྙིའི་ནད་ཀྱི་གནས་བབ།
ཟ་ཁུ་གཅིན་སྙིའི་ནད་འདི་ནི། དེང་སྐབས་འཛམ་གླིང་ནང་མཐོང་རྒྱུ་མང་བ་དང་བཅོས་དཀའ་བའི་ནད་གདུག་པ་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ནད་འདི་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་ལྷག་པར་རྒྱ་གར་ནང་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། རང་རེའི་སྤྱི་ཚོགས་ནང་དུའང་དེ་བཞིན་ན་མཁན་མང་བས་འཕྲོད་བསྟེན་གྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། འདི་ལོ་ ༢༠༡༦ ཟླ་བ་ ༦ པའི་ནང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ (W.H.O) གིས་ཚོད་དཔག་བྱས་པ་ལྟར་ན།
ཕྱི་ལོ་ ༡༩༨༠ ནང་འཛམ་གླིང་ཧྲིལ་པོར་ཟ་ཁུ་གཅིན་སྙི་ནད་གྲངས་ས་ཡ་ ༡༠༨ བྱུང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༡༤ ནང་ནད་གྲངས་ས་ཡ་ ༤༢༢ བྱུང་ཡོད། འབྱུང་འགྱུར་ཕྱི་ལོ་ ༢༠༣༠ བར་ནད་གྲངས་ས་ཡ་ ༥༥༢ ཟིན་རྒྱུ་བཅས་ལོ་ལྟར་ནད་གྲངས་ཇེ་ཆེར་འཕར་བའི་ཚོད་དཔག་བྱས་ཡོད།
རྒྱལ་ཁབ་སོ་སོའི་ནང་། ཟ་ཁུ་གཅིན་སྙིའི་ནད་པའི་ནང་ནས་མང་ཆེ་བ་ལོ་ན་ ༤༠ ནས་ ༥༩ བར་ཡིན་པ་དང་། ནད་པའི་བརྒྱ་ཆ་ ༨༠ ཙམ་དཔལ་འབྱོར་གནས་སྟངས་སྐྱོ་བ་དང་འབྲིང་བའི་གྲས་ཡིན་པ་གསལ་ཡོད།
ནད་པ་འདས་གྲོངས་ཀྱི་ཐོ་ལ་ཆ་བཞག་ན། ཕྱི་ལོ་ ༢༠༡༢ ལོའི་ནང་ནད་གྲངས་ས་ཡ་ ༡་༥ འདས་གྲོངས་སུ་གྱུར་ཡོད།
རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་མང་ཚོགས་ནང་ཟ་ཁུ་གཅིན་སྙིའི་ནད་གཞིའི་སྐོར་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེན་ཡིན་པར་མཐོང་ནས། ཕྱི་ལོ་ ༡༩༩༨ ནས་བཟུང་ལོ་ལྟར་ཟླ་ ༡༡ ཚེས་ ༡༤ ཉིན་འཛམ་གླིང་ཟ་ཁུ་གཅིན་སྙིའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད།
གཉིས་པ། ཟ་ཁུ་གཅིན་སྙིའི་ཉམས་ཞིབ་སྙན་ཐོ།
ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་སྨན་རྩིས་ཁང་ནས་ཟ་ཁུ་གཅིན་སྙིའི་ནད་གཞི་ལ་དེང་དུས་ཚན་རིག་ཉམས་ཞིབ་འགྲོ་སྟངས་དང་མཐུན་པའི་སྒོ་ནས་ལོ་གསུམ་རིང་ནད་པ་ ༢༠༠ ལ་ཟླ་དྲུག་ཉམས་ཞིབ་བྱས་ཡོད་པས། བོད་སྨན་གྱིས་ཟུངས་འདྲེས་མངར་ཚད་ (Hba1c) ཀྱི་ཚད་གཞི་གང་ལེགས་འཇགས་ཡོད་པའི་གྲུབ་འབྲས་ཧ་ཅང་བཟང་པོ་ཐོན་ཡོད།
ཟུངས་ཁྲག་དང་འདྲེས་པའི་མངར་ཆའི་ཚད་གཞི་ (Hba1c) གང་ལེགས་འཇགས་པ་དེ་ནི་ཟ་ཁུ་གཅིན་སྙིའི་བཅོས་ཐབས་ཐོག་གནད་འགག་ཆེན་པོ་ཞིག་རེད། དེའི་ཚད་གཞི་མཐོ་བོ་འཕར་ཚེ་ནད་པ་རྣམས་ལ་ཀླད་གྲིབ་དང་། སྙིང་གཟེར། མཁལ་མ་སྐྱོན་ཤོར་བ། མིག་གི་རྩ་མདངས་ཉམས་པ་སོགས་དཀའ་ངལ་འབྱུང་ངེས་པར་བརྟེན། བོད་སྨན་གྱི་གྲུབ་འབྲས་དེ་སྨན་ལུགས་གཞན་ལ་མེད་པའི་ཟ་ཁུ་གཅིན་སྙིའི་བཅོས་ཐབས་དང་སྔོན་འགོག་ཐད་ལ་རེ་བ་གསར་པ་ཞིག་ཡིན་པར་ཁུངས་སྐྱེལ་ར་སྤྲོད་གསལ་པོ་བྱུང་ཡོད། གྲུབ་འབྲས་ཀྱི་སྙན་ཐོ་རྒྱས་པ་འདི་རྒྱལ་སྤྱི་སྙན་གྲགས་ཆེ་བའི་དུས་དེབ་ Diabetes Care ནང་ལའང་འདོན་སྤེལ་ཐུབ་ཡོད།
གསུམ་པ། ཟ་ཁུ་གཅིན་སྙིའི་གོ་དོན།
ཟ་ཁུ་གཅིན་སྙི་ཞེས་པ་ནི། ང་ཚོས་ཟས་སྤྱོད་ལོག་པ་ཡུན་རིང་བསྟེན་དྲགས་པའི་རྐྱེན་གྱིས་གཟུགས་པོའི་ནང་བད་ཚིལ་ཧ་ཅང་མང་པོ་འཕེལ་བར་བརྟེན། རིམ་གྱིས་མངར་ཆ་རྣམས་གཅིན་མཉམ་དུ་ལྒང་པར་ཟགས་པས་ལུས་ཟུངས་རྣམས་རིམ་བཞིན་ཉམས་པའམ་ཟད་པར་གྱུར་བས་ན་ཟ་ཁུ་ཞེས་པ་དང་། གཅིན་པའམ་དྲི་ཆུའི་བོང་ཉུང་ལ་ཡང་ཡང་འབྱུང་བས་ན་སྙི་བ་བཅས་ཟ་ཁུ་གཅིན་སྙི་ཞེས་ནད་མིང་བཏགས་པ་ཡིན།
བཞི་པ། རྒྱུ་རྐྱེན།
ཟས་དང་སྤྱོད་ལམ་ལོག་པའམ་བསྟེན་སྟངས་ནོར་བའི་རྐྱེན་གྱིས་ཟ་ཁུ་གཅིན་སྙི་སྐྱེད་པར་བྱེད་པ་ཡིན། ནད་འདིའི་རྒྱུ་རྐྱེན་དུ་གཏོགས་པའི་ཟས་སྤྱོད་བྱེ་བྲག་པ་རྒྱས་པ་འདི་ལྟར་ཡིན་ཏེ།
ཟས་ཀྱི་རྒྱུ་རྐྱེན་ནི། རྒྱུན་དུ་བོད་ཇ་སོགས་རོ་ལན་ཚྭ་ཤས་ཆེ་བའི་ཟས་སྐོམ་དང་། འབྲས། ཞོག་ཁོག ཆུ་མངར་མོའི་རིགས། འོ་མ་རྗེན་པ་ལ་སོགས་རོ་མངར་བའི་རྗེན་ཟས་མཐའ་དག་དང་། ཞག་ཚིལ། རྐང་མར། འབྲུ་མར། སེམས་ཅན་གྱི་མར་སོགས་སྣུམ་ལྕིའི་ཡོན་ཏན་དང་ལྡན་པའི་བཟའ་བཏུང་བསྟེན་དྲགས་པ།
སྤྱོད་ལམ་གྱི་རྒྱུ་རྐྱེན་ནི། ཟས་ཟོས་ནས་འགྲངས་པའི་རྗེས་སུ་དལ་བར་གནས་པ་དང་། ཉིན་གཉིད་ལོག་པ། རླན་གྲང་ཆེ་སར་ཡུན་རིང་སྡོད་པ། ཁྱད་པར་དུ་དགུན་ཁའི་སྐབས་ཆུར་ཞུགས་པ་དང་། གོས་སྲབ་གོན་ནས་ལུས་འཁྱགས་པ་སོགས་རྐྱེན་གྱིས་ཕོ་བའི་མེ་དྲོད་ཉམས་པས་ཟས་སྐོམ་རྣམས་ཚུལ་བཞིན་འཇུ་མ་ཐུབ་པར་བརྟེན། གཟུགས་པོའི་ནང་རོ་མངར་བ་སོགས་བསྟེན་དྲགས་པ་ལས་བད་ཀན་དང་ཚིལ་ཧ་ཅང་འཕེལ་བས་ལུས་རྒྱགས་པ་ཆགས། དེའི་དབང་གིས་མཁལ་མ་དང་ལྒང་པའི་བྱེད་ལས་ཉམས་པ་བཅས་ཀྱིས་ཟ་ཁུ་གཅིན་སྙི་ནད་སྐྱེད་པར་བྱེད་པ་ཡིན།
ལྔ་པ། དབྱེ་བ།
བོད་ཀྱི་གསོ་བ་རིག་པ་ནས་ཟ་ཁུ་གཅིན་སྙི་ནད་ཀྱི་དབྱེ་བ་ལ། རླུང་མཁྲིས་བད་ཀན་གསུམ་དང་། དེ་དག་ལ་ནང་གསེས་དབྱེ་བ་སྟེ། བད་ཀན་ཟ་ཁུ་ལ་བཅུ། མཁྲིས་པའི་ཟ་ཁུ་ལ་དྲུག རླུང་གི་ཟ་ཁུ་ལ་བཞི་བཅས་བསྡོམས་པས་ཟ་ཁུ་ཉི་ཤུ་གསུངས་ཡོད།
དྲུག་པ། ནད་རྟགས།
ཟ་ཁུ་གཅིན་སྙི་ནད་ཀྱི་མངོན་ཚུལ་ལམ་རྟགས་ནི་གཤམ་གསལ།
§ མལ་སྟན་དང་གཉིད་ལ་དགའ་བ།
§ རྔུལ་མང་ཞིང་དྲི་མནམ་པ།
§ སྐྲ་དང་སེན་མོ་སྐྱེས་མགྱོགས་པ།
§ ཁ་ལ་རོ་མངར་བྲོ་ཞིང་གྲེ་བ་དང་རྐན་སྐམ་པས་ཟས་སྐོམ་བསིལ་ལ་དགའ་བ།
§ ལུས་ཀྱི་ཤ་མདངས་སེར་ཞིང་རྐང་ལག་གི་མཐིལ་བཞིར་ཚ་དྲོད་རྒྱས་པ།
§ གཅིན་པ་ཡང་ཡང་ཤོར་བ།
§ གཅིན་མདོག་རྙོག་ཅན་འབྱུང་བ།
§ གཅིན་བཏང་ཤུལ་དུ་གྲོག་མ་མང་པོ་འཁོར་བ།
§ ལུས་ཀྱི་ལྗིད་ཚད་ལ་གློ་བུར་འཕར་ཆག་འགྲོ་བ།
§ བད་ཀན་ལས་གྱུར་བའི་ཟ་ཁུ་ཡིན་ན། གོང་གསལ་ནད་རྟགས་སྟེང་ལ་ཁ་ཟས་མི་འཇུ་ཞིང་དང་ག་འགག་པ་དང་། ལུད་པ་མང་བ། ཟོས་ཀྱང་སྐྱུག་པར་བྱེད་པ་དང་། མཁྲིས་པ་ལས་གྱུར་བ་ཡིན་ན། མཚན་མ་དང་ལྒང་པར་ན་ཟུག་བྱེད་པ། ཁ་སྐམ་པ། ལུས་དྲོད་རྒྱས་པ། འཁྲུའམ་བཤལ་བ། ཆམ་རིམས་ཕོག་པ་དང་། རླུང་ལས་གྱུར་བ་ཡིན་ན། གཉིད་ཆུང་བ་དང་། དབུགས་མི་བདེ་བ། སྙིང་འཕར་ཤུགས་ཆེ་ལ་གཟེར་འཕོ་བ། ཟས་ལ་རྔམ་པ་སོགས་ནད་རྟགས་དུ་མ་འབྱུང་བ་ལྟར་དེང་དུས་ཕྱི་ལུགས་དང་མཐུན་ནོ།།
བདུན་པ། བཅོས་ཐབས།
ཟས་དང་སྤྱོད་ལམ་སྒོ་ནས་བཅོས་པ་ནི། རྒྱུན་ལྡན་ནས་ཟས་དང་སྤྱོད་ལམ་ཐོག་ལ་ཚང་མས་དོ་སྣང་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ། གོང་དུ་བརྗོད་པ་ལྟར། ཟ་ཁུ་གཅིན་སྙིའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱུན་དུ་ཁ་ཟས་ཞག་ཚིལ་སྣུམ་རིགས་མང་དྲགས་པ་དང་སྤྱོད་ལམ་ལུས་རྩལ་མེད་པ་དལ་པོ་གནས་དྲགས་པ་ལ་སོགས་པའི་རྐྱེན་གྱིས་རང་ཉིད་ཀྱི་གཟུགས་པོའི་ནང་བད་ཀན་ས་ཆུའི་རང་བཞིན་འཕེལ་བ་ལས་བྱུང་བ་ཞིག་ཡིན་པར་བརྟེན། ས་ཆུ་ལས་གྲུབ་པའི་རོ་མངར་བའི་ཟས་སྐོམ་རྣམས་སྤང་དགོས་ཀྱང་། རོ་མངར་བ་ཐམས་ཅད་ཀྱིས་གནོད་པའི་ངེས་པ་མེད་དེ། ཅི་ཕྱིར་ཞེ་ན། སྐམ་སར་གནས་པའི་རི་དྭགས་ཀྱི་ཤ་དང་སྦྲང་རྩི་སོགས་རོ་མངར་མོ་ཡིན་ཡང་ནུས་པ་དྲོ་བའི་དབང་གིས་གནོད་ཀྱི་མེད་པ་ཤེས་དགོས། ཟ་ཁུ་གཅིན་སྙི་ནད་པས་ཟས་སྤྱོད་གང་བསྟེན་དགོས་ཀྱི་ཡོད་མེད་དང་། ཡང་ནད་མེད་གཅིག་ལ་མཚོན་ན་ནད་འདི་མི་འཕོག་པའི་ཆེད་དུ་ཟས་སྤྱོད་སྤང་བླང་གི་རིམ་པ་གང་བྱ་དགོས་པ་དེ་གཤམ་དུ་སྔོན་འགོག་ས་བཅད་ནང་བཤད་ཡོད་པས་དེར་དོ་སྣང་བྱ་དགོས།
བརྒྱད་པ། སྔོན་འགོག
དང་པོ། ཟས་སྤྱོད་དང་འབྲེལ་བའི་སྤང་བླང་སྐོར།
ཕན་པའི་ཁ་ཟས་སམ་བསྟེན་དགོས་པའི་ཁ་ཟས།
Ø འབྲུ་རིགས་ཁོངས་སུ། ཕྱི་ཤུན་དང་བཅས་པའི་གྲོའི་བག་ལེབ། (Whole Wheat Brown Bread) ཨ་ཤོམ་སྦ་ཅི། (Corn Flakes) དང་ཨ་ཤོམ་གྱི་རྩམ་པ། ནས་རྩམ། (Barley) སྲེ་ད། (Oats) ཁྲ་མ། (Millet Sprout) འབྲས་སྨུག་པོ། (Brown Rice) ཤིང་ཏོག་ཕྱི་ཤུན་ལྡན་པ། (Whole Fruit) སྲན་མ་ཕྱི་ཤུན་བཅས་པ། (Whole Lentil/Dal) གྲོ་ཕྱེ་ཚགས་རོ་ཅན། (Wheat Bran)
Ø ཤིང་ཏོག་ཁོངས་སུ། ཀུ་ཤུ། གྷ་ཝ། (Guava) འབྲ་དགོ་དམན་པ། (Chinese Date) སེ་འབྲུ། སྲ་འབྲས། (Black Plum/Jamun) སྐྱུ་རུ་ར། (Amla) སེ་ཡབ། (Fig) ལོ་ཁུཊ། (loquat) ཇེག་ཧྥུ་རུ་ཊ། (Jack Fruit) སྤམ་མེ་ལོ། (Pummelo) ཚིགས་གུ་མེད་པའི་ཤིང་འབྲས་རིགས། (Straw berries, raspberries, black/blue berries) ལིན་གོན་སྤེར་རི། (Lingonberry) ལི། (Pear) ཚ་ལུ་མ། (Orange) ཅ་ཀོ་ཏ་ར། (Grapefruit)
Ø ཤའི་ཁོངས་སུ། ཚིལ་མེད་པའི་ལུག་ཤ་དང་། གཡག་ཤ བྱ་ཤ ཉ་ཤའི་རིགས་སྟེ། སལ་མོན། (Salmon) ཊུ་ན། (Tuna) སར་དྲིན། (Sardine) མེཀ་ཀེ་རལ། (Mackerel)
Ø སྐོམ་གྱི་ཁོངས་སུ། མར་བཏོན་ཟིན་པའི་ད་ར། ཆུ་སྐོལ། སྒ་ཆུ། བ་ཕྱུགས་ཀྱི་འོ་མ། སྦྲང་རྩི།
Ø ཚལ་ཁོངས་སུ། ལ་ཕུག་སོས་པ། པོ་ཚལ། (Spinach) རྔ་རྒྱུག་ཚལ། (Drum stick) སྲན་མ་ལྗང་ཁུ། པད་ཚལ། (Lettuce) ལོ་ཀོ་པད་ཚལ། ཐེའུ་པད་ཚལ། (Broccoli) ཀྲོ་མ་ཀྲོ་ཕྱི་ཤུན་གསར་མ་དང་བཅས་པ། ཏིག་ཚལ། (Bitter Gourd) ཤུ་མོ་ཟའི་ཚལ། (Methi) སྲན་སེར། (Soyabean) ཀ་པེད། (Bottle Gourd) མ་ཤའམ་མཁལ་དབྱིབས་ཤིམ་བྷི། (kidney Bean) ཚལ་ལྗང་ཁུ་ལོ་མའི་རིགས། (Green leafy Vegetables) སྒོང་སྤྲིས། (White of egg)
Ø སྤོད་(སྨན་སྣ་)ཀྱི་ཁོངས་སུ། ཤིང་ཀུན། (Asafoetida) ཡུང་བའམ་སྒ་སེར། (Turmeric) ལི་ཤི། (Cloves) སྒོག་པ། (Garlic) བཙོང་། (Onion) སུག་སྨེལ། (Cardamom) ཤིང་ཚ། (Cinnamon) པི་པི་ལིང་། (Pepper) ཤུ་མོ་ཟ། (Fenugreek/Methi Seeds) གོ་སྙོད། ཟི་ར་དཀར་པོ། (Cumin)
Ø སྣུམ་ཁོངས་སུ། ཨོ་ལིབ། (Olive Oil) ཀེ་ནུ་ལ། (Canola Oil) སྟར་ག (Walnut) ཁམ་བུའི་ཚིགས་གུའི་སྣུམ། (Almond)
གནོད་པའི་ཁ་ཟས་སམ་སྤང་དགོས་པའི་ཁ་ཟས།
Ø ཞལ་ལག་བརྔོས་བསྲེག་ཁོངས་སུ། ས་མོ་ས། (Samosa) འཁུར་བ། (Puri) པ་ཀོ་ར། (Pakora) ནམ་ཀིན། (Namkeen) སྦིས་ཀིཏ་བཅུད་སྐྱེད། (Protein biscuits) ཞོག་ཁོག་ལེབ་བརྔོས་བྱེད་པ། (Fried Chips)
Ø ཐུམ་སྒྲིལ་ཟས་སྐོམ་ཁོངས་སུ། སྤྲིས་མངར་འཁྱག་པ། (Ice cream) ཐུད་རིགས། ཅོ་ཀོ་ལེཏ། (Chocolate) བྱི་རིལ། ལན་ཚྭ། (Salt) ཆུ་མངར་མོའི་རིགས། (Sugary Drinks) འོ་མའི་ལྡེ་གུ། (Condensed Milk) བཅོས་མའི་ཐང། (Ready made soup) པུ་དིང་། (Pudding) ཞག་ཚིལ་ཅན་དང་ལྕགས་སྤྲིན་ནང་གི་ཁ་ཟས། (Canned Food/Preservatives Food) ཆང་རག
Ø ཤ་དམར་ཁོངས་སུ། ར་ཤ ཕག་ཤ གླང་ཤ མ་ཧེ་ཤ རྒྱུ་མ། མཆིན་པ་སོགས། (Organ Meat)
Ø འབྲུའི་ཁོངས་སུ། སུ་བྱི། གྲོ་ཞིབ་དཀར་པོའམ་ཡང་མན། (White Flour) འབྲས། ཁྲེ། (Foxtail Millet) གྲོ། (Wheat)
Ø ཚལ་ཁོངས་སུ། ཉུང་དམར་གྱི་རྩ་བ། (Beet Root) དམར་སེར་སྐྱེ་བའི་གྲོ་མའི་རིགས། (Yam) འབུང་ཤ། (Squash)
Ø སྐོགས་མཁྲེགས་ཤིང་འབྲས་དང་ཤིང་ཏོག་ཁོངས་སུ། ཁ་སུར། (Date) བ་དཱམ། ཀཱ་ཇུ། བུར་ཤིང། ཆུ་ག་གོན། (Water melon) ཨ་ནཱ། (Pineapple) ཨ་འབྲས། (Mango) ལཱི་ཆཱི། (lychee)
Ø མར་ཁོངས་སུ། ཏིལ་མར། (Sesame Oil) རྐང་མར། (Marrows) ཚིལ། (Animal Fats) ལ་སོགས་རོ་མངར་དང་ལན་ཚྭ་བ་དང་ནུས་པ་བསིལ་ལྕི་སྣུམ་བཅུད་ལྡན་པའི་ཁ་ཟས་བསྟེན་དྲགས་པས་མཆིན་པ་དང་མཁལ་མར་ཧ་ཅང་གནོད་པར་བརྟེན། དེ་དག་སྤང་དགོས། གལ་སྲིད་ཁྲག་ནང་ཚིལ་ཁྲག་ཞག་ (Cholesterol) གྱི་ཚད་གཞི་མཐོ་པོ་ཡོད་ན་ཁ་ཟས་སྣུམ་ཚིལ་རིགས་ཉུང་ངུ་བསྟེན་དགོས་པ་དང་། ཁྲག་མངར་དང་མཉམ་དུ་ཁྲག་ཤེད་མཐོ་པོ་ཡོད་པའམ། ཡང་ན་སྙིང་གི་ནད་གཞི། ཆུ་བསགས་པའི་ནད་གཞི་གང་ཡོད་ན་ཁ་ཟས་ནང་ཚྭ་ཉུང་དུ་གཏོང་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན།
ཁ་ཟས་ཉུང་ཙམ་བསྟེན་དགོས་པ་ཁག
ཨ་འབྲས། (Mango) རྒུན་འབྲུམ། ངང་ལག (Banana) ཇེམ། ཉུང་མ། (Turnip) དོ་ལུམ་མ། (Brinjal) མཛུབ་ཚལ། (lady Finger) ཇེག་ཧྥུ་རུཊ། (Jack Fruit) གོང་ལ་ཕུག (Raddish) ཟར་མ། (Flaxseed, linseed) སྒོ་ངའི་སེར་རིལ། (Yolk of Egg) སྲན་མ་བརྔོས་པ། པཱ་པཌ། (Papad) སྐྱུར་རོམ་སྦྱོར་བའམ་ཨ་ཅཱར། (Pickles) སྐྱུར་ཁུ། (Sauce) ཕྱུར་བ། (Cheese) སྦིས་ཀིཏ་ཚྭ་ཡོད་ཅན། (Salty Biscuits)
ཟ་ཁུ་གཅིན་སྙི་ནད་ལ་རྒྱུན་ལྡན་ཁ་ཟས་འགའ་ཞིག་གི་ཕན་གནོད་བཤད་པ།
Ø འབྲས་དང་མཉམ་དུ་སྲན་མ་ཕྱི་ཤུན་ཡོད་པའི་ཚལ་བཙོས་ནས་བཟའ་བའམ། ཡང་ན་ཕྱི་ཤུན་མེད་པའི་སྲན་མའི་ཚལ་དང་མཉམ་དུ་འབྲས་བཙོས་ནས་རན་པོ་བསྟེན་དགོས།
Ø སྒ་སྨུག་དང་སྦྲང་རྩི་ལེ་མོན་ (Hot lemon Ginger Honey) མཉམ་བསྲེས་བྱེད་པའི་བཏུང་བ་དྲོད་མོ་བཏུང་ན་ཕན།
Ø ཨིད་ལི་ (Idli) ཡང་ན་རྡོ་ས་ (Dosa) མཉམ་དུ་སྔོ་ཚལ་སྲན་མའི་རིགས་བསྟེན།
Ø མི་རྒྱགས་པ་རྣམས་ནས་སྣུམ་ཚིལ་ཡོད་པའི་ཤ་རིགས་འཛེམ་དགོས།
Ø འབྲས་དང་། སྲན་མ། བག་ལེབ་མཉམ་དུ་མར། སྤྲིས་མ། ཞུན་མར་བཅས་སྣུམ་རྩི་ཆེ་བའི་རིགས་བེད་སྤྱོད་བྱ་རྒྱུ་མེད།
Ø ཞོག་ཁོག་གི་ཚལ་དང་མཉམ་དུ་སྲན་མ་གཡོས་སྦྱར་བྱས་ཏེ་བཟའ་ན་མི་གནོད།
Ø ཁ་ལག་ནང་སྣུམ་ཐུར་མའི་ཚད་འཇལ་ཏེ་མང་ཉུང་རན་པོ་བྱས་ཏེ་བླུག་དགོས།
Ø སྣོད་ནང་དུ་ཚལ་དང་བག་ལེབ་སོགས་བརྔོས་བསྲེགས་བྱས་པའི་སྣུམ་ལྷག་མ་དེ་ཡང་བསྐྱར་བེད་སྤྱོད་ནམ་ཡང་བྱ་མི་རུང་།
Ø ཟ་ཁུ་གཅིན་སྙི་ནད་པ་རྣམས་ནས་ཡུན་རིང་པོ་ལྟོ་སྟོང་མི་གནས་པར་དུས་ནས་དུས་སུ་ཁ་ཟས་ཉུང་ཉུང་བསྟེན་དགོས།
Ø ར་ཤ་བཟའ་བ་ཡིན་ན་སྲན་མ་དལ་རིགས་ (Whole lentils/Dal) ཉུང་དུ་བསྟེན་དགོས།
Ø ཁ་ལག་བཟོས་ཚར་བའི་ནང་ཟུར་དུ་ཚྭ་སྣོན་མ་མང་པོ་བླུག་ན་གནོད།
Ø སྔ་དྲོར་ལྟོ་སྟོང་གི་དུས་སུ་སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུ་བཞིན་པའི་ཟ་ཁུ་གཅིན་སྙིའི་སྨན་ཇ་དང་བད་ཀན་སྨན་ཇ་གང་ཡང་རན་པོ་བསྟེན་ན་ལེགས།
Ø ནིམ་གྱི་ལྗོན་ཤིང་ལས་བྱུང་བའི་མེ་ཏོག་དང་ལོ་མ་མཉམ་བསྲེས་ཀྱི་ཚལ་བཟོས་ཏེ་བཟའ་ན་ཕན།
Ø རྒྱུན་དུ་ནས་མངར་ཤས་ཆེ་བའི་ཟས་སྐོམ་རིགས་བེད་སྤྱོད་ཉུང་ཙམ་གནང་དགོས།
ཕན་པའི་སྤྱོད་ལམ་བསྟེན་དགོས་པ་ཁག
རྒྱུན་དུ་ལུས་ཁམས་འཁྱགས་མ་བཅུག་པར་མེ་དང་ཉི་འོད་རན་པོ་སྲོ་བ་དང་། ཚ་དུགས་དང་བསྐུ་མཉེ་སོགས་དྲོད་བཅོས་བྱེད་དགོས་པ་གལ་ཆེ།
ཉིན་ལྟར་སྐམ་སར་རྩོལ་བཅག་རན་པོ་བྱེད་དགོས་པ་གལ་ཆེ།
ནད་པ་དང་ནད་མེད་གཉིས་ཀར་ཉིན་མོར་གཉིད་ཁུག་པ་དེས་ལུས་ཁམས་ལ་གནོད་ཀྱི་ཡོད་པས་སྤང་དགོས་པ་གལ་ཆེ།
ནད་འདི་ལ་གཙོ་བོ་མཁལ་མ་དང་ལྒང་བའི་དྲོད་ཚད་སྲུང་བ་དང་གསོ་དགོས་པ་ཡིན་དུས་ཁ་ཟས་དྲོད་རིགས་ཏེ་དཔེར་ན་འབྲུ་རྙིང་དང་སྐམ་སའི་ཤ་སོགས་བསྟེན་པ་དང་། རོ་མངར་བ་དང་བོད་ཇ་སོགས་ལན་ཚྭ་བའི་ཟས་སྐོམ་རིགས་དང་ནུས་པ་ལྕི་བསིལ་རིགས་རྣམས་སྤང་དགོས་པ་གལ་ཆེ།
ལོ་ལོན་པའི་འབྲུ་རྙིང་གི་རྩམ་པས་ཧ་ཅང་ཕན་ཆེ་བ་ཡོད།
གོང་གསལ་སློང་རྐྱེན་སྐབས་བཤད་པའི་ཟས་སྤྱོད་ལོག་པ་རྣམས་ལ་དོ་སྣང་བྱས་ནས་གཟུགས་པོའི་ལྗིད་ཚད་རན་པར་གནས་ཐབས་ལ་འབད་དགོས་པ་དང་། དེ་བཞིན་ཐ་མག་གིས་ཁྲག་གི་འཁོར་རྒྱུགས་སོགས་ལ་གནོད་པས་འཐེན་མི་རུང་།
གཉིས་པ། ཕོ་བའི་མེ་དྲོད་སྲུང་བ་དང་ཟས་རན་པར་བསྟེན་ཐབས་སྐོར།
Ø ཕོ་བའི་མེ་དྲོད་ནི་ལུས་པོ་འཚོ་གནས་ཀྱི་གཞི་རྩ་ལྟ་བུ་ཡིན། དེ་སྟོབས་དང་ལྡན་ན་ལུས་ཁམས་ཀྱི་སྟོབས་རྒྱས་ཤིང་ལུས་པོ་བདེ་ཐང་དུ་གནས་ཐུབ་པ་དང་། ལུས་ཟུངས་རྣམས་ལེགས་པར་སྨིན་པས་གཟི་མདངས་འཕེལ་བ་དང་ཚེ་ཡང་རིང་བར་གནས་པའི་རྒྱུ་བྱེད་པ་ཡིན། དེས་ན་དེའི་སྲུང་ཐབས་སུ་ཟས་སྐོམ་ཡང་ལ་དྲོ་བ་དཔེར་ན་ཤིང་ཏོག་སེ་འབྲུ་ལྟ་བུ། ཆུ་འཁོལ། ལ་ཕུག་གསོས་པ། སྦྲང་རྩི། རྩམ་ཐུག་དང་འབྲས་ཐུག་ལ་སོགས་པ་བསྟེན་ན་ཕན།
Ø ཟས་སྐོམ་གང་བསྟེན་ཡང་རང་ཉིད་ཀྱི་ཕོ་བའི་འཇུ་སྟོབས་ལ་གཞིགས་ནས་ཚད་གཞི་རན་པོ་དང་ཚུལ་བཞིན་བསྟེན་དགོས་པ་ལས་ཚོད་མེད་གང་བྱུང་བཟའ་ན་གནོད་པ་ཡིན། དཔེར་ན། སྣུམ་ཞག་ཆེ་བའི་ཟས་སྐོམ་དང་། ཆུ་གྲང་མོ་ལ་སོགས་པ་འཇུ་དཀའ་བ་དང་ནུས་པ་ལྕི་བའི་རིགས་དེ་དག་ཉུང་ཙམ་བསྟེན་དགོས། གལ་ཏེ་ཤ་དང་སྣུམ་ཞག་བཅུད་ཆེན་འཇུ་དཀའ་བའི་རིགས་ཟོས་ཀྱང་དེའི་རྗེས་སུ་ཆུ་འཁོལ་རན་པོ་འཐུང་ན་ཟས་རྣམས་འཇུ་སླ་བ་དང་། ཕོ་བའི་འཇུ་སྟོབས་དང་མེ་དྲོད་ལའང་ཕན།
Ø ཁ་ཟས་གནོད་པ་སྟེ་དུས་རྒྱུན་སོ་སོའི་ཕོ་བ་ལ་གང་གནོད་པ་དང་མི་འཕྲོད་པ་རྣམས་བསྡམ་པའམ་འཛེམ་དགོས།
Ø དུས་རྒྱུན་དུ་གཟུགས་པོའི་རིང་ཚད་ལ་གཞིགས་ནས་ལུས་པོའི་ལྗིད་ཚད་རན་པར་གནས་པ་དང་། དམིགས་བསལ་རྐེད་འཁོར་ (Waist circumference) གཞི་རན་པོ་སྲུང་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། གཟུགས་པོའི་ལྗིད་ཚད་མཐོ་བ་རྣམས་ཀྱིས་ལྗིད་ཚད་ཆག་ཐུབ་པའི་ཆེད་དུ་ཁ་ཟས་སྣུམ་བཅུད་རིགས་འཛེམ་པ་དང་ཆབས་ཅིག ལུས་རྩལ་བྱ་རྒྱུ་གཉིས་ཟུང་འབྲེལ་གྱི་སྒོ་ནས་ལག་བསྟར་བྱ་དགོས་པ་གལ་ཆེ།
གསུམ་པ། རྒྱུན་ལྡན་ནས་སེམས་ཞི་འཇམ་གནས་དགོས་པའི་སྐོར།
ལུས་སེམས་གཉིས་བར་འབྲེལ་བ་དམ་པོ་ཡོད་པར་བརྟེན། དུས་རྟག་ཏུ་སེམས་ལ་མྱ་ངན་དང་། སེམས་ངལ། སེམས་ཁྲལ་སོགས་ཀྱིས་ཕོ་བས་མྱག་བཞུ་དྭངས་སྙིགས་འབྱེད་པའི་བྱེད་ལས་ཉམས་གུད་དུ་གཏོང་བ་དང་། དེའི་དབང་གིས་ལུས་སྟོབས་ཟད་པ། གཟུགས་པོའི་ནང་གི་སྔོན་འགོག་ནུས་པ་འཇོམས་པ། ཁྱད་པར་དུ་ཟ་ཁུ་གཅིན་སྙི་ལྟ་བུ་ནད་གཞི་རྙིང་པའི་རིགས་ན་བའི་ཉེན་ཁ་ཆེ། རྒྱུན་དུ་ཉིན་རེའི་འཚོ་བའི་ནང་བློ་བདེ་བག་ཕེབས་གནས་རྒྱུ་གལ་ཆེན་པོ་མ་ཟད། སྤྲོ་སྣང་དང་། ཟས་ཚུལ་དང་མཐུན་པ་དང་། སྤྱོད་ལམ་ཡང་དག་པ་ལག་བསྟར་བྱ་རྒྱུ་ནི་ནད་རིགས་སྤྱི་དང་། ལྷག་པར་ནད་འདིའི་སྔོན་འགོག་དང་གསོ་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། དེང་དུས་ཚན་རིག་ནས་ཀྱང་ཟ་ཁུ་གཅིན་སྙིའི་ནད་པར་སེམས་ཞི་ལྷོད་ངང་ལུས་སྦྱོང་གི་སྦྱོང་བརྡར་བྱས་པས། ནད་པ་རྣམས་ཀྱི་སྨན་བཅོས་ཐོག་ལའང་ཕན་འབྲས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།
དགུ་པ། ཐུགས་སྣང་དགོས་རྒྱུ།
ནད་འདི་ལ་དུས་ཐོག་ཏུ་སྨན་བཅོས་མ་བྱས་པར་ཡུན་རིང་ལུས་ཚེ་རྐང་པར་རྨ་གཉན་འབྱུང་བ་དང་། ལྤགས་ནད། རྩ་དཀར་ནད། ཁྲག་རླུང་སྟོད་འཚངས་ནད། གཞན་ཡང་མཁལ་མ་དང་རོ་ཙ་ཉམས་པ། ཀླད་པ། མཆིན་པ། མིག སྙིང་། ཁྲག་རྩ་སོགས་ལ་བླ་གཉན་གྱི་ནད་སྣ་ཚོགས་འབྱུང་གི་ཡོད།
ཉེ་ཆར་ཡུ་རོབ་ཟ་ཁུ་གཅིན་སྙི་ཉམས་ཞིབ་ཐུན་ཚོགས་ཀྱི་སྙན་ཐོ་སྤེལ་བ་ལྟར་ན། ནད་གཞི་འདི་གཤེར་རྨེན་གྱི་འབྲས་ནད་འབྱུང་བའི་སྔོན་རྟགས་ཅིག་ཡིན་པར་གསལ་ཡོད།
དེར་བརྟེན། ཟ་ཁུ་གཅིན་སྙིའི་ནད་དེ་དུས་ཐོག་ཏུ་ངོས་འཛིན་ཐུབ་ནས་སྨན་བཅོས་དང་ཟས་སྤྱོད་སྤང་བླང་འཐུས་ཤོར་མེད་པར་བྱས་ཚེ་གཤེར་རྨེན་གྱི་འབྲས་ནད་གཙོས་པའི་གོང་གསལ་བླ་གཉན་གྱི་ནད་གཞི་ཁག་ལས་སྔོན་འགོག་ཐུབ་པའི་དགེ་མཚན་ཡོད།
གཟུགས་པོ་རྒྱགས་དྲགས་པ། ཟས་བཅུད་མི་འདང་བའི་རིགས། ཀྲ་ར་ཡི་གྷི་སི་རེགྲ་ (Triglyceride) མཐོ་དྲགས་པའི་ཟ་ཁུ་གཅིན་སྙིའི་ནད་པ་རྣམས་ཀྱིས་ཆང་རག་ངེས་པར་སྤང་དགོས་པ་ཡིན།
ཟ་ཁུ་གཅིན་སྙིའི་ནད་པ་རྣམས་ནས་ནད་འདི་གཅིག་པུ་མ་ཡིན་པར་ཁྲག་ཚིལ་ལམ་ཁྲག་ཞག (Cholesterol) དང་། ཁྲག་ཤེད། མཁལ་མའི་བྱེད་ལས། མིག་རྩ་བཅས་ཀྱི་བརྟག་དཔྱད་ཀྱང་ལོ་གཅིག་གམ། ཡང་ན་ཟླ་བ་དྲུག་ནང་ཐེངས་རེ་ངེས་པར་དུ་བྱ་དགོས་པ་ཡིན།
བཅུ་པ། སྐར་རྩིས་རིག་པའི་ཐབས་ལམ།
བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ།
ཚེ་རབས་ལས་རྩིས་ནི། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུ་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་མཚན་གང་གི་ཕྱིར་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་སོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད། དེའི་སྐབས་ཞབས་རིམ་སོགས་གསུངས་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན་པ་དང་། སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་བར་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། མི་ཚེ་གཅིག་གི་ནང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཀྱང་ཡིན།
` སྐེག་རྩིས་ནི། དེ་བཞིན་ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད། འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔགས་ཏེ་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།
བག་རྩིས་ནི། ལྷག་པར་དུ་ཕོ་མོ་གཉེན་སྒྲིག་སྐབས། བག་རྩིས་བསྐོར་རྒྱུ་ནི། བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་གནས་ཐབས་ཙམ་མ་ཟད། བཟའ་ཚང་གཉིས་ཀྱི་ལོ་རྟགས་དང་ཁམས་མི་མཐུན་ན། བཟའ་ཟླ་གཉིས་ལ་ནད་དང་བར་ཆད་ཡོང་བ་མ་ཟད། ཕྲུ་གུ་དབང་པོ་སྐྱོན་ཅན་འོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བག་རྩིས་བསྐོར་རྒྱུ་སྣང་མེད་ཏུ་བཞག་རྒྱུ་མེད་པས། དེར་དོ་སྣང་གིས་ལོ་རྟགས་དང་ཁམས་མི་མཐུན་པ་བཟློག་ཐབས་ཀྱི་རིམ་གྲོ་སོགས་གནང་བ་ཡིན་ན། བོད་མི་རིགས་ཀྱི་སོན་རྩ་ཕྲུ་གུ་མ་སྐྱེ་གོང་ནས་ནད་སོགས་སྔོན་འགོག་ཡིན་པ་མ་ཟད། ཕ་མ་དང་ཕྲུ་གུ་རང་རང་སོ་སོའི་མི་ཚེ་ལ་ཕན་པ་དང་། བོད་མི་རིགས་ལ་ཡང་ཕན་ཐོགས་ཡོང་གི་ཡོད།
ནད་རྩིས་ནི། ནད་བྱེ་བྲག་གང་རུང་གི་མནར་པ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོ་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བ་ཙམ་གྱིས་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཚབས་ཆེན་པོ། ནད་གཞི་ཛ་དྲག་ཅན་དུ་གྱུར་སྐབས་ནད་རྩིས་བསྐོར་གྱི་ཡོད། རབ་བྱུང་ན་ནད་ཐོག་མར་མནར་བའི་སྐབས་སུ་ནད་རྩིས་བསྐོར་བ་ཡིན་ན། ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཐོག་ལ་སྨན་གྱིས་ནུས་པ་མྱུར་བ་དང་། ནད་དྲག་སྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་གྱུར་གྱི་ཡོད།
ཟ་ཁུ་གཅིན་སྙིའི་ནད་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས།
ཟ་ཁུ་གཅིན་སྙིའི་ནད། གྲང་བའི་ནད་དང་། དམུ་ཆུའི་ནད། མཁལ་མའི་ནད། དྲེག་གྲུམ་ནད། སྐྱ་རྦབ་ནད། ལྒང་པའི་ནད། ཕོ་མོའི་མཚན་མའི་ནད། ལུས་ཀྱི་སྨད་མི་ཐེག་པའི་ནད། ལྷག་པར་དུ་ཟ་ཁུ་གཅིན་སྙིའི་ནད་རོ་མངར་བ་ས་ཆུའི་རང་བཞིན་ལས་འབྱུང་བའི་རྒྱུ་མཚན་གྱིས་གྲང་བའི་ཁོངས་སུ་འདུས་པས་ན་ཆུ་ཁམས་གྱི་རང་བཞིན་ཡིན། གཞན་ཡང་གཟའ་སྐར་ས་བདག་སོགས་ཆུ་ཁམས་ཀྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བརྒྱ་བཞི་གཏོང་། མཚོ་སྨན་དགུ་མདོས་ཀྱི་ཆོ་ག་བྱ་ཐུབ་ན་གྱིས། འབུམ་ཆུང་སྡེ་ལྔ་བཀླག འབུམ་ཆུང་སྡེ་ལྔ་ནི། བཟང་སྤྱོད་སྨོན་ལམ། ཤེས་རབ་སྙིང་པོ། འདའ་ཀ་ཡེ་ཤེས། རྡོ་རྗེ་རྣམ་འཇོམས། ལྟུང་བཤགས་བཅས་ཡིན། གོང་ལྟར་པག་གི་མཛོ་འམ་གླང་ནག་པོའི་གླུད་བཟོས་པའི་གཟུགས་ལ། སྦྲ་གུར་དང་། ཕྱ་ར་ནག་པོ་བཀལ་ལ་ཕྱོགས་བྱང་ངམ། བརྩི་བྱ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ།།
འདི་ནི་ཟ་ཁུ་གཅིན་སྙིའི་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདི་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན།། །།