སྨན་རྩིས་དྲ་བ། - མགོ་ན་བ།
 

མགོ་ན་བ། (མགོ་གཟེར།)

 

དང་པོ། མགོ་ནད་ཀྱི་ངོ་སྤྲོད།

v བྲེལ་ཟིང་ཆེ་བའི་དེང་རབས་ཀྱི་སྤྱི་ཚོགས་ནང་མགོ་ན་མཁན་ཧ་ཅང་མང་པོ་ཡོད། མི་ཕལ་མོ་ཆེ་མགོ་ན་མྱོང་བ་ཤ་སྟག་ཡིན།

v མགོ་ན་བ་འདི་ཉིད་མགོ་བོའི་ཆ་ཤས་གཅིག་ཏུ་ན་བར་མ་ངེས་ཏེ། འགའ་རེར་མགོ་བོ་ཡོངས་ལ་ན་ཟུག་གཏོང་བ་དང་། འགའ་རེར་མགོ་བོའི་གཡས་ཕྱོགས་དང་། གཡོན་ཕྱོགས། རྒྱབ། མདུན་ཏེ་མགོ་བོའི་ཆ་ཤས་གང་ལའང་ན་སྲིད་པ་ཡིན།

v མགོ་བོ་ན་བ་འདི་མགོའི་ནད་གཞི་གཅིག་པོ་མིན་པར་ནད་གཞན་གྱི་ནད་རྟགས་ཞིག་ཀྱང་ཡིན་པ་དང་། དེ་ཡང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལས་གཙོ་བོ་མཁྲིས་པའི་ནད་རྟགས་ཞིག་ཡིན།

v མིའི་ལུས་ཁམས་ཀྱི་རང་བཞིན་སྒོ་ནས་བཤད་ན། མཁྲིས་པ་རྐྱང་པའི་རང་བཞིན་དང་། རླུང་རྐྱང་པའི་རང་བཞིན། རླུང་མཁྲིས་ལྡན་པའི་རང་བཞིན་གྱི་མི་རྣམས་ལ་མགོ་བོ་ན་རྒྱུའི་ཉེན་ཁ་ཆེ་བའམ་ལས་སླ་བ་ཡོད།

v མགོ་བོ་ན་བ་འདི་ལ་སྣང་ཆུང་བྱེད་མི་རུང་། ལྷག་པར་མགོ་བོ་ཡང་ཡང་ན་བ་འདི་ཀླད་པར་སྐྲན་ནད་དམ། ཡང་ན་ཀླད་པར་གཉན་ཚད་རྒྱས་པ་སོགས་ནད་གཞི་ཚབས་ཆེ་ཕོག་པའི་མངོན་རྟགས་ཀྱང་ཡིན་སྲིད་པས་དུས་ཐོག་བརྟག་དཔྱད་དང་སྨན་བཅོས་ངེས་པར་བྱེད་དགོས།

v མགོ་ན་བའི་གནས་སྐབས་སུ་ཉིན་རེའི་ལས་དོན་འགྲུབ་མ་ཐུབ་པར་འགོག་རྐྱེན་བཟོ་ཡི་ཡོད་སྟབས་གཤམ་གསལ་མགོ་མི་ན་བའི་སྔོན་འགོག་ལ་དམིགས་བསལ་དོ་སྣང་དང་ལག་བསྟར་ཡོང་བ་ཞུ།

གཉིས་པ། རྒྱུ་རྐྱེན།

མགོ་བོ་ན་བ་འདི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྱུང་བ་ཡིན། དཔེར་ན། ལུས་པོའི་ཚ་དྲོད་འཕེལ་བ་དང་། ཁྲག་ཤེད་མཐོ་བ། མགོ་བོར་རླུང་བསིལ་པོ་ཡུན་རིང་ཕོག་པ། ཀླད་པར་གཉན་སྐྲན་ཆགས་པ། ཀླད་པའི་རྩ་ཕྲན་བརྡོལ་ནས་ཁྲག་ཤོར་བ། མགོ་བོར་བརྡབས་ཆག་ཤོར་བ། མིག་གི་མཐོང་ཤུགས་ཏེ་མཁྲིས་པ་མཐོང་བྱེད་ཀྱི་བྱེད་ལས་ཉམས་པ། སེམས་ངལ་བྱེད་པའམ་བསམ་བློ་བཏང་དྲགས་པ།  སྦྲིད་པ་དང་། མཆིལ་མ། བཤང་བ་སོགས་ཕྱིར་འབྱུང་སྐབས་ཤུགས་ཀྱིས་བཀག་པ། དེ་བཞིན་ཡ་སྲིན་གྱི་ནད་དང་། བཤང་འགག་གི་ནད། རིམས་ནད། ཆམ་ཚད། མཆིན་པའི་ནད། དབང་རྩའི་ནད། སོ་ནད། མིག་ནད། རྣ་བའི་ནད་སོགས་རྐྱེན་གྱིས་མགོ་ན་བ་ཡོད། འོན་ཏེ་དེ་ཐམས་ཅད་བསྡུས་ཚེ་ཁྲག་མཁྲིས་ཚ་བས་མགོ་ན་བའི་རིགས་གཅིག་དང་། ཡང་གྲང་རླུང་གིས་མགོ་ན་བའི་རིགས་གཅིག་དང་བཅས་རིགས་གཉིས་ནང་བསྡུས་ཆོག ཉེས་པའི་དབང་དུ་བྱས་ན། མཁྲིས་པ་དང་རླུང་གི་མགོ་ན་བའམ་མགོ་གཟེར་འབྱུང་བ་མང་བས། སྐབས་བབ་དེ་དག་གི་སློང་རྐྱེན་དང་། རྟགས། འགོག་ཐབས་རྣམས་རིམ་བཞིན་ཞུ་རྒྱུ།

མཁྲིས་པས་མགོ་བོ་ན་བའི་སློང་རྐྱེན།

Ø  སྣུམ་དང་ཞག་ཚི་ཆེ་བའི་ཟས་རིགས་ཏེ། དཔེར་ན་བག་ལེབ་སྣུམ་བསྲེགས། སྣུམ་མང་པོ་ཡོད་པའི་ཁ་ལག བ་དམ། (Peanut) སྒོ་ང་བསྣུམ་བརྔོས། དེ་བཞིན་དེང་དུས་སྣུམ་བསྙལ་བྱས་པའི་ཟས་སྣ་དཔེར་ན་ཨཱ་ཅར་ (Pickles) ལྟ་བུ་དང་། བྱ་ལུག་ཉ་ཕག་སོགས་སྲོག་ཆགས་ཀྱི་ཤ་དང་། ཚིལ། མར་རྙིང་སོགས་བཟའ་ཆེས་དྲགས་པ།

Ø  ཆང་རག་འཐུངས་ཆེས་བ།

Ø  བོད་ཇ་གར་པོ་དང་། ཁ་ལག་ནང་ཚྭ་མང་པོ་རྒྱག་པ། དེང་དུས་ལན་ཚྭ་ཡོད་པའི་བྱིས་པའི་རྔན་པ། (Salted Chips) སྐྱུར་མོའི་རིགས་དཔེར་ན། ཤིང་འབྲས་ཨཱམ་མ་སྨིན་པ། ཞོ་སྐྱུར། ཕྱུར་རྙིང་རྣམས་བསྟེན་དྲགས་པ།

Ø མེ་དང་ཉི་མའི་ཚ་དྲོད་འོག་ལས་ཀ་བྱེད་དྲགས་པའམ། ཡང་ན་ཡར་མར་འགྲོ་བསྐྱོད་དང་ལུས་རྩལ་རྩེད་དྲགས་པ་བཅས་མདོར་ན་ལུས་ཁམས་འཁྲུགས་པའི་ལས་བྱས་པ།

Ø  མེ་དང་ཉི་མར་བསྲོས་དྲགས་པ།

Ø  གནམ་གཤིས་ཚ་དྲོད་ཆེ་བའི་དུས་སུའང་གྱོན་གོས་མཐུག་པོ་གོན་པ་དང་། ཆུ་ཚན་ནང་བཞུགས་དྲགས་པ།

Ø  ཉིན་གུང་གཉིད་ཁུག་ཆེ་བ།

Ø  གནམ་གཤིས་ཚ་དྲོད་ཆེ་བའི་དུས་སུའང་གཟུགས་པོ་མ་བཀྲུས་པའམ། ཡང་ན་འཁྲུད་རྒྱག་རྒྱུ་ཉུང་བ།

Ø  རྣ་བ་དང་། མིག སོ་སོགས་ལ་གཉན་ཁ་རྒྱས་པ།

Ø  ཆམ་རིམས་ཕོག་པ།

Ø  སྔར་མ་གོམས་པའི་དྲི་དཔེར་ན་གད་སྙིགས་བསྲེགས་པའི་དྲི་ངན། སྤོས་ཀྱི་དྲི། གོས་ལ་གཏོར་བའི་དེང་དུས་དྲི་ཞིམ་བྱུག་རྫས་སོགས་བརྔུབ་དྲགས་པ།

Ø  ཁྲག་ཤེད་ཆེ་བའི་སྟོད་འཚངས་ནད་གཞི་ཡོད་པ་བཅས་ནི་མཁྲིས་པ་ཁོ་ནས་བྱེད་པའི་སློང་རྐྱེན་རྣམས་ཡིན།

རླུང་གིས་མགོ་ན་བའི་སློང་རྐྱེན།

Øཡུན་རིང་པོ་གཉིད་མེད་པའམ། མཚན་མོར་གཉིད་ཡག་པོ་མ་ཁུག་པ།
Øབསམ་བློ་གཏོང་དྲགས་པའམ། ཡང་ན་སེམས་ངལ་བྱེད་དྲགས་པ།
Øབཅུད་མེད་པའི་ཟས་སྐོམ་སྟེ་དེང་དུས་མགྱོགས་ཟས་སམ་སྟབས་བདེ་ཁ་ལག (Fast foods & Snacks) ཆུ་མངར་མོའི་རིགས། (Soft drinks) དང་། དེང་དུས་རྔན་པ་དང་འཁྱགས་སྤྲི། (Ice cream) སོགས་ཡུན་རིང་བསྟེན་དྲགས་པ།
Øབརྡབས་སྐྱོན་དང་། མཚོན་རྨས། དེ་བཞིན་དམིགས་བསལ་བུད་མེད་ཟླ་མཚན་འབབ་པའི་དུས་སྐབས་སོགས་ལ་ལུས་ཁམས་ནས་ཁྲག་མང་པོ་ཤོར་བ།
Øལ་དྭགས་སོགས་ས་མཐོ་བོའམ། ཡང་ན་རི་མཐོ་བོར་འཛེགས་པ།
Øམགོ་བོར་རླུང་བསེར་བུ་ཕོག་དྲགས་པའམ། ཡང་ན་གྲང་གློག་ཅན་གྱི་སྒེར་ཁང་ངམ་མགྲོན་ཁང་ནང་རླུང་འགྲོ་མེད་པར་ཡུན་རིང་བསྡད་དྲགས་པ།
Øཟས་མེད་པ་གྲོད་ཁོག་སྟོང་པ་བསྡད་དྲགས་པ།
Øག་བུར་གྱི་དྲི་དང་། སྤོས་ཀྱི་དྲི། ཕྱིའི་དུག་རླངས་ཀྱི་དྲི་སོགས་ནང་དུ་རྔུབ་དྲགས་པ།
Øཁ་ནས་སྨྲ་བརྗོད་ཐལ་དྲགས་པ།
Øརླུང་ཤས་ཆེ་བའི་སྟོད་འཚངས་ནད་གཞི་སོགས་ནི་རླུང་ཁོ་ནས་བྱེད་པའི་སློང་རྐྱེན་རྣམས་ཡིན།

གསུམ་པ། དབྱེ་བ།

    ཚ་བའི་རྐྱེན་གྱིས་མགོ་བོ་ན་བ། (ཁྲག་མཁྲིས་གཙོ་བོར་བྱས་པ།)

ཁ།   གྲང་བའི་རྐྱེན་གྱིས་མགོ་བོ་ན་བ། (གྲང་རླུང་གཙོ་བོར་བྱས་པ།)

བཞི་པ། ནད་རྟགས།

མཁྲིས་པའི་རྐྱེན་གྱིས་མགོ་བོ་ན་བ་ཡིན་པར་ངེས་པའི་རྟགས་ནི།

Ø མགོ་ལ་གཟེར་ཟུག་ཆེ་ཞིང་ལྷག་པར་ཉིན་གུང་དང་། མཚན་གུང་། ཆུ་དྲོན་གྱིས་མགོ་བཀྲུ་དུས་མཐུ་ཆེ་རུ་འགྲོ་བ།

Ø མགོ་ན་བ་མཉམ་དུ་སྐབས་རེ་ཚ་བ་འཕར་བ།

Ø ཁ་ཏིག་ཁ་བ།

Ø ཞེ་མེར་ལངས་པ།

Ø མཁྲིས་ཁུ་སྐྱུག་པ།

Ø ཁ་དང་མཆུ་ཏོ་སྐམ་པ།

Ø ཁྱད་པར་ཆུ་བསིལ་གྱིས་མགོ་བོར་ཆུ་ལྕག་དང་ལུས་པོ་ཁྲུས་བྱས་པས་ཕན་སྙམ་བྱེད་པ་ནི་ཁྲག་མཁྲིས་ཚ་བའི་རྐྱེན་གྱིས་མགོ་བོ་ན་བ་ཡིན་པར་ངེས་པ་ཡིན།

ཁྲག་ཤེད་མཐོ་བོས་མགོ་ན་བའི་རྟགས།

·   གོང་གསལ་ནད་རྟགས་སྟེང་། མགོ་བོ་ཡོངས་ལ་ན་ཟུག་གཏོང་བ་དང་མཉམ་དུ་མགོ་ཡུ་འཁོར་བ།

·   མཇིང་ལྟག་བསྡམ་པ།

·   མིག་རབ་རིབ་བྱེད་པ།

·   གདོང་དམར་སྨུག་ཆགས་པ།

·   ལྷག་པར་ཆང་རག་འཐུང་བ་དང་། མེ་དང་ཉི་མར་བསྲོས་ཚེ་སྡུག་ཏུ་འགྲོ་བ།

 

 

ཡ་སྲིན་གྱིས་མགོ་ན་བའི་རྟགས།

  Ø  གོང་གསལ་ནད་རྟགས་སྟེང་། མགོ་བོའི་གཞོགས་གང་རུང་གཅིག་ལ་གཟེར་ཟུག་ཆེ་ལ་ཚ་ཁྱུག་རྒྱག་པ།

  Ø  མིག་གིས་འོད་མདངས་མི་འཁྱོག་པ།

  Ø  སྐྱུག་པ་ཤོར་བ།

  Ø  མུར་གོང་ན་ཟུག་གཏོང་བ།

མིག་གི་མཐོང་ཤུགས་ཞན་པ་སྟེ་མཁྲིས་པ་མཐོང་བྱེད་ཀྱི་ནུས་པ་ཉམས་ནས་མགོ་ན་བའི་རྟགས།

·      གོང་གསལ་ནད་རྟགས་སྟེང་། མིག་མི་གསལ་ལ་རབ་རིབ་མཐོང་བ།

·      མགོ་ལྕི་བོ་ཚོར་ཞིང་མིག་རུས་གཟེར་ཟུག་རྒྱག་པ།

·      མིག་ཚ་འབྲབ་བྱེད་པ།

·      མིག་ནས་མཆི་མ་ཤོར་བ།

·      གཉིད་ཅུང་ཟད་ཁུག་ཚེ་མིག་རུས་ན་ཟུག་ཞི་བ།

རླུང་འཁྲུགས་པའི་རྐྱེན་གྱིས་མགོ་བོ་ན་བ་ཡིན་པར་ངེས་པའི་རྟགས་ནི།

ü མགོ་བོའི་གནས་ངེས་མེད་དུ་ན་ཟུག་གཏོང་བ། ལྷག་པར་ཐོ་རངས་དང་དགོང་དྲོའི་སྐབས་སྡུག་ཏུ་འགྲོ་བ།

ü མགོ་ཡུ་འཁོར་ནས་བཟི་འཐོམ་འཐོམ་བྱེད་པ།

ü རྣ་བ་འུར་བ།

ü གཉིད་མི་ཁུག་པར་ཡེར་བ།

ü གཉིད་ཁུག་ཀྱང་རྨི་ལམ་ཟང་ཟིང་མང་བ།

ü སེམས་འཚབ་འཚུབ་བྱེད་པ།

ü སྙིང་གཡུགས་ཆེ་བ།

ü རྐང་ལག་སོགས་ལུས་ཁམས་ཀྱི་དྲོད་ཞན་པ།

ü བ་སྤུ་བརྩེ་ཞིང་གྲང་ཤུམ་རྒྱག་པ།

ü མིག་ལྕིབས་དང་། གདོང་མདངས་སོགས་སྐྱ་ལ་སྐྲངས་པ།

ü ཁ་ཟས་ཀྱི་དང་ག་མེད་པ།

ü ཁྱད་པར་དུ་མེ་ཉི་དང་ཤ་ཁུ་སོགས་དྲོད་བཅུད་བསྟེན་པས་ཕན་སྙམ་བྱེད་པ་ནི་རླུང་གི་རྐྱེན་གྱིས་མགོ་བོ་ན་བ་ཡིན་པར་ངེས་པ་ཡིན།

ལྔ་པ། སྔོན་འགོག

མགོ་ན་བ་འདི་ལ་རྒྱུ་རྐྱེན་མི་འདྲ་བ་སོ་སོར་ཡོད་པ་བཞིན། ན་ཚ་འདིའི་འགོག་ཐབས་ཀྱང་དེ་དེ་བཞིན་ཡོད་པར་བརྗོད་མི་དགོས།  དེ་མ་ཤེས་པར་མགོ་ན་བ་ཐམས་ཅད་རྒྱུག་པ་ལེབ་འདུར་དཔེ་ལྟར་གཅིག་པ་ཡིན་བསམས་ནས་སྨན་བཅོས་དང་སྔོན་འགོག་ཀྱང་གཅིག་མཚུངས་སུ་བྱས་ན་མི་འགྲིག དེས་ན་མགོ་བོ་ནད་ཅན་རྣམས་ནས་རང་གི་མགོ་ན་བ་དེ་རྒྱུ་རྐྱེན་གང་གིས་བསླངས་པ་དང་། སྔ་དྲོ་དང་། ཉིན་གུང་། དགོང་མོ་སོགས་དུས་ཚོད་གང་ལ་ན་བའམ་སྡུག་ཏུ་འགྲོ་བ། དུས་ཡུན་ཅི་ཙམ་ན་བ། མགོ་བོའི་ཆ་ཤས་གང་དུ་ན་བ་བཅས་ལ་དོ་སྣང་དང་རྩད་གཅོད་བྱས་པས་ངེས་ཤེས་བྱུང་ཚེ་སྨན་བཅོས་ནད་ཐོག་ཏུ་བབས་པ་དང་། སྔོན་འགོག་གནད་དུ་འཁེལ་བར་ཕན་ཐོགས་ཆེན་པོ་ཡོད། ཡང་འགའ་རེས་མགོ་ན་བའི་སྐབས་མི་བདེ་ཡིད་སུན་སྐྱེས་ནས་གློ་བུར་ཞི་ཐབས་སུ་ཁྲོམ་ནས་སྨན་ཉོས་ནས་བཟའ་པ་འདི་ཧ་ཅང་ཉེན་ཁ་ཆེན་པོ་ཡིན། དེས་འཕྲལ་གསལ་མགོ་གཟེར་ཞི་བར་ཕན་ཐོགས་ཡོད་ནའང་ཕུགས་ལ་ཕན་པ་མེད་པ་མ་ཟད། ད་དུང་ཕོ་བ་དང་། མཆིན་པ། མཁལ་མ་སོགས་དོན་སྣོད་རྣམས་ལ་གནོད་སྐྱོན་ཚབས་ཆེ་སྟེར་གྱིས་ཡོད་པས་དེ་འདྲ་བྱེད་མི་རུང་། མདོར་ན། དེབ་ཆུང་འདིའི་དགོས་པ་ལྟར་གལ་ཆེ་ཤོས་དེ་མགོ་གཟེར་མི་ན་བར་སྔོན་འགོག་ཐོག་ལ་ཤུགས་རྒྱག་དགོས་ཀྱི་ཡོད་སྟབས། གོང་དུ་ཞུས་པའི་སློང་རྐྱེན་ཐོག་གཤམ་གསལ་རྐྱེན་སོ་སོའི་སྤང་བླང་གནད་འགག་རྣམས་ཅུང་རྒྱས་པར་བཤད་ཡོད་པས་ཚང་མས་དེར་དོ་སྣང་དང་གང་ཐུབ་ལག་བསྟར་དགོས་པར་སྐུལ་འདེད་ཞུ་བཞིན་ཡོད།

མཁྲིས་པའི་རྐྱེན་གྱིས་མགོ་བོ་ན་བར་འགོག་ཐབས།

སྤང་བྱ་གལ་ཆེའི་ཁག

ལན་ཚྭ་བ། (Salty taste)

ཟས་སྐོམ་ལས་རོ་ལན་ཚྭ་བའི་རིགས་བཟའ་ཆེས་དྲགས་ཚེ་དེས་ལུས་ཁམས་ཀྱི་ཁྲག་མཁྲིས་བསྐྱེད་པས་མེ་ལྕེ་གྱེན་དུ་སོང་བ་བཞིན་ཚ་བའི་དྲོད་རླངས་སྟོད་དུ་སོང་ནས་མགོ་བོར་ན་ཟུག་གཏོང་བར་བརྟེན། རྒྱུན་ལྡན་ཁ་ཟས་ནང་ལན་ཚྭ་ (Common salt) མང་པོ་བེད་སྤྱོད་བྱེད་མི་རུང་བ་དང་། དེ་བཞིན་བོད་ཇ་གར་པོ་འཐུང་བ། མ་ཟད་བུ་ཕྲུག་རྣམས་ལ་ལན་ཚྭ་མང་བའི་རྔན་པ་སྦྱིན་པ་སོགས་བྱེད་མི་རུང་།

ཚ་བ། (Hot/Spicy taste)

རོ་ཚ་བའི་ཟས་སྐོམ་བསྟེན་དྲགས་ཚེ་ལུས་ལ་དྲོད་བསྐྱེད་ཅིང་མགོ་ན་བ་དང་། ལྷག་པར་མཁྲིས་པའི་རྟེན་མཆིན་པར་དུག་ལྟར་གནོད་པས་མཆིན་པར་གཉན་ཚད་རྒྱས་པ་སོགས་མཆིན་ནད་འདྲ་མིན་ཕོག་ཉེན་ཆེ་བར་བརྟེན། རྒྱུན་ལྡན་ཁ་ཟས་ནང་རྒྱ་གར་གྱི་སྨན་སྣའམ་སྤོད་མང་པོ་བེད་སྤྱོད་བྱེད་མི་རུང་བ་དང་། ལྷག་པར་བསིལ་ཕན་སི་པན་དང་། ཙོང་། སྒོག་པ། མར་རྙིང་པ། ཆང་རྙིང་པ་བསྟེན་དྲགས་པ། བྱིས་པར་རོ་ཚ་བའི་རྔན་པ་སྦྱིན་པ་སོགས་བྱེད་མི་རུང་།

སྐྱུར་བ། (Sour taste)

རོ་སྐྱུར་བའི་ཟས་སྐོམ་སྟེ་ལིམ་བུའི་ཆུ་རྐྱང་པ་དང་། ཞོ་སྐྱུར། ཆང་རག (Alcohol) ཆང་བསྐོལ་སོགས་འཐུང་བ། ལ་ཕུག་བསྙལ་བ་སོགས་བསྙལ་ཚལ་རིགས་དང་།   ཨཱམ་ (Mango) སོགས་ཤིང་ཏོག་མ་སྨིན་པའི་རིགས་རྣམས་བསྟེན་དྲགས་མི་རུང་ཡང་། སྐྱུ་རུ་ར་ (Amla) དེ་རོ་སྐྱུར་བ་ཡིན་ཡང་ཁྲག་མཁྲིས་མགོ་ན་བ་ཞི་བར་ཕན་པས་རན་པོ་བསྟེན་ཆོག

སྣུམ་པའི་ཁ་ཟས་བསྟེན་དྲགས་པ།

སྣུམ་དང་ལྡན་པའི་ཟས་སྐོམ་སྟེ། དཔེར་ན་བག་ལེབ་སྣུམ་བསྲེགས། བ་དམ། (Peanut) སྒོ་ང་བསྣུམ་བརྔོས། སྣུམ་བསྙལ་བྱས་པའི་ཨཱ་ཅར། (Pickles) སེམས་ཅན་གྱི་ཚིལ་བུ། མར་རྙིང་སོགས་བསྟེན་དྲགས་པ་ཡིན་ན་རྫས་ཀྱི་སྒོ་ནས་མ་ཞུ་བ་བྱུང་ཞིང་རྟགས་སུ་མགོ་ན་བར་བརྟེན། དེ་ལྟར་བསྟེན་མི་རུང་བས་འཛེམ་དགོས།

ཞེ་སྡང་དྲག་པོ་བསྐྱེད་པ།

ཡིད་ཀྱི་སྤྱོད་ལམ་ཁོངས་ཞེ་སྡང་ནི་ལུས་པོའི་ནང་གི་ཁྲག་མཁྲིས་འཁྲུགས་པར་བྱེད་མཁན་གཙོ་བོ་ཡིན་སྟབས། བོད་ཀྱི་གསོ་བ་རིག་པའི་གཞུང་ལས་ཞེ་སྡང་དེ་མཁྲིས་པ་སྐྱེད་པའི་རྒྱུར་བཞག་ཡོད། དེས་ན་ཞེ་སྡེང་ནི་འཇིག་རྟེན་མི་ཆོས་དང་། དམ་པ་ལྷ་ཆོས། ལུས་ཀྱི་འཕྲོད་བསྟེན་གང་ནས་བལྟས་ཀྱང་སྡུག་བསྔལ་གྱི་གཞི་ཁོ་ན་ཡིན་པར་བརྟེན། མི་དགེ་བའི་སེམས་བྱུང་འདི་ཉིད་མི་སྐྱེ་བའི་སླད་དུ་དུས་རྒྱུན་ནས་ཞེ་སྡང་གི་ཉེས་དམིགས་དང་། དེའི་གཉེན་པོ་བཟོད་པའི་ཕན་ཡོན་ལ་ཡང་ཡང་ཐོས་བསམ་བྱེད་དགོས།

ཉི་འོད་དང་མེར་བསྲོས་དྲགས་པ།

ལུས་ཀྱི་སྤྱོད་ལམ་དུ་ཉི་འོད་དང་མེའི་དྲོད་བསྲོས་པ་ཆེས་དྲགས་ཚེ་ལུས་ཀྱི་ཁྲག་མཁྲིས་སྟོབས་འཕེལ་ནས་མགོ་ན་བ་དང་། ཚ་བ་འཕར་བ། མིག་རབ་རིབ་བྱེད་པ། རྔུལ་ནག་མང་པོ་ཤོར་བ། ཁ་སྐམ་པ་སོགས་འབྱུང་བས་ན་ཚ་བའི་དུས་སྤྱི་དང་ཁྱད་པར་ཉིན་མོ་ཚ་བ་ཆེ་བའི་སྐབས་ཐབ་ཚང་དང་མཆོད་མེ་ཁང་ལྟ་བུ་མེའི་ཉེ་འགྲམ་དུ་ཡུན་རིང་འདུག་པ་དང་ལས་བྱེད་པ། དེང་དུས་ཚ་གློག་ཁང་པའི་ནང་ཡུན་རིང་སྡོད་པའམ་ཡང་ན་ཚ་གློག་ཅན་གྱི་མེ་འཁོར་དང་མོ་ཊའི་ནང་ཡུན་རིང་བསྐྱོད་པ། མགོར་ཁེབས་དང་གྲིབ་བསིལ་མེད་པར་ཉི་མའི་ཚ་དྲོད་འོག་ས་ལས་རྡོ་ལས་སོགས་ཤུགས་ལས་བྱེད་པ། ཉི་བསྲོས་ཡུན་རིང་པོ་བྱེད་དྲགས་པ། བང་རྒྱུགས་བྱེད་པ། སྦག་སྦག་དང་རྐང་འཁོར་ཞོན་ནས་འགྲོ་བ་སོགས་བྱེད་མི་རུང་། ལྷག་པར་ཁྲག་རླུང་སྟོད་འཚངས་ (Hypertension) ནད་པ་རྣམས་ཀྱིས་དེ་བས་ཀྱང་འཛེམ་དགོས།

བླང་བྱ་གལ་ཆེའི་ཁག

མངར་བ།  (Sweet taste)

            རོ་མངར་བའི་ཟས་སྐོམ་རིགས་དཔེར་ན་ཤིང་ཏོག་རྒུན་འབྲུམ། པ་པི་ཏ། (Papaya) ཆུ་ག་གོན། (Watermelon) ཤིང་མངར། བུར་ཤིང་ཁུ་བ། (Sugarcane juice) འབྲས། དེ་བཞིན་སེམས་ཅན་བ་ཕྱུགས་དང་རའི་འོ་མ་ལས་བྱུང་བའི་མར་གསར་དང་། ཞོ་གསར་རྣམས་མཁྲིས་པ་ཚ་བའི་མགོ་ན་བ་སེལ་བར་ཕན།

བསྐ་བ། (Astringent taste)

རྒྱུན་ལྡན་དུ་རོ་བསྐ་བའི་ཁོངས་ཏེ་ཨ་རུ་ར་དང་། བ་རུ་ར། ཙན་དན་དཀར་དམར་ལ་སོགས་པའི་བསིལ་བཅུད་ལྡན་པའི་སྨན་ཕྱེ་དང་སྨན་ཁུ་ཅི་འབྱུང་ཚ་བའི་དུས་སྤྱི་དང་། ལྷག་པར་ཉིན་གུང་མཁྲིས་པའི་དུས་སུ་བསྟེན་ན་ཕན།

ཁ་བ། (Bitter taste)

རོ་ཁ་བའི་ཁོངས་དཔེར་ན་ཏིག་ཚལ་ (Bittergourd) ང་། ཁུར་མང་། སྔོ་ཚལ་ (Dark leafy vegetables) ཕལ་མོ་ཆེའི་རོ་ཏིག་ཤས་ཡིན་པས་ཕོ་བའི་མེ་དྲོད་ཡག་པོ་ཡོད་པ་རྣམས་ནས་རྒྱུན་དུ་ཉིན་གུང་སྔོ་ཚལ་སོས་པའི་རྗེན་ཟས་སམ། ཡང་ན་ཞིབ་འཐག་བྱས་པའི་ཁུ་བ་ (Vegetable’s juices) རན་པོ་བསྟེན་པ་དང་། འཇུ་སྟོབས་ཞན་པས་ཆུ་བཙོས་བརྒྱབ་ནས་ཚྭ་སྡོར་སོགས་ཅི་ཡང་མེད་པ་བསྟེན་ན་དེས་ཟུངས་ཁྲག་བསྐྱེད་པ། ཟུངས་ཁྲག་གཙང་མ་བཟོས་པ། ཤ་མདོག་ལེགས་པ། ཁྲག་གི་ཚད་པ་ཞི་བ། མཆིན་པའི་བྱེད་ལས་ཇེ་བཟང་གཏོང་བ་སོགས་ཕན་ཐོགས་ཆེན་པོ་ཡོད།

ཆུ་མང་པོ་འཐུང་བ།

སྤྱིར་ལུས་ལ་ཁྲག་མཁྲིས་ཚ་བ་འཕེལ་བའི་དུས་དང་། ཁྱད་པར་གནམ་གཤིས་ཚ་བའི་དུས་སུ་ལུས་པོའི་ནང་གི་ཆུ་ཁམས་ལྡང་ཚད་ཟད་པའི་རྐྱེན་གྱིས་མགོ་བོ་ན་ཟུག་གཏོང་གི་ཡོད། དེ་དུས་ཆུ་ཁམས་ཉུང་དྲགས་པའི་སྐྱོན་དེ་བསལ་བའི་ཆེད་དུ་ཆུ་བསིལ་དང་། བ་ཕྱུགས་དང་རའི་ཞོ་གསར། དར་བ། བུར་ཤིང་ཁུ་བ། ཤིང་ཏོག་གི་ཁུ་བ། (Fruit’s juices) སྨན་རྩིས་ཁང་གི་གསོ་རིག་མཁྲིས་ཇ་སོགས་མང་ཙམ་འཐུང་ན་ཕན།

ཆུ་ལྕག་དང་ཁྲུས་བྱེད་པ།

སྤྱོད་ལམ་དུ་ཁྲག་མཁྲིས་ཚ་བའི་ནད་ཀྱི་གཉེན་པོ་ནི་ཆུ་བསིལ་དེ་ཡིན་པར་བརྟེན། ཚ་བའི་དུས་སྤྱི་དང་ལྷག་པར་མགོ་ན་བའི་སྐབས་ལ་ཆུ་བསིལ་གྱིས་མགོ་བོར་ཆུ་ལྕག་ཡང་ཡང་བྱེད་པ་དང་། ལུས་ཡོངས་རྫོགས་ཆུ་བསིལ་གྱིས་ཡང་ཡང་ཁྲུས་བྱེད་པ་དང་། ཆུ་རྐྱལ་རྒྱག་ཐུབ་ན་ཕན།

ལུས་དལ་བར་འདུག་པ།

ཁྲག་མཁྲིས་ཚ་བའི་ནད་སྤྱི་དང་ཁྱད་པར་མཆིན་པར་གཉན་ཚད་ཡོད་པ་རྣམས་ནས་རྒྱུན་དུ་ལུས་དལ་པོར་གནས་དགོས་པ་གལ་ཆེ། དེ་ལྟར་མ་བྱས་པར་དྲག་ཤུལ་གྱི་ལས་བྱེད་དྲགས་པ་དང་ལུས་རྩལ་ཤུགས་ཆེན་པོ་རྩེད་དྲགས་ན་ཁྲག་མཁྲིས་འཁྲུགས་པའི་རྐྱེན་གྱིས་མགོ་གཟེར་གྱི་གཞི་མཁྲིས་པ་ཚ་བའི་ནད་རིགས་སྡུག་ཏུ་འགྲོ་བ་ཡིན། འོན་ཏེ་སྔ་དྲོ་ཉིན་མ་མ་ཤར་གོང་དང་དགོང་མོ་བསིལ་དུས་ལུས་རྩལ་དང་ཕྱག་འཚལ་བསྐོར་ར་རན་པོ་བྱས་ན་ཕན་པ་ལས་མི་གནོད།

བསིལ་གནས་འདུག་པ།

ཚ་བའི་དུས་དང་ལྷག་པར་ཉིན་གུང་སྐབས་མགོ་མི་ན་བའི་སྔོན་འགོག་ཏུ་ཤིང་གྲིབ་དང་། ཆུ་འགྲམ། ཁང་པའི་ཐོག་རྩེགས་ཀྱི་འོག་ཁང་། བསིལ་ཁང་སོགས་བསིལ་གནས་སུ་ལྷོད་ལྷོད་འདུག་དགོས་པ་དང་། ཅི་ནས་ཀྱང་འགྲོ་དགོས་ཚེ་ཉི་གདུགས་དང་ཞྭ་མོ་སོགས་མགོ་ཁེབས་བདེ་སྤྱོད་བྱས་ན་ཕན།

རླུང་འཁྲུགས་པའི་རྐྱེན་གྱིས་མགོ་བོ་ན་བར་འགོག་ཐབས།

སྤང་བྱ་གལ་ཆེའི་ཁག

ཟས་སྐོམ་བསིལ་ཞིང་ནུས་པ་རྩུབ་པ་བསྟེན་དྲགས་པ།

ཆུ་གྲང་མོ་ (Cold water & drinks) དང་། ཀོ་ཕི་གར་པོ། (Coffee) བ་རའི་ཞོ་དང་དར་བ་འཐུང་བ། གཡེར་མ། ཁ་ཏིག་ཚལ། (bitter gourd) ལོ་ཤུར་ཏེ་སྔོ་ཚལ་རྙིང་པ་དང་རྗེན་པ། (Raw Salads) བ་གླང་གི་ཤ་དང་ར་ཤ་སོགས་དུས་སྤྱི་དང་ལྷག་པར་དབྱར་དུས་དང་དགོང་དྲོའི་སྐབས་བསྟེན་ན་རླུང་ལྡང་བའི་དུས་ཡིན་པས་ཤིན་ཏུ་གནོད་ལ་རླུང་གིས་མགོ་ན་བ་རྣམས་ནས་སྤང་དགོས།

བཅུད་མེད་ཁ་ཟས་བསྟེན་དྲགས་པ།

བཅུད་མེད་པའི་ཟས་སྐོམ་སྟེ་དེང་དུས་མགྱོགས་ཟས་དང་སྟབས་བདེ་ཁ་ལག་ (Fast foods & Snacks) བསྟེན་དྲགས་ན་ཅི་ཡང་བཅུད་མེད་པས་རླུང་འཕེལ་བར་བརྟེན། རླུང་གི་མགོ་བོ་ནད་ཅན་རྣམས་ནས་བཟའ་མི་རུང་།

སེམས་ངལ་བྱེད་དྲགས་པ།

ཡིད་ཀྱི་སྤྱོད་ལམ་ལས་སེམས་ངལ་བྱས་དྲགས་ན་ཉེས་པ་རླུང་གི་རིགས་ལྔའི་ནང་ཚན་གཙོ་བོ་སྲོག་འཛིན་དང་ཁྱབ་བྱེད་ཀྱི་རླུང་དེ་གཉིས་འཁྲུགས་པར་བྱེད་ཀྱི་ཡོད། དེ་གཉིས་འཁྲུགས་པར་གྱུར་ཚེ་སེམས་མ་སྐྱིད་པར་གུ་དོག་པོ་ཆགས་པ་དང་། གཉིད་ཡེར་བ། ཟས་བཟའ་འདོད་མེད་པ། འཇུ་སྟོབས་ཞན་པ། མགོ་ཡུ་འཁོར་བ། ལུས་ཀྱི་ནད་འགོག་ནུས་པ་ཉམས་པ་སོགས་དཀའ་ངལ་མང་པོ་ཞིག་འབྱུང་བར་བརྟེན། སེམས་ངལ་ཉུང་དུ་གཏོང་ཐབས་ལ་འབད་དགོས།

གཉིད་ཡེར་བ།

མཚན་གྱི་གཉིད་དེ་མི་དར་མ་དང་རྒས་འཁོགས་རྣམས་ལ་ཚོུད་ ༧ ནས་ ༩ བར་ཁུག་དགོས་ཀྱི་ཡོད་ཀྱང་། དེ་ལས་ལྡོག་སྟེ་མཚན་ལ་གཟུགས་མཐོང་རླུང་འཕྲིན་ཡུན་རིང་བལྟས་པ་དང་། ཁ་པར་ཐོག་སྐད་ཆ་ཡུན་རིང་བཤད་པ། ཕྱི་ལ་འཁྱམ་པ། གཞས་ཞབས་བྲོ་སོགས་སྤྲོ་སྐྱིད་ཡུན་རིང་བཏང་པ། ཉིན་མཚན་མེད་པར་ལས་ཀ་བྱེད་པ། ཆགས་སྤྱོད་བྱེད་པ་སོགས་མང་དྲགས་པས་ལུས་ལ་རླུང་ནད་རིགས་འདྲ་མིན་བྱུང་བའི་ཐོག མགོ་བོའི་གནས་ངེས་མེད་ན་གཟེར་དྲག་པོ་གཏོང་བ་ཡིན་པས་དེ་ལྟར་བྱེད་མི་རུང་།

ལྟོགས་པར་བསྡད་དྲགས་པ།

ཁ་ཟས་དུས་ཐོག་ཏུ་མ་བཟས་པར་གྲོད་ཁོག་སྟོང་པ་ཡུན་རིང་བསྡད་དྲགས་ན་ཕོ་བ་དང་། དེ་བཞིན་དྭངས་མ་རྒྱུ་བའི་རྩ་སྦུག་ནང་རླུང་འཕེལ་ཏེ་ཟུངས་སྟོབས་ཉམས་པ་དང་སྦྲགས། མགོ་བོ་འཁོར་ཞིང་གནས་ངེས་མེད་ན་ཟུག་གཏོང་བ་ཡིན་ལ། ད་དུང་ཕོ་བའི་ནང་སྐྱུར་རྩི་འཕེལ་ནས་ཕོ་བར་མི་བདེ་བའི་ནད་ཀྱིས་བཏབ་ཉེན་ལ་སོང་དེ་ལྟར་བྱེད་མི་རུང་།

བཤང་གཅི་དང་། ལུད་པ། སྦྲིད་པ། མཆིལ་མ་སོགས་བཀག་དྲགས་པ།

རྒྱུན་ལྡན་སྤྱོད་ལམ་ལས་བཤང་བ་དང་། གཅིན་པ། ལུད་པ། མཆིལ་མ་སོགས་རང་བཞིན་འབྱུང་བའི་སྐབས་ཕྱིར་མ་དོར་བར་ཤུགས་ཀྱིས་བཀག་དྲགས་པའམ་མ་འབྱུང་བཞིན་དུ་བཙིར་དྲགས་པ་ཡིན་ན་དེས་རླུང་གི་རྒྱུ་བ་འཁྲུགས་ཏེ་མགོ་ན་བར་བྱེད་པས་དེ་ལྟར་བྱེད་མི་རུང་།

བླང་བྱ་གལ་ཆེའི་ཁག

ཁ་ཟས་དྲོད་བཅུད་བསྟེན་པ།

སྤྱིར་དབྱར་དུས་དང་། ལྷག་པར་དགོང་མོ་ནི་རླུང་འཕེལ་བའི་དུས་ཡིན་སྟབས་ཟས་སྐོམ་ཁོངས་འབྲུ་མར་དང་། ལོ་ལོན་པའི་མར། ལུག་ཤ བུ་རམ། བུ་རམ་གྱི་ཆང་གསར་པ། སྒོག་སྐྱ། ཙོང་། འོ་མ། རུས་ཁུ་སོགས་ནུས་པ་དྲོད་ཅིང་སྣུམ་ལ་བཅུད་ཡོད་པ་རྣམས་རན་པོ་བསྟེན་ན་རླུང་ནད་རྐྱེན་གྱིས་མགོ་བོ་ན་ཟུག་གཏོང་བ་དེ་སྲུང་བར་ཕན།

ཤིང་ཏོག་དང་སྟར་ཀ་སོགས་བསྟེན་པ།

ཉིན་ལྟར་སྔ་དྲོ་དང་ཉིན་གུང་དུས་ལ་ཤིང་ཏོག་སོས་པ་དཔེར་ན། ཀུ་ཤུ་དང་། ཚ་ལུ་མ། སེ་འབྲུ། རྒུན་འབྲུམ། ཆུ་ག་གོན། པ་པི་ཏ། (Papaya) ངང་ལག་བསྟེན་ན་བཟང་ཞིང་། ལྷག་པར་སྔ་དྲོར་སྐོགས་མཁྲེགས་ཤིང་འབྲས་ (Dried fruits) ཁོངས་སྟར་ཀ་ (Walnut) གཉིས་གསུམ་དང་། རྒུན་འབྲུམ་སྐམ་པོ་ཁ་ཤས། (Raisin) ཀཱ་ཇུ་གཉིས་གསུམ། (Cashew) བསྟེན་པ་ཡིན་ན་ཁྲག་གཙང་མ་བཟོ་བ་དང་འཁོར་རྒྱུགས་ལ་ཕན་པ་མ་ཟད། སྐོགས་མཁྲེགས་ཤིང་འབྲས་རིགས་ཀྱིས་ཀླད་པའི་བེད་སྲུང་ལ་ཕན་གྱི་ཡོད་པས་མགོ་བོ་ན་གཟེར་ལས་སྲུང་བར་ཕན།

བསྐུ་མཉེ་དང་། ཚ་དུགས་བྱེད་པ།

རླུང་གི་ནད་ལ་བསྐུ་མཉེའམ་བྱུག་པ་ཧ་ཅང་ཕན་པོ་ཡོད་པས་མི་སུ་ཞིག་མགོ་མི་ན་བའི་སྔོན་འགོག་ཆེད་དུ་གནམ་དུས་སྤྱི་དང་། ལྷག་པར་དབྱར་དུས་དང་། ཉིན་ཞག་གཅིག་ནང་གི་ཐོ་རངས་དང་དགོང་མོའི་དུས་ལ་སྐབས་རེ་མགོ་བོའི་རླུང་གསང་ཁག་ཏེ་སྤྱི་གཙུག་དང་། མཚོག་མ། ལྟག་པའི་སྡུད་སྒོ། ལྟག་པའི་སྤུ་འཁྱིལ། མུར་གོང་རྣམས་ལ་ཏིལ་སྣུམ་ཡང་ན་སྨན་རྩིས་ཁང་གི་གསོ་རིག་བྱུག་སྣུམ་ཅུང་ཟད་ཚ་པོ་བཟོས་ནས་འཕུར་མཉེ་བྱེད་པ་དང་། ཡང་ན་གསོ་རིག་ཛཱ་ཏི་དུགས་པ་སོགས་ཀྱིས་གསང་མིག་དེ་དག་ལ་ཚ་དུགས་བྱས་ན་ཕན།

དབུགས་སྦྱོང་དང་། ལུས་སྦྱོང་སོགས་བྱེད་པ།

དབུགས་སྦྱོང་ (Breathing Exercise) སྟེ་ཉིན་ལྟར་སྔ་དགོང་ལ་རང་གི་རྒྱུན་ལྡན་དབུགས་ཀྱི་རྒྱུ་བ་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དེ་གཅིག་པོར་སེམས་གཏད་ནས་སྐར་མ་ཁ་ཤས་རིང་བྱེད་པ་དང་། དེ་བཞིན་དགེ་རྒན་བསྟེན་པའི་སྒོ་ནས་ལུས་སྦྱོང་ (Yoga) བྱེད་པ། དཔྱད་སྒོམ་བྱེད་པ། འཆར་གཞི་དང་ལྡན་པའི་སྒོ་ནས་ཉིན་རེའི་ལས་དོན་ཆེ་ཆུང་ཁག་གྲུབ་པ། རང་གི་འདོད་པ་ལྟར་གླུ་དབྱངས་སྙན་པོ་ཉན་པ། ཡིད་དུ་འོང་བའི་གྲོགས་པོ་དང་གྲོགས་མོ་བསྟེན་པ་སོགས་ཀྱིས་གནས་སྐབས་ཀྱི་ལུས་སེམས་ངལ་བས་མགོ་གཟེར་ཞི་ཐུབ་པ་དང་སླད་མར་མི་འབྱུང་བའི་སྔོན་འགོག་ལ་ཕན།

དྲུག་པ། ཞར་བྱུང་དུ་ཡ་སྲིན་མགོ་ན་བའི་འགོག་ཐབས།

ཡ་སྲིན་རྐྱེན་གྱིས་མགོ་བོ་ནད་ཅན་རྣམས་ནས་གོང་དུ་བརྗོད་པའི་མཁྲིས་པ་འཁྲུགས་པའི་ཟས་དང་སྤྱོད་ལམ་ཐོག སྒོག་པ་དང་། མངར་མོ།  སྒོང་ང་། སྐྱུར་ཚལ། སྣུམ་པའི་ཟས། འོ་མ་ནས་བྱུང་བའི་དཀར་ཟས་རིགས། བྱུག་རྫས་ཀྱི་དྲི་མ་སོགས་གནོད་ཀྱི་ཡོད་པས་དེ་ལྟར་རྒྱུན་དུ་ནས་འཛེམ་དགོས།། །།

བདུན་པ། སྐར་རྩིས་རིག་པའི་ཐབས་ལམ།

ཁྱད་པར་དུ་མགོ་ནད་མནར་སྐབས་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི།

མགོ་ནད། སྤྱིར་བཏང་གི་རིམས་ནད་སོགས་དང་། གྲུམ་བུའི་ནད། སི་ཐོར་རིགས། རྒྱུ་མའི་ནད། བསམ་སེའུ་ནད། ཁྲག་མཁྲིས། སྙིང་རླུང་། ཚད་པའི་ནད། ཡ་མ་ནག་པོ། མེས་ཚིག་པའི་རིགས་ཀྱི་ནད་སོགས་དང་། ཉི་མས་མགོ་ན། གཟའ་སྐར་ས་བདག་སོགས་མེ་ཁམས་ཀྱིས་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། མཁའ་འགྲོ་གྲིབ་སེལ་ལམ་ཁྲུས་གསོལ་བྱ། རྒྱལ་མདོས་བཙན་མདོས་གཏོང་། ལྷ་བསངས་གཏོང་། ཆོས་སུ་ཚེ་མདོ་ཚེ་གཟུངས་དང་། གཙུག་ཏོར་གདུགས་དཀར་ལོ་གྲངས་འདོན། ཏོག་གཟུངས་སྒྲོག རིམས་ནད་ཞི་བའི་གཟུངས་རྣམས་འདོན། ཟན་ནམ་སྤག་གིས་རྟའི་གླུད་ཀྱི་གཟུགས་དམར་ཞུར་གཡུ་དང་ཟངས་ཆུང་བཀལ་ལ། བརྩི་བྱ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ། །གཞན་ཡང་ནད་པ་རང་རང་སོ་སོའི་འབྱོར་བ་ཆེ་ཆུང་ལ་དཔགས་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་། ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ། །འདི་ནི་ནད་རིགས་བྱེ་བྲག་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་པ་དང་། འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།