བཤང་འགགས་ནད།
དང་པོ། བཤང་འགགས་ནད་ཀྱི་ངོ་སྤྲོད།
གསོ་བ་རིག་པའི་གཞུང་དུ་བཤང་འགགས། རྩ་འགགས། དྲི་མ་འགགས་པ། ཕྱི་ས་འགགས་པ་སོགས་ཐ་སྙད་སྣ་ཚོགས་བེད་སྤྱོད་གནང་ཡོད་ཀྱང་དོན་སྙིང་རྒྱུན་ལྡན་དམངས་ཁྲོད་དུ་ཕན་ཚུན་གཏམ་གླེང་སྐབས། ཆབ་ཆེན་ཕབ་མི་ཐུབ་པའམ་འགག་པ་ཟེར་བ་དེ་ཉིད་ཡིན།
ང་ཚོས་ཟས་སྐོམ་ལོངས་སུ་སྤྱད་པ་གང་དེ་འཇུ་བྱེད་མ་ལག་གིས་དྭངས་སྙིགས་གཉིས་སུ་ཕྱེ་ནས་ལུས་ལ་ཉེ་བར་མཁོ་བའི་དྭངས་མའི་ཆ་དེ་རིམ་པས་སྟོབས་མདངས་སོགས་འཕེལ་བའི་ལུས་ཟུངས་བདུན་དུ་འགྱུར་བ་ཡིན། ལུས་ལ་མི་མཁོ་བའི་སྙིགས་མའི་ཆ་དེ་ལ་ཟས་རགས་པའི་སྙིགས་མ་སྟེ་བཤང་བའམ་ཆབ་ཆེན་དང་། སྐོམ་གྱི་སྙིགས་མ་སྟེ་གཅིན་པའམ་དྲི་ཆུ་གྱུར་ཞིང་འོག་སྒོ་གཉིས་ནས་ཕྱིར་འབྱིན་པ་ཡིན།
བཤང་གཅི་གཉིས་ལུས་ནས་ཕྱིར་འདོར་བའི་སྐབས་དཀའ་ཚེགས་ཀྱི་རྣམ་པ་གང་ཡང་མེད་པ་རང་བཞིན་གྱིས་ཕྱིར་འབབ་པ་ཡིན། འོན་ཀྱང་སྐབས་རེ་རྒྱུ་རྐྱེན་ཅི་རིགས་པ་ཞིག་གིས་རང་བཞིན་གྱི་དྲི་མའི་འབབ་རྒྱུན་དེ་ལ་འགོག་རྐྱེན་སྤྲད་པའི་དབང་གིས་བཤང་བ་དེ་འབབ་དཀའ་བའམ། རྩ་བ་ནས་ཐོན་མི་ཐུབ་པའམ། ཡང་ན་ཤུགས་ཀྱིས་བཙིར་རྗེས་བཤང་བ་ཉུང་ཤས་ཤིག་ཕབ་པ་དེའང་ངོ་བོ་སྐམ་ལ་མཁྲེགས་པ་ནད་པའི་ཉམས་སྣང་དུ་བྱ་བ་འཕྲོ་ལུས་པ་ལྟ་བུའི་ཚོར་བ་མ་ཚིམ་པ་ཞིག་ཡོད། དེ་ལ་བཤང་འགགས་ཀྱི་ནད་ཟེར་བ་ཡིན།
ཆབ་ཆེན་གྱི་ཐུན་མང་ཉུང་དང་བོངས་ཚད་ཆེ་ཆུང་གི་ཚད་གཞི་ཐད་ལ་གང་ཟག་བྱེ་བྲག་སོ་སོར་ལྟོས་ནས་བཞག་དགོས་པ་ལས་ཚང་མར་གཅིག་མཚུངས་ཤིག་མེད། གང་ཟག་འགའ་ཞིག་ལ་རྒྱུན་ལྡན་ནས་ཉིན་ཞག་གཅིག་ལ་ཐེངས་གསུམ་ཙམ་གསང་སྤྱོད་དུ་ཕེབས་དགོས་པ་ཡོད་སྲིད་ཀྱང་ལ་ལ་བདུན་གཅིག་གི་ནང་ཐེངས་གསུམ་ཕེབས་མཁན་ཡང་ཡོད། མང་ཆེ་བ་ཉིན་རེ་བཞིན་སྔ་དགོང་སོགས་དུས་ཡུན་གང་རུང་དུ་ཆབ་ཆེན་ལན་གཅིག་འདོར་བའང་ཡོད། དེ་ནི་ཕོ་བའི་མེ་དྲོད་རྣམ་པ་བཞི་དང་། ལྟོ་བ་རྣམ་པ་གསུམ། ལུས་ཀྱི་རང་བཞིན་བདུན་སོགས་ཀྱི་ཁྱད་པར་ལས་བྱུང་བ་ཡིན། སྐབས་བབ་དྲི་མ་གཉིས་ལས་དམིགས་བསལ་བཤང་འགགས་ནད་ཀྱི་སྐོར་གནད་བསྡུས་ཤིག་འཆད་རྒྱུ་ཡིན།
ནད་གཞི་འདི་གློ་བུར་དུ་སྲོག་ལ་ཐད་ཀར་བར་གཅོད་ཐུབ་པ་ཞིག་མ་ཡིན་མོད། གལ་ཏེ་དེ་ཡུན་རིང་གནས་པའམ། ཤུགས་ཀྱིས་བཙིར་བ་སོགས་མི་མཐུན་པའི་སྤྱོད་ལམ་བསྟེན་པ་ཡིན་ན། དེ་ཡིས་གཞང་འབྲུམ་ནད་དང་། བཤང་ལམ་གྱི་རྩ་ཕྲན་རྡོལ་ནས་ཁྲག་ཐོན་པ། ཀླད་པ་ན་བ། ཆམ་ནད། ལོང་ནད་སོགས་ནད་གཞི་སྣ་ཚོགས་པའི་རྒྱུར་གྱུར་སྲིད་པ་ཞིག་ཡིན། ཁ་ཟས་དུས་ཐོག་ཏུ་བསྟེན་རྐྱང་གནང་ཞིང་སྙིགས་མའི་ཆ་དེ་ཕྱིར་གདོན་མ་ཐུབ་པ་ཡིན་ན། ཁྱད་པར་ལོང་གི་ནང་དུ་བཤང་བ་སྐམ་ལ་མཁྲེགས་པའི་བོངས་ཚད་ཇེ་ཆེར་འཕེལ་ནས་ལོང་ག་བསྣད་ཉེན་ཆེ་བ་ཡོད།
ནད་གཞི་འདི་ནི་ཕོ་མོའི་ལུས་རྟེན་ནམ། རྒན་བྱིས་བར་གསུམ་གྱི་ན་ཚོད། དབུལ་ཕྱུག་དང་། མི་རིགས་སོགས་ཁྱད་མེད་པར་ཐུན་མོང་ལ་ཕོག་སྲིད་པ་ཞིག་དང་། དུས་སྔ་ཕྱི་དང་ལན་གྲངས་མང་ཉུང་གི་ཁྱད་པར་མ་གཏོགས་ཚང་མས་ཉམས་སུ་མྱོང་ཡོད་པ་ཕལ་ཆེར་གཞིར་བཅས་ཆོག དེར་བརྟེན་ནད་གཞི་འདིའི་རྒྱུ་རྐྱེན་དང་སྔོན་འགོག་སོགས་ལ་ཐུགས་སྣང་གནང་བར་ཞུ།
གཉིས་པ། རྒྱུ་རྐྱེན།
བཤང་འགགས་ནད་ལ་རྒྱུ་རྐྱེན་བྱེ་བྲག་པ་གཅིག་ལོགས་སུ་དགར་རྒྱུ་མེད། དེ་ཡང་ཟས་སྤྱོད་བསྟེན་སྟངས་ལོག་པའི་རྐྱེན་གྱིས་རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་པ་དང་། དེ་བཞིན་སྲིན་དང་། དམིགས་བསལ་ཐུར་སེལ་རླུང་ལོག་པ་ལས་འབྱུང་བ་ཡིན། འདི་ནི་རྒྱུ་ལོང་དུ་བཤང་བ་སྐམ་པོ་ཆགས་པ་དང་། ཐུར་སེལ་རླུང་འཁྲུགས་པ་གཉིས་འདོམས་པ་ལས་མངོན་དུ་གྱུར་བ་ཡིན། སྤྱིར་ཟས་གང་ཟོས་པ་དག་ལོང་གི་ནང་དུ་སླེབས་སྐབས་མྱག་ཞུ་དྭངས་སྙིགས་བྱས་ཟིན་པ་དང་། སྐམ་གཤེར་གཉིས་སུ་འབྱེད་བའི་བརླན་པའི་ཆ་ཡང་ཕལ་ཆེ་བ་ལོགས་སུ་ཕྱེ་ཟིན་པ་ཡིན། ལོང་གི་ནང་དུ་རྫས་རྣམས་བཤང་བའི་ངོ་བོར་གྱུར་ཡོད་ལ་བཤང་བ་ཕྱིར་འཐོན་པར་མཁོ་བའི་གཤེར་བའི་ཆ་ཞིག་བཤང་བ་དང་འདྲེས་ནས་ཡོད་པ་དེ་རྐྱེན་གང་ཞིག་གིས་ཡོངས་སུ་སྐམ་པས་བཤང་བ་མཁྲེགས་པོ་གྱུར་བ་དང་། དེ་བཞིན་ཐུར་སེལ་རླུང་གི་བྱེད་ལས་ཚུལ་བཞིན་གྲུབ་མ་ཐུབ་པ་ལ་བརྟེན་ནས་བཤང་བ་འགགས་པ་ཡིན། དེས་ན་ཐུར་སེལ་རླུང་གི་ངོ་བོ་བྱེད་ལས་སོགས་དང་། དྲི་མ་གང་དུ་སྐམ་པའི་གནས་དང་ནད་གཞི་སོགས་ཀྱི་སྐོར་ཅུང་ཟད་ཞིབ་ཏུ་འཆད་པར།
ཐུར་སེལ་རླུང་། ཁྱད་པར་ཉེས་པ་རླུང་ལ་དབྱེ་བ་རྣམ་པ་ལྔ་ཡོད་པའི་ནང་ནས་ཐ་མ་ཐུར་སེལ་རླུང་དང་ཐད་ཀར་འབྲེལ་ཆེ་སྟེ། ཐུར་སེལ་རླུང་གི་རང་གནས་གཞང་ཡིན་ལ་ཕར་ཚུར་རྒྱུ་བའི་ཡུལ་ནི་ལོང་དང་། ལྒང་པ། ཕོ་མོའི་གསང་གནས། བརླ་ཤ་བཅས་ཡིན། དེའི་བྱེད་ལས་ནི་དྲི་མ་བཤང་བ་དང་གཅིན་པ། དེ་བཞིན་འོག་རླུང་། ཁུ་བ། ཟླ་མཚན། སྦྲུམ་མའི་ཕྲུ་གུ་སོགས་འོག་སྒོ་གཉིས་ནས་འདོན་དགོས་པ་ཚང་མ་ལུས་ནས་ཕྱིར་འབྱིན་པར་བྱེད་པ་ཡིན། དེ་ལྟའི་ཐུར་སེལ་རླུང་འཁྲུགས་པའི་རྒྱུ་རྐྱེན་ནི། ཆབ་ཆེན་དང་། གཅིན། འོག་རླུང་། ཁུ་བ་བཅས་ལུས་ནས་ཕྱིར་འཐོན་བཞིན་པ་དེ་ཤུགས་ཀྱིས་བཀག་པའམ། ཡང་ན་མ་འཐོན་བཞིན་དུ་ཤུགས་ཀྱིས་བཙིར་ནས་འདོན་ཐབས་བྱེད་པས་ཐུར་སེལ་རླུང་འཁྲུགས་ནས་རང་གི་བྱེད་ལས་ཐུར་དུ་མ་སོང་བར་གྱེན་དུ་ལོག་པ་ཡིན། དེའི་རྟགས་སུ། འོག་རླུང་སྟེ་རྟུག་དྲི་ཐོན་དཀའ་བའམ་མི་ཐོན་པ་དང་། ཁྱད་པར་ལོང་གའི་ནང་དུ་བཤང་བ་སྐམ་པ་སོགས་གྱུར་ཅིང་དྲི་མ་ཕྱིར་འབྱིན་མི་ཐུབ་པར་ནང་དུ་བསྒོངས་ཏེ་འགག་པ་ཡིན།
རླུང་འཕེལ་བ། ཉེས་པ་རླུང་གི་ལྡང་ཚད་རང་གི་ལྒང་ཕུག་གང་ཡོད་པར་གསུངས་པ་དེ་ལས་མང་བར་འཕེལ་བའི་སྐབས་སུ་ནད་རྟགས་གཞན་མང་པོ་ཞིག་དང་ལྷན་ཅིག་ཏུ་ལྟོ་བ་སྦོ་བ་དང་བཤང་བ་སྲི་བ་སྟེ་བབ་དཀའ་བ་འགྱུར་བ་ཡིན། ལྷག་པར་ཞུ་གནས་ལོང་ནི་ཉེས་པ་རླུང་གི་གནས་ཡིན་པས་དེར་རླུང་འཕེལ་ཞིང་ཞུགས་པའི་རྟགས་སུ་ཁོང་པ་སྦོ་འཁྲོག་བྱེད་པ་དང་བཤང་བ་འགག་པའི་རྟགས་བྱུང་བ་ཡིན། དེ་བཞིན་ལོང་ནང་ཡོད་པའི་བཤང་བར་རླུང་ཞུགས་པའི་རྟགས་སུ་འོག་རླུང་ཕྱིར་འཐོན་མ་ཐུབ་པར་ནང་དུ་འཁྱིལ་བ་དང་། རྟུག་པ་སྐམ་པར་གྱུར་ནས་བབ་དཀའ་བ་ཡོད།
གནས་དང་ནད་གཞི། དང་པོ་གནས་ཀྱི་ཆ་ནས་ནད་གཞི་འདི་ལ་འཇུ་བྱེད་མ་ལག་གི་ཆ་ཤས་གཙོ་བོ་ཕོ་བ་མཆིན་མཁྲིས་རྒྱུ་ལོང་རྣམས་ཀྱི་ནང་ནས་ཕོ་བ། རྒྱུ་མ། ལོང་ག གཉེ་མ་བཅས་དང་འབྲེལ་ཆེ་བ་ཡོད་དེ། གནས་དེ་དག་ཏུ་ནད་ཞུགས་པའི་རྐྱེན་གྱིས་བཤང་བ་འགག་པ་ཡིན།
དང་པོ་ཕོ་བ་ནི། རོ་དྲུག་དང་ལྡན་པའི་ཟས་སྐོམ་གང་ཟོས་པ་ཐོག་མར་ཕོ་བའི་གནས་སུ་མྱག་ཞུ་དྭངས་སྙིགས་ཕྱེ་དགོས་པས་གལ་ཏེ་མེ་དྲོད་རྣམ་གསུམ་ཚུལ་བཞིན་མེད་པ་ཡིན་ན་ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བའི་ནད་འབྱུང་ས་གཙོ་བོ་ཞིག་ཡིན། མ་ཞུ་བར་རིགས་ཀྱི་དབྱེ་བ་དཔེར་ན་མ་ཞུ་བེ་སྣབས་དང་། མ་ཞུ་བསུད་ནད་གཉིས་ཀྱིས་འོག་རླུང་བཀག་པ་དང་། དྲི་མ་སྐམ་པ་སོགས་འབྱུང་བ་ཡིན།
གཉིས་པ་རྒྱུ་མ་ནི། དེ་ལ་རྒྱུ་འཁྲིལ་ཞེས་རྒྱུ་མ་རླུང་གིས་ཁ་གཅུས་པའི་ནད་དང་། རྒྱུ་འགྱིངས་ཞེས་རྒྱུ་མའི་ནང་བེ་སྣབས་རྒྱས་པ་དང་། དེ་བཞིན་རྒྱུ་འགགས་ཞེས་རྒྱུ་མར་ཁྲག་མཁྲིས་ཚ་བ་ལྷུང་བ་སྨུག་པོའི་ཚ་རྐྱེན་དུ་གྱུར་བ་བཅས་ཀྱིས་དྲི་མ་འགགས་པའམ་འགྱིང་པ་དང་། དྲི་མ་ཤ་བའི་རིལ་མ་འདྲ་བ་དང་། འོག་རླུང་མི་ཐོན་པ་སོགས་ཀྱི་རྒྱུ་བྱེད་པ་ཡིན།
གསུམ་པ་ལོང་ནི། གྲང་སྦོས་ཞེས་ལོང་དུ་རླུང་ཞུགས་པའི་ནད་དང་། གྲང་འགྱིངས་ཞེས་ལོང་དུ་གྲང་བ་ཞུགས་པའི་ནད། ཚ་རྙོངས་ཞེས་ལོང་དུ་ཚ་བ་ཞུགས་པའི་ནད་བཅས་ཀྱིས་གོང་ལྟར་ནད་རྟགས་འབྱུང་བ་ཡིན།
གཞན་ཡང་མཆིན་ནད་དུག་ཐབས་ཀྱི་ནད་དང་། རྒྱུ་ལོང་ལྒང་རྨེན་བཅས་ལ་སྐྲན་ཆགས་པ། གཞང་འབྲུམ་གྱི་ནད། བྱང་ཁོག་ལ་རྩ་དཀར་གྱི་ནད་ཞུགས་པ། བཤང་གཅི་གཉིས་ཤུགས་ཀྱིས་བཀག་པ་སོགས་ལས་བཤང་འགག་ནད་འབྱུང་བ་ཡིན།
དེང་རབས་སྨན་རིག་ནས་གསུངས་པའི་རྒྱུ་རྐྱེན་ཁག
དེང་རབས་སྨན་གྱི་རིག་པ་ནས་གསུངས་པའི་ནད་གཞི་འདིའི་རྒྱུ་རྐྱེན་ཇི་སྙེད་ཅིག་བགྲང་བ་རྣམས་ནས་གནད་བསྡུས་ཤིག་འགོད་པ་ལ།
¨ སྐོམ་ཉུང་བ། སྤྱིར་སྐོམ་ལ་ཆུ་དང་། འོ་མ། ཤིང་ཏོག་ཁུ་བ། ཆང་རིགས་སྣ་ཚོགས་པ་བཅས་ཡོད་ཀྱང་འདིར་ལུས་ལ་དགོས་མཁོ་ཡོད་པ་བཞིན་འདང་ངེས་ཀྱི་ཆུ་མ་འཐུང་བར་གོ་དགོས། ལུས་ལ་ཆུ་ཁམས་ཟད་པའི་སྐྱོན་ནི་ལུས་སྲོག་འཚོ་མི་ཐུབ་ཅིང་སྙིང་ནད་སོགས་བསྐྱེད་པར་འགྱུར་བ་ཡིན། དེ་ལྟར་ལུས་པོའི་ནང་ཆུ་ཉུང་བའི་གནས་སྐབས་སུ་གལ་ཏེ་སྐོམ་མ་འཐུང་བ་ཡིན་ན་ལུས་པོ་རང་ངོས་ཀྱིས་ཆུའི་གུན་གསབ་སླད་དུ་ལུས་ཀྱི་གནས་དང་ཡན་ལག་གཞན་རྣམས་སུ་ཡོད་པའི་བརླན་གཤེར་དག་བེད་སྤྱོད་བྱེད་ནས་ལུས་སྲོག་འཚོ་བའི་ཐབས་བྱེད་པ་ཡིན། དེར་བརྟེན་ཆུ་ཉུང་བའི་སྐབས་རྒྱུ་ལོང་དུ་ཟས་ཀྱི་མྱག་མ་བཤང་བར་འགྱུར་བཞིན་པ་དེའི་ནང་གི་གཤེར་བའི་ཆ་རྣམས་བསྡུས་པའི་རྐྱེན་གྱིས་བཤང་བ་ཡོངས་སུ་སྐམ་ནས་ཕྱིར་འཐོན་དཀའ་བར་འགྱུར་བ་ཡིན།
¨ ཤུགས་བཀག བཤང་བ་འཐོན་གྲབས་བྱེད་པའི་རང་རྒྱུན་གང་ཡིན་པ་དེ་ཐེངས་མང་པོ་དང་ཡུན་རིང་པོའི་བར་ཤུགས་ཀྱིས་བཀག་པ་ཡིན་ན་བཤང་བ་དེ་གཉེ་མའི་ནང་དུ་ཡར་འཛུལ་ནས་རྗེས་སུ་ཕྱིར་འཐོན་དཀའ་བར་གྱུར་སྲིད་པ་ཡིན།
¨ རྩོལ་བཅག་མེད་པ། ལུས་ཀྱིས་བྱ་བ་ཚུལ་བཞིན་བྱེད་ནུས་པར་ངེས་པར་ལུས་པོར་རྩོལ་བཅག་དགོས་པ་ཡིན། དེ་ནི་ལུས་རྩལ་བྱེད་པའམ། གོམ་འགྲོས། ཕྱག་སྐོར་བྱེད་པ་སོགས་གང་ཡང་ཡིན་ཆོག སྐབས་བབ་བཤང་བ་བདེ་བར་འབྱིན་པར་བཤང་ལམ་དུ་བེ་སྣབས་དགོས་པ་དེ་ཡང་ལུས་ཀྱི་རྩོལ་བཅག་ལ་བརྟེན་ནས་འབྱུང་བ་ཡིན་པས། འགུལ་སྐྱོད་མེད་པར་དལ་བར་སྡོད་པ་དེའང་ནད་འདིའི་རྒྱུ་གཅིག་ཡིན།
¨ ཟས་སྐོམ་རིགས། དུད་འགྲོའི་ཤ་ཚིལ་དང་། འོ་མའི་ཐོན་རྫས་རིགས། སྒོ་ང་བཅས་དང་། བཙོ་སྦྱང་བྱས་པའི་ཀ་ར་བཅས་མང་དུ་བསྟེན་པའམ། འབྲུ་རིགས་དང་སྔོ་ཚལ་དང་ཤིང་ཏོག་རིགས་མ་བསྟེན་པ། འཚིག་ཇ་ཀོ་ཕི་དང་ཆང་རག་མང་དུ་བསྟེན་པ་བཅས་ལས་བྱུང་བ་དང་། མི་འགའ་ཞིག་ལ་འོ་མའི་རིགས་ལས་འབྱུང་བའི་ཐོན་རྫས་ཚང་མར་མི་འཕྲོད་པ་ཡོད། དེའི་རྐྱེན་གྱིས་བཤལ་བའམ་ཡང་ན་བཤང་བ་འགག་པ་ཡིན།
¨ ནད་གཞི་གཞན། ལོང་གི་འབྲས་ནད་དང་། གཅིན་སྙིའི་ནད། གྲེ་རྨེན་ནད། (hypothyroidism) རྩ་འདར་གྱི་ནད་ (Parkinsons) བཅས་ལ་བཤང་འགག་གི་རྟགས་སྟོན་པ་ཡིན། གལ་ཏེ་ནད་གཞི་དེ་དག་ལས་བྱུང་བའི་བཤང་བ་འགག་པ་ཡིན་ན་ནད་གཞི་སོ་སོའི་ཁྱད་པར་གྱི་རྟགས་གཞན་ཡང་ཡོད་ངེས། གཞན་ཡང་སེམས་ངལ་ (Stress) རྐྱེན་གྱིས་བཤང་འགག་འབྱུང་བར་བཤད།
¨ སྨན་བྱེ་བྲག་པ། ཡིད་ཞུམ་འགོག་སྨན། (Antidepressants) ལྕགས་ཁམས་སྨན་རིལ། (Iron tablets) བརྒྱལ་གཟེར་འགོག་སྨན། (Anticonvulsant drugs) ཟུག་བཅག་སྨན། (Painkillers) བཟི་ནུས་ལྡན་པའི་སྨན་རིགས། (narcotic-containing drugs) རྒྱུ་ལོང་སོགས་ཀྱི་གླང་ཐབས་འགོག་སྨན། (Antispasmodic drugs) བྲང་ཚ་ཆུ་སྐྱུར་འཇོམས་སྨན། (Antacids) དྲི་ཆུ་འབེབས་སྨན་ (Diuretics) སོགས་ཕྱི་ལུགས་སྨན་སྣ་དེ་དག་བསྟེན་པའི་སྐབས་སུ་བཤང་བ་འགག་པའི་རྒྱུ་རྐྱེན་བྱེད་པ་ཡིན།
¨ བཤལ་སྨན་བསྟེན་དྲགས་པ། བཤང་བ་བདེ་བླག་ཏུ་ཕབ་པའི་སླད་དུ་རྒྱུན་ལྡན་བཤལ་སྨན་བསྟེན་པ་དེ་ངེས་པར་དུ་ཚོད་འཛིན་གནང་དགོས་པ་གལ་ཆེན་པོ་ཡིན། བཤང་བ་འགག་མ་ཐག་ཟས་སྤྱོད་སྤང་བླང་མ་གནང་བར་བཤལ་སྨན་བསྟེན་རྐྱང་གནང་བ་ཡིན་ན་རིམ་པས་བཤང་བ་དབབ་པར་བཤལ་སྨན་ལ་ཡོངས་སུ་བརྟེན་དགོས་པའི་གོམས་གཤིས་ངན་པའི་དབང་དུ་ཚུད་ཉེན་ཡོད། དེ་ཙམ་མ་ཟད་བཤལ་སྨན་གྱི་ཐུན་ཚད་དེའང་རིམ་བཞིན་སྤེལ་དགོས་ཆགས་པ་དང་། གནས་སྐབས་འགའ་ཞིག་ལ་བཤལ་སྨན་བསྟེན་དྲགས་པའི་རྐྱེན་གྱིས་ལུས་པོའི་ནང་བཤལ་སྨན་གྱི་ནུས་པ་དེ་མ་ཟུག་པར་བཤལ་སྨན་ཇི་ཙམ་བསྟེན་ཀྱང་བཤང་བ་དབབ་མ་ཐུབ་པ་གྱུར་བའང་ཡོད།
¨ ན་ཚོད་རྒས་པ། ན་ཚོད་རྒས་པའི་གནས་སྐབས་ནི་ལུས་ཀྱི་སྟོབས་མདངས་དབང་པོ་སོགས་ཀྱི་ནུས་པ་ཉམས་པའི་སྐབས་ཤིག་ཡིན་པ་དང་། ལྷག་པར་རྫས་འགྱུར་བསྡུ་ལེན་གྱི་ནུས་པ་དང་། འཇུ་བྱེད་མ་ལག་གི་ནུས་པ་རྣམས་ཉམས་འགྲོ་བའི་རྐྱེན་གྱིས་རྒས་གྲས་མང་པོ་ཞིག་ལ་བཤང་འགག་གི་དཀའ་ངལ་འཕྲད་བཞིན་ཡོད།
¨ སྦྲུམ་མའི་གནས་སྐབས། མངལ་ཆགས་པའི་སྐབས་སུ་བུད་མེད་ཀྱི་སྐུལ་རྒྱུར་ཁམས་དམར་ཤུགས་དྲག་པོའི་གྱུར་བ་ཕྱིན་པ་དེས་སྦྲུམ་མར་བཤང་བ་འགག་པའི་རྒྱུ་བྱེད་སྲིད་པ་ཡིན། གཞན་ཡང་མངལ་གནས་དེའི་ལུས་འཕེལ་རྒྱས་སུ་འགྲོ་བ་དེ་འཇུ་བྱེད་རྒྱུ་ལམ་ལ་གནོན་ཤུགས་སྤྲོད་པའི་དབང་གིས་ཟས་ལམ་དལ་དུ་གཏོང་ནས་བཤང་བ་འགག་པའང་ཡོད།
¨ གློ་བུར་དུ་ཟས་སྤྱོད་ལ་གྱུར་བ་ཐེབས་པ། རྒྱུན་ལྡན་གྱི་ཟས་སྐོམ་དང་། སྤྱོད་ལམ་བསྟེན་སྟངས་བཅས་ལ་གློ་བུར་དུ་གྱུར་བ་ཐེབས་པ་ནི། དཔེར་ན། ས་གནས་དང་ཡུལ་ཕྱོགས་གཞན་དུ་སླེབས་པའི་སྐབས་རྒྱུན་ལྡན་གྱི་ཁ་ཟས་དང་སྐོམ། དེ་བཞིན་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་སོགས་ལ་འགྱུར་བ་ཕྱིན་པ་དེས་དྲི་མའི་རང་བཞིན་གྱི་རྒྱུན་དེ་ལའང་དོ་ཕོག་ཏུ་སོང་ནས་འགག་པ་ཡིན།
གསུམ་པ། དབྱེ་བ།
བོད་ཀྱི་གསོ་བ་རིག་པའི་ནང་དུ་ནད་འདི་ལ་དབྱེ་བ་རྣམ་པ་ལྔ་ཡོད་པ་བཤད་ཡོད། དེ་ཡང་། རླུང་དང་། མཁྲིས་པ། བད་ཀན། སྲིན། ཐུར་སེལ་རླུང་ལོག་པ་བཅས་ཡིན། ཕྱི་ལུགས་ནས་ཀྱང་དབྱེ་བ་འགའ་ཞིག་བཞག་ཡོད་ཀྱང་འདིར་སྤྲོས་པ་བྱས་པ་དགོས་མཁོ་ཆེར་མ་མཐོང་བས་དེ་ཙམ་གྱིས་འཐུས་པར་བྱ་རྒྱུ།
བཞི་པ། ནད་རྟགས།
* ཕོ་བ་འཁྲོག་པ། ཕོ་བའི་ནང་རླུང་འཕེལ་ནས་ཆེས་ཆེར་སྐྲངས་པ་ལྟར་སྦོ་བ།
* སྤྱིར་བཤང་བ་འཐོན་མི་ཐུབ། གལ་ཏེ་ཕབ་ཀྱང་སྐམ་ལ་མཁྲེགས་པ་རིལ་རིལ་སོ་སོ་བ་འབབ་པ།
* རྒྱུ་ཞབས་ཏེ་རྒྱུ་སྨད་ཕྱོགས་སུ་གཟེར་ཞིང་འདྲིལ་སྙམ་བྱེད་པ།
* བཤང་བ་འགགས་པས་ཕོ་བ་དང་རྒྱུ་ལོང་རྣམས་ལྕི་བ་ཚོར་བ།
* ཐུར་སེལ་རླུང་དེ་ལམ་ལོག་པར་ཞུགས་པས་གྱེན་རྒྱུའི་རླུང་ཀྱང་འཁྲུགས་ཏེ་སྒྲེགས་པ་ཐོན་པ།
* གཞང་ལ་ཟ་ཕྲུག་ལངས་ཤིང་ན་ཟུག་གཏོང་བ་ནི། བཤང་བ་གཏོང་བའི་སྐབས་སམ་ཤུགས་ཀྱིས་བཙིར་བའི་སྐབས་བཤང་ལམ་ཁ་ལ་ཐད་ཀར་གནོན་ཤུགས་སྤྲད་པས་མཁྲིས་སྲིན་འཁྲུགས་ནས་ཟ་འཕྲུག་ལང་བ་ཡིན། གནས་དེར་ན་ཟུག་ལྡང་དུབ་བྱེད་པ་དེའང་སྲིན་འཁྲུགས་པའི་སྐབས་ཟུག་ལང་ཞིང་ཞི་བའི་སྐབས་འཇམ་པ་ཡིན།
* འོག་རླུང་མི་ཐོན་པ།
གཞན་ཡང་རྟགས་འགའ་ཞིག་ཡོད་པ་ནི།
ནད་གཞི་འདི་དང་ཐད་ཀར་འབྲེལ་བའི་ཐུར་སེལ་རླུང་འཁྲུགས་པའི་རྟགས་དང་། བཤང་བ་དང་འོག་རླུང་ཤུགས་ཀྱིས་བཀག་པའི་རྟགས་དང་། དྲི་མ་བཤང་བ་འཕེལ་བའི་རྟགས་རྣམས་རིམ་བཞིན་འགོད་པར།
* དཔྱི་མིག་དང་མཚང་རའི་རུས་པའི་གནས་སུ་ན་བ་ཡིན།
* ཡན་ལག་གི་ཚིགས་རྣམས་ལྷོད་པར་གྱུར།
* བཤང་གཅི་དང་འོག་རླུང་འཐོན་མི་ཐུབ་པར་འགག་པ།
* ཐུར་སེལ་རླུང་ལྡོག་ཕྱོགས་ཀྱི་ལས་བྱེད་པ་ལས་ཁ་རུ་མི་གཙང་བའི་དྲི་བྲོ་བ་ཡིན།
* ཀླད་པ་ན་བ་ཡིན།
* རྐང་ལག་གཉིས་ཀྱི་ཉྭ་འགྱུར་སླ་བ་ཡིན།
* རྩ་དབུ་མའི་རྒྱུན་ལ་དྲི་ངན་ཞུགས་པ་ལས་ཆམ་པ་ཕོག་པ་ཡིན།
* རྟུག་པའམ་བཤང་བ་སྐམ་པར་གྱུར།
* མིག་གི་མཐོང་ཤུགས་ཉམས་ཏེ་གསལ་ཆ་མེད་པ།
* འཇུ་བྱེད་ཀྱི་ནུས་པ་ཉམས་པས་ལུས་དྲོད་ཆུང་།
* སྙིང་ནད་ཕོག་པ།
* ལུས་ལྕི་བ་སྟེ་འཕྲལ་དུ་སྐྱོད་དཀའ་བར་འབྱུང་།
* ལྟོ་བ་སྦོ་བ།
* རྒྱུ་མ་གཟེར་ཅིང་ཁྲུག་ཁྲུག་ཅེས་པའི་སྐད་འབྱུང་བ་བཅས་སོ།།
དེང་རབས་སྨན་རིག་ལས་བྱུང་བའི་ནད་རྟགས་ཁག
* བཤང་བ་སྐམ་ལ་མཁྲེགས་པ་རྡོག་རྡོག་འཐོན་དཀའ་བ་ཡོད།
* ལྟོ་བ་སྦོས་ཤིང་གཟེར་བ།
* ཟས་ཀྱི་དང་ག་ཞན་པ།
* རྒྱུ་ལོང་ངམ་གཉེ་མའི་ནང་དུ་བཤང་བ་ཕྱིར་འཐོན་མ་བཅུག་པར་བཀག་པའི་ཚོར་སྣང་འབྱུང་།
* གཉེ་མ་ནས་བཤང་བ་ཕྱིར་གཏོང་མ་ཐུབ་པའི་ཚོར་བ།
* བཤང་བ་ཕྱིར་འདོན་པར་ཁོག་སྨད་ཕྱོགས་སུ་ལག་པས་བཙིར་བ་དང་། བཤང་ལམ་དུ་མཛུབ་མོ་བཅུག་ནས་ཆབ་ཆེན་འདོན་ཐབས་ཀྱི་གནས་སྐབས་མངོན་དུ་གྱུར་བ།
* བདུན་ཕྲག་གཅིག་ནང་བཤང་བ་ཐེངས་གསུམ་ལས་ཉུང་བ་ཕབ་པ།
* བཤང་བ་འདོར་བའི་བྱ་བ་དེ་ཤ་ཐང་ཆད་པའི་ཚོར་སྣང་བྱུང་བ།
* ལུས་ཁམས་སྒྱིད་ལུག་པ་ཏེ་ཉོབ་ཏོ་ཆགས་པ་བཅས་སོ།།
ལྔ་པ། སྔོན་འགོག་ཐབས་ལམ།
ནད་རིགས་སྔོན་འགོག་ཅེས་པ་ནི་ནད་གཞི་གང་ཡང་རུང་བ་ཞིག་དངོས་སུ་མ་ཕོག་པའམ་གསོག་ལྡང་མ་བྱུང་བའི་སྔོན་དུ་གཙོ་བོ་ཟས་སྤྱོད་གཉིས་ཀྱི་སྤང་བླང་ཚུལ་དང་མཐུན་པར་བསྟེན་པའི་སྒོ་ནས་འགོག་ཐབས་བྱེད་པ་ཞིག་ལ་གོ་བ་ཡིན། འོ་ན་ནད་རིགས་ཐམས་ཅད་ཅིག་ཅར་དུ་འགོག་པའི་ཐབས་ལམ་ཇི་ལྟ་བུ་ཡོད་དམ་སྙམ་ན། དཔལ་ལྡན་རྒྱུད་བཞིའི་དགོངས་པར་དེ་ལྟར་ཡོད་སྲིད་པ་ཞིག་གསུངས་ཏེ། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང་། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །ཞེས་རྐྱེན་དེ་གང་ཞེ་ན། དུས་དང་། གདོན། ཟས། སྤྱོད་ལམ་བཅས་བཞི་ཡིན། དུས་དམན་པའམ་ལྷག་པའམ་ལོག་པ་དང་། གདོན་གློ་བུར་བ་གཉིས་ལ་སྟངས་འཛིན་བྱེད་ཐབས་དེ་རང་ཅག་མི་བྱེ་བྲག་པའི་རང་དབང་དུ་ཡོད་པ་མ་ཡིན་ཞེས་འགའ་ཞིག་གིས་གསུང་བཞིན་ཡོད་ཀྱང་རྣམ་པ་ཐམས་ཅད་དུ་དེ་ལྟར་མ་ངེས་ཏེ་དེང་རབས་ཀྱི་འགྲོ་བ་མི་ཁོ་ནའི་འདོད་རྔམ་གྱིས་དྲངས་པའི་བྱ་སྤྱོད་ལས་དུས་དམན་ལྷག་གི་དོན་རྐྱེན་ལོ་རེ་བཞིན་ཇེ་གསལ་འགྱུར་བཞིན་པ་དང་། གདོན་འཁྲུགས་པའི་རྐྱེན་ཡང་མི་དགེ་བའི་ལས་མང་སྤྱད་པ་དང་གདོན་ལ་ཕོག་ཐུག་གཏོང་བའི་སྤྱོད་ལམ་ལས་བྱུང་བ་གསོ་བ་རིག་པའི་རྒྱུད་དུ་གསུངས་པ་ལྟར་བདེན་པ་ཡིན་ན་ཐམས་ཅད་གཞན་འབའ་ཞིག་ལ་ཁག་དཀྲི་པ་ནོངས་སོ། །འོན་ཀྱང་ཟས་དང་སྤྱོད་ལམ་ནི་སློང་རྐྱེན་གཙོ་བོ་གཉིས་ཡིན་པ་མ་ཟད། སོ་སོས་འབད་བརྩོན་བྱེད་ན་སྤང་བླང་བྱེད་ཐུབ་པ་ཞིག་ཡིན་པས། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ཞེས་གདམས་པ་ལྟར་སྐབས་བབ་དང་པོ་ནད་གཞི་འདིའི་སྔོན་འགོག་དང་འབྲེལ་བའི་དོན་གནད་འགའ་ཞིག་ཞུ་བར།
ཐུར་སེལ་རླུང་ལ་དོ་ཕོག་མ་ཐོང་།
བཤང་བ་འགག་པའི་དཀའ་ངལ་ཡོད་པ་རྣམས་ནས་ཐུར་སེལ་རླུང་དེ་དམིགས་བསལ་བཀའ་གཉན་པོར་བཟུང་དགོས། དེ་འཁྲུགས་པའི་རྒྱུ་རྐྱེན་གཙོ་ཆེ་ཤོས་དེ་ཐུར་སེལ་རླུང་གི་རང་བཞིན་གྱི་བྱ་བར་ཐེ་གཏོགས་བྱས་པ་ལས་བྱུང་བ་ཡིན་ཏེ། བཤང་བ་དང་། གཅིན་པ། འོག་རླུང་། ཁུ་བ་སོགས་འོག་སྒོ་གཉིས་ནས་སོ་སོར་འཐོན་པའི་རྒྱུན་དེར་ཨ་ལོང་ཁ་ནས་ཤུགས་དྲགས་ཀྱིས་ཡུན་རིང་བཀག་པའམ། ཡང་ན་དེ་དག་གནས་སྐབས་མ་འཐོན་རུང་ནན་གྱིས་བཙིར་ནས་དུས་མིན་གཏོང་ཐབས་བྱེད་པའི་སྤྱོད་ལམ་ལོག་པའི་རྐྱེན་གྱིས་ཐུར་སེལ་རླུང་འཁྲུགས་པ་ཡིན། དེ་འཁྲུགས་པས་ནད་རྟགས་གཞན་ཁག་གཅིག་དང་ལྷག་པར་བཤང་གཅི་གཉིས་ཀྱི་རྒྱུན་ཡང་འགག་པ་ཡིན་པས་ཐུར་སེལ་རླུང་འཁྲུགས་པའི་སྤྱོད་ལམ་དེ་དག་བསྟེན་རྒྱུ་མེད།
རླུང་ནད་སྤྱི་ལ་དགོངས་པ་བཞེས།
ཉེས་པ་རླུང་འཕེལ་བའི་ཟས་སྐོམ་དམིགས་བསལ་རོ་ཁ་བ་སྟེ། ཀ་རེ་ལ་དང་། ཁུར་མང་། རྒྱ་ཁུར། སྒ་སེར། ཚིག་ཇ་ཀོ་ཕི་སོགས་དང་། དེ་བཞིན་ཇ་གར་པོ། ར་དང་ཕག་ཤ ཟས་བཅུད་མེད་པའི་ཞལ་ཏོག་རིགས། ཡང་ན་ཁ་ཟས་ཅི་ཡང་མ་ཟོས་པར་ཡུན་རིང་སྨྱུང་བར་གནས་པ། མཚོན་སོགས་ཀྱིས་རྨས་པའམ་ཟླ་མཚན་སོགས་ཁྲག་མང་དུ་འཛག་པ། འཁྲིག་པ་སྤྱད་དྲགས་པ། སྐད་ཆ་བཤད་དྲགས་པ། མྱ་ངན་དང་སེམས་སྡུག་སོགས་སེམས་ལས་མང་དྲགས་པ། ས་རླན་པའི་སྟེང་འདུག་དྲགས་པ། ཆུ་གྲང་བསིལ་འཐུང་དྲགས་པ་དང་། ཁྱད་པར་དུ་བཤང་གཅི་འོག་རླུང་ཁུ་བ་སོགས་ཤུགས་ཀྱིས་བཀག་པའམ་བཙིར་བ་སོགས་ལས་རླུང་ནད་ལྡང་བར་བྱེད་པ་ཡིན་ན་རྒྱུ་རྐྱེན་དེ་དག་ཚོད་འཛིན་གནང་དགོས་པ་གལ་ཆེ། གོང་གི་ཐུར་སེལ་རླུང་དེ་རླུང་གི་བྱེ་བྲག་དབྱེ་བ་ཞིག་ཡིན་པ་དང་། ལོང་ག་དེ་ཡང་རླུང་གི་གནས་ཡིན་པས་རླུང་ནད་འཕེལ་ཟད་འཁྲུགས་པར་གྱུར་བའི་སྤྱོད་ལམ་དེ་དག་ལ་འཛེམ་ཟོན་གནང་དགོས།
ཁ་ཟས་ཀྱི་རོའི་ཁྱད་པར།
ཟས་སྐོམ་གང་ཡང་རྩ་བའི་རོ་དྲུག་ནང་མ་བསྡུས་པ་མེད། དེ་ཡང་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་བཅས་ཡིན། དེའི་ནང་ནས་ནད་གཞི་འདི་ལ་རླུང་ནད་འཕེལ་བའི་རོ་ཁ་བ་ (Bitter) དང་། དེ་བཞིན་མཁྲིས་པ་སེལ་བའི་རོ་བསྐ་བ་ (Astringent) གཉིས་བསྟེན་དྲགས་པ་ཡིན་ན། རོ་ཁ་བའི་ཟས་སྐོམ་རིགས་ཀྱིས་བཤང་གཅི་གཉིས་རང་གནས་སུ་སྐེམ་པར་བྱེད་པ་དང་། རོ་བསྐ་བས་བཤང་བ་འབབ་མི་ཐུབ་པར་སྲི་བ་དང་། ལྟོ་བ་སྦོ་བ། བཤང་ལམ་འགག་པར་བྱེད་པ་ཡིན། དེར་བརྟེན་རོ་ཁ་བ་དང་བསྐ་བའི་ཟས་སྐོམ་རིགས་བསྟེན་དྲགས་རྒྱུ་མེད། ཡང་། བཤང་འགགས་ནད་པས་ཟས་སྐོམ་གྱི་རོ་ཤས་ཆེ་གང་བསྟེན་དགོས་ཞེ་ན། རོ་སྐྱུར་བ་ (Sour) དེའང་མང་ཉུང་འཚམ་པར་བསྟེན་པས་ཐུར་སེལ་རླུང་གི་རྒྱུ་ལམ་འགགས་པ་སེལ་བའི་ནུས་པ་ཡོད་པ་དང་། དེ་བཞིན་རོ་ལན་ཚྭ་ (Salt) ཡིས་བཤང་བ་འགགས་པ་དེ་བདེ་བར་འབྱིན་ནུས་པ་ཡིན། དེ་ལྟར་རོ་ཁ་བ་དང་བསྐ་བ་གཉིས་ལ་འཛེམ་བྱ་གནང་རྒྱུ་དང་། དེ་ལས་རོ་སྐྱུར་བ་དང་ལན་ཚྭ་བ་གཉིས་རན་པར་བསྟེན་དགོས།
མ་ཞུ་བའི་ཟས་རིགས་ལ་དོ་སྣང་དགོས།
བཤང་གཅི་གཉིས་ཀྱི་རྒྱུ་ནི་ཟས་སྐོམ་གཉིས་ལས་མ་འདས་པས་ཟས་སྐོམ་གང་བསྟེན་པ་ལེགས་པར་འཇུ་དགོས་པ་གནད་འགག་ཡིན། ཟས་མ་ཞུ་བ་ནི་ཁོང་ནད་ཐམས་ཅད་ཅེས་ནད་གཞི་ཚབས་ཆེན་ཕལ་མོ་ཆེའི་གཞི་རྩ་ཡིན་ན། མ་ཞུ་བ་བྱུང་སྐབས་གཙོ་ཆེར་དོན་གནད་ཁག་བཞི་ལ་ཐུགས་བསམ་བཞེས་དགོས། དང་པོ་རང་ཉིད་ཉེས་པ་རླུང་གི་རྟེན་ཅན་ན་ཚོད་རྒས་པའམ། བད་རླུང་རང་བཞིན་ཅན་ཕོ་བའི་མེ་དྲོད་ཆུང་བས་ཟས་སྐོམ་གང་བསྟེན་ཡང་མ་ཞུ་བ་གྱུར་བ་དང་། གཉིས་པ་མེ་དྲོད་ཆུང་བ་མེད་ཀྱང་། དེ་སྔ་ཁྱོན་ནས་ཟ་མ་མྱོང་བའི་ཁ་ཟས་ཤིག་གློ་བུར་དུ་མང་པོ་ཟ་བ། དེ་བཞིན་ནམ་ཕྱེད་ལྟ་བུ་ཟས་ཀྱི་དུས་མ་ཡིན་པའི་གནས་སྐབས་སུ་ཟོས་པས་མ་གོམས་པའི་དབང་གིས་མ་ཞུ་བ་གྱུར་བ་དང་། གསུམ་པ་ཟས་ཀྱི་ངོ་བོ་དང་ནུས་པ་སོགས་མི་འཕྲོད་པ་གཉིས་ལྷན་དུ་བསྟེན་པས་མ་ཞུ་བ་གྱུར་བ་དང་། བཞི་པ་ཟས་ཀྱི་ངོ་བོ་འཇུ་དཀའ་བའི་རིགས་དཔེར་ན་འབྲུ་གསར་པ་དང་། ཤ་རིད་པ། ཚིལ་སྣུམ། རྗེན་པའི་རིགས། ཟས་ཚོད་མེད་པར་ཟོས་པ་ལས་མ་ཞུ་བ་འབྱུང་བ་ཡིན།
* དང་པོ། ཕོ་བའི་མེ་དྲོད་སྲུང་བར་ཐོག་མར་རང་གི་ཕོ་བའི་མེ་དྲོད་ཆེ་བའམ་ཆུང་བ་སོགས་གང་ཡིན་པ་དང་། ཟས་ཀྱི་ངོ་བོ་ལྕི་ཡང་གཉིས་ལ་དཔགས་ཏེ་ཡང་ཞིང་འཇུ་སླ་བ་སྐམ་སའི་ནས་ཀྱི་རྩམ་པ་སོགས་ལྟོ་བ་འགྲངས་པར་ཟོས་ན་སྐྱོན་མེད། བཅུད་ཆེ་བ་དང་སྣུམ་རྩི་ཆེ་བ་སོགས་འཇུ་དཀའ་བའི་རིགས་རྒྱགས་ཚད་ཟ་རྒྱུ་མེད། གང་ལྟར་ཁ་ཟས་མ་ཟོས་པའི་སྔོན་ལ་གྲོད་ཁོག་ལྟོགས་ལྷང་ལྷང་བྱུང་ན་སྔོན་མའི་ཟས་རྣམས་ལེགས་པར་ཞུ་ཟིན་པ་ཡིན། དེ་ནས་དུས་ཐོག་ཏུ་ཟས་ཚོད་མང་ཉུང་རན་པར་ཟོས་པས་མེ་དྲོད་སྲུང་ཞིང་སྐྱེད་པར་བྱེད་པ་ཡིན།
* དེ་ནས་ཕོ་བའི་མེ་དྲོད་ལ་སྐྱོན་མེད་ཀྱང་མ་གོམས་པའི་ཟས་སྐོམ་རིགས་ཉུང་ཤས་ནས་འགོ་ཚུགས་ཏེ་རིམ་པས་ཆ་སྐྱེད་དགོས།
* དེ་བཞིན་རང་བཞིན་དང་། ངོ་བོ། ནུས་པ་སོགས་མི་འཕྲོད་པའི་ཟས་རིགས་དཔེར་ན་འོ་མ་དང་ཉ་ཤ་གཉིས། བྱའི་སྒོ་ང་དང་ཉ་ཤ་གཉིས་སོགས་མཉམ་དུ་ཟོས་པ་ལྟ་བུ་ཟས་དུག་ཏུ་གྱུར་བའི་རང་བཞིན་གང་ཡིན་པ་ནམ་ཡང་ལྷན་དུ་བསྟེན་རྒྱུ་མེད།
* ཐ་མ་ཟས་ཀྱི་ངོ་བོ་འབྲུ་གསར་པའི་རིགས། འོ་མ་མ་བསྐོལ་བ། ཟས་མ་ཚོས་པ། རྗེན་པ། ཚོས་ཀྱང་འཚིག་པ། ཟས་རྙིང་པ། ཟས་དུས་ཐོག་ལ་མ་བཞེས་པར་ལྟོགས་དྲག་པ། ཟས་ཚོད་མེད་པ་ཟོས་པ་སོགས་ཀྱིས་མ་ཞུ་བ་གྱུར་བ་དང་། དེ་དག་གིས་མཐར་བཤང་བ་འགག་པའི་རྒྱུ་བྱེད་པ་ཡིན་ན་ཟས་སྐོམ་ཞེས་སྲོག་འཚོ་བའི་མཐུན་རྐྱེན་དེ་སྲོག་འཇིག་པའི་འགལ་རྐྱེན་དུ་མ་གྱུར་བར་དོ་སྣང་བྱེད་དགོས་པ་གལ་ཆེ།
རྒྱུ་ལོང་གཉིས་ལ་བདག་གཅེས་དགོས།
རྒྱུ་ལོང་གཉིས་ཀྱི་ནད་ཕལ་ཆེ་བ་ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ལས་བྱུང་བས་ན་དམིགས་བསལ་གྱི་ཟས་སྤྱོད་ལ་དོ་སྣང་དགོས་ཏེ། དེ་ཡང་སྔར་བཤད་པའི་རང་གི་ཁམས་ལ་མི་འཕྲོད་པའི་ཁ་ཟས་མཐའ་དག་དང་། དེ་བཞིན་འཇུ་དཀའ་བའི་རིགས། ཟས་འཇུ་སླ་བ་ཡིན་དུ་ཆུག་ཀྱང་ཚོད་མེད་པར་ཟོས་པ། དེ་ཡང་ཉིན་གཅིག་ལ་ཁ་ཟས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པའམ་ཡང་ཡང་ཟོས་པ། དགོང་ཟས་དེ་ཕྱིས་པོ་དང་མང་བར་ཟོས་པ། ཤུགས་ལས་སམ་ཉི་མའི་གུང་ལ་དྲག་ཤུལ་བྱས་རྗེས་ཆུ་གྲང་མོ་མང་དུ་འཐུང་བ་དང་། ཟས་རྙིང་པའི་རིགས་དང་། འཁྱག་སྒམ་ནང་དུ་ཡོད་པའི་ཟས་སྐོམ་སྣ་ཚོགས་ཡུན་རིང་ལོངས་སྤྱད་དྲགས་པ། ཆུ་གྲང་མོའི་ནང་དུ་ཡུན་རིང་ཞུགས་ནས་ལུས་འཁྱག་ཏུ་བཅུག་པ། ཡང་ན་ནམ་དུས་ལ་མ་ལྟོས་པར་གོས་སྲབ་མོ་གྱོན་པ། ཆུའི་ནང་ཞུགས་པའི་ལས་མང་དུ་བྱེད་པ་སོགས་ཀྱིས་རྒྱུ་ལོང་གི་ནད་ཕལ་ཆེ་བ་སྐྱེད་པའི་རྐྱེན་བྱེད་པ་ཡིན་ན་དེ་དག་ལ་ངེས་པར་དུ་འཛེམ་ཆ་གནང་དགོས་པ་ཡིན་ནོ།།
བཤང་བ་དུས་ཐོག་དབབ་པའི་ཐབས་ལམ།
ཉིན་ལྟར་ཁ་ཟས་རྣམས་དུས་ཚོད་ངེས་ཅན་ལ་བསྟེན་དགོས་པ་ལས་སྔ་ཕྱི་དྲག་རྒྱུ་མེད་པ་གལ་ཆེ། ཁ་ཟས་རྣམས་མང་ཉུང་གོང་དུ་བཤད་པ་ལྟར་རང་གི་ཕོ་བའི་མེ་དྲོད་དང་ཟས་ཀྱི་ངོ་བོ་སོགས་ལ་གཞིགས་ནས་བསྟེན་དགོས་པ་མ་ཟད་ཁ་ཟས་སྣེ་གྲངས་འཛོམས་པོ་བསྟེན་ན་དགེ་མཚན་ཆེ་བ་ཡོད། ཟས་ཟོས་པའི་སྐབས་སུ་ཁའི་ནང་ཞིབ་མོར་ལྡད་དགོས། དེས་ཕོ་བའི་ནང་འཇུ་སླ་བ་ཡོད། ཟས་ཟོས་རྗེས་སུ་ཆུ་མང་ཉུང་རན་ཙམ་འཐུང་དགོས་པ་དང་། ལྷག་པར་དགོང་མོའི་ཞལ་ལག་དེ་དུས་རྒྱུན་ནས་ཕྱིས་མ་དྲག་པར་སྔ་ཙམ་བཞེས་ན་བཟང་བ་ཡོད། མཐར་དགོང་ཟས་གྲུབ་རྗེས་ཚུ་ཚོད་ཕྱེད་ཙམ་རིང་འཆམ་འཆམ་ཕེབས་པ་ཡིན་ན་ཁ་ཟས་འཇུ་སླ་བ་ཡོད་ལ་དེ་ནི་བཤང་བ་དུས་ཐོག་ལ་འབབ་པའི་ཐབས་ཤེས་བཟང་པོ་ཞིག་ཀྱང་ཡིན།
དེང་རབས་སྨན་རིག་ལུགས་ཀྱི་སྔོན་འགོག་བྱ་ཐབས།
སྤུ་རྐང་ཅན་གྱི་ཟས་རིགས་བསྟེན་དགོས།
སྤུ་རྐང་ (Dietary Fiber) ཞེས་པ་ནི་ཤིང་ཏོག་དང་སྔོ་ཚལ་འབྲུ་རིགས་བཅས་ཀྱི་ནང་ཡོད་པའི་རྩ་རྒྱུད་རྩུབ་པོའི་རྒྱུ་རྫས་ཞིག་ཡོད་པ་དེ་ལ་ཟེར་བ་ཡིན། དེ་ལའང་བཞུ་རུང་བ་དང་མ་རུང་བའི་རྫས་རིགས་དབྱེ་བ་གཉིས་ཡོད་པ་གཉིས་ཀ་འཕྲོད་བསྟེན་ལ་ངེས་པར་མཁོ་བ་ཡིན། ཟས་རིགས་ནང་དུ་ཡོད་པའི་སྤུ་རྐང་དེ་སྐྱེ་དངོས་རྩི་ཤིང་ལས་བྱུང་བ་མ་གཏོགས་ནམ་ཡང་དུད་འགྲོའི་ཐོན་རྫས་ལས་བྱུང་བ་མེད། གཤེར་རྫས་ནང་མ་བཞུ་བའི་སྤུ་རྐང་དེ་འཇུ་བྱེད་མ་ལག་ནང་དུ་སྙིགས་མའི་ཁམས་ཀྱི་བོངས་ཚད་འཕེལ་དུ་བཅུག་ནས་བཤང་བ་དུས་ཐོག་ཏུ་འབེབས་ཤིང་བཤང་འགག་ནད་གཞི་སྔོན་འགོག་ཐུབ་པའི་གྲོགས་ཀྱང་བྱེད་པ་ཡིན། བཞུ་རུང་བའི་སྤུ་རྐང་དེ་བཤང་བའི་ངོ་བོ་སྙི་བར་བཟོས་ནས་རྒྱུ་ལོང་ནང་འགྲོ་བདེ་བ་ཡོད་པ་མ་ཟད་རྒྱུ་མའི་ནང་ཕན་ཐོགས་ཆེ་བའི་ཕྲ་སྲིན་འབོར་ཚད་འཕེལ་དུ་བཅུག་པ་ཡིན། སྤུ་རྐང་ཡོད་པའི་ཟས་རིགས་དེ་བསྟེན་པས་སྙིང་ནད་དང་། གཟའ་གྲིབ། གཅིན་སྙི་ནད། དེ་བཞིན་བཤང་འགག་ནད་ལ་ལྷག་པར་ཕན་ཐོགས་ཆེན་པོ་ཡོད་པ་མངོན་གསལ་བྱུང་ཡོད། སྤུ་རྐང་ཡོད་པའི་ཟས་རིགས་གཅིག་ཁོ་ན་ལས་ཟས་རིགས་སྣ་ཚོགས་བསྟེན་པ་བཟང་བ་ཡོད། དེ་ཡང་ཤིང་ཏོག་དང་། སྔོ་ཚལ། འབྲུ་རིགས་བཅས་ཀྱི་ནང་སྤུ་རྐང་མང་བར་ཡོད་པས་ཁྱེད་ཀྱི་བཟའ་ཆས་ནང་དེ་དག་ངེས་པར་ཚང་དགོས།
* དེ་ཡང་ཤིང་ཏོག་སྐམ་པོའི་ནང་དུ་དམིགས་བསལ་སྤུ་རྐང་མང་བར་ཡོད་དེ། རྒུན་འབྲུམ་སྐམ་པོ། (Raisin)པ་ལམ་སྐམ་པོ། (Prune)སེ་ཡབ། (Fig)ངང་ལག (Banana)ཀུ་ཤུ། (Apple)ཚ་ལུ་མ། (Orange)འབྲི་ཏ་ས་འཛིན། (Strawberries)ཀཎྚ་ཀ་རི། (Raspberry) ཨཱམ། (Mango)པར་སི་མོན། (persimmon)ཨམ་རུད་ (Guava)བཅས་སྤུ་རྐང་མང་ཉུང་ཡོད་པའི་ཤིང་འབྲས་དེ་དག་དང་།
* སྔོ་ཚལ་ནང་དུ་རྒྱུན་ལྡན་སྔོ་ཚལ་ཁ་དོག་ཇི་ཙམ་ནག་ཤས་ (Dark)ཆེ་བ་ཡོད་པ་དེ་ཚོད་ཀྱི་སྤུ་རྐང་ཚད་གཞི་མང་བ་ཡོད་དེ། གོང་ལ་ཕུག (Carrot)ཉུང་དམར། (Beetroot)ཐེའུ་པད་ཚལ། (Broccoli)དོ་བའི་ཏོག་མ། (Artichoke)སོགས་དང་།
* དེ་བཞིན་རྒྱ་སྲན་ (Broad bean) རིགས་ཇི་སྙེད་ཡོད་པ་ཚང་མའི་ནང་སྤུ་རྐང་ཁེངས་ཡོད་པ་དང་། གང་བུ་ཅན་གྱི་འབྲུ་རིགས་ནང་དུ་སྲན་མ། (Peas)མོན་སྲན་གྲེའུ། (Soybean)སྲན་ཆུང་ (Lentil) རིགས་སོགས་གང་ཡོད་པ་རྣམས་བསྟེན་དགོས་པར་གསུངས་སོ།།
ཐུགས་སྣང་དགོས་པ།
འོན་ཀྱང་སྤུ་རྐང་ཡོད་པའི་ཟས་རིགས་དེ་དག་གློ་བུར་དུ་བོངས་ཚད་མང་པོ་བསྟེན་པ་ཡིན་ན་མ་ཞུ་བའི་ནད་རྟགས། ཁོང་པ་སྦོ་བ་དང་། འོག་རླུང་འཕེལ་བ། རྒྱུ་ལོང་གླང་ཐབས་ན་བ་བཅས་བྱུང་སྲིད་པ་ཡིན་པས་ངེས་པར་ཉུང་ཤས་ནས་འགོ་བརྩམས་ཏེ་གོམས་ཐབས་བྱེད་དགོས་པ་གལ་ཆེན་པོ་ཡིན།
སྐོམ་མང་དུ་འཐུང་དགོས།
སྐོམ་མང་ཉུང་ཇི་ཙམ་འཐུང་བའི་ཚད་གཞི་ནི་རྐྱེན་མང་པོ་ཞིག་ལ་རག་ལས་པའི་ནང་ནས་གཙོ་ཆེ་ཤོས་དེ་གནམ་གཤིས་ཡིན། ཚ་བའི་དུས་སུ་སྤྱིར་བཏང་ནས་སྐོམ་མང་དུ་འཐུང་དགོས། རྒྱུན་ལྡན་དུ་ཉིན་ཞག་གཅིག་གི་ནང་སྐོམ་ལི་ཊར་ (Litre) གཉིས་ཙམ་འཐུང་དགོས་པ་བཤད་ཡོད་ཀྱང་བཤང་འགག་སྐབས་དེ་ལས་མང་བར་འཐུང་དགོས། གོང་གི་སྤུ་རྐང་ཡོད་པའི་ཟས་རིགས་དེ་རྒྱུ་ལོང་ནང་དུ་བྱ་བ་ཚུལ་བཞིན་བྱེད་ཐུབ་པར་ངེས་པར་སྐོམ་ལ་བརྟེན་པས་སྐོམ་ཉུང་དྲགས་རྒྱུ་མེད། སྤུ་རྐང་ཡོད་པའི་ཟས་རིགས་དེ་ཡིས་རྒྱུ་ལོང་ནང་གི་ཆུ་ཁམས་འཐིམ་པར་བྱས་ནས་སྙིགས་མ་འཕེལ་བར་བྱེད་པ་ཡིན། དེ་ལས་བཤང་བ་སྙི་བར་གྱུར་ནས་ཕྱིར་འཐོན་སླ་བ་ཡོད། གལ་ཏེ་སྐོམ་འཐུང་རྒྱུ་ཉུང་དྲག་པ་ཡིན་ན་ཕན་པ་ལས་གནོད་ཆེ་བ་ཡོད།
ལུས་རྩལ་ལ་སྒྱིད་ལུག་མ་གནང་།
ལུས་རྩལ་བྱེད་པ་དེ་བཤང་བ་ཕབ་པར་སྐུལ་འདེད་གཏོང་བ་ཡིན། འོན་ཀྱང་ལུས་རྩལ་རན་པོ་བྱེད་པ་ལས་ཤུགས་དྲག་པོ་གནང་རྒྱུ་མེད། གལ་ཏེ་ལུས་རྩལ་ཤུགས་དྲག་པོ་གནང་བ་ཡིན་ན་རྔུལ་མང་དུ་འཐོན་དྲགས་ནས་ཆུ་ཁམས་ཟད་པའི་རྒྱུ་རྐྱེན་དུ་འགྲོ་སྲིད་པ་ཡིན། དེ་ནི་བཤང་འགག་ནད་ལ་ལྷག་པར་གནོད་ཆེ་བ་ཡོད། ལུས་རྩལ་ནི་གོམ་འགྲོས། ཆུར་བརྒལ་བ། ཕྱག་འཚལ་བ། གར་འཁྲབ་པ། རྐང་འཁོར་གཏོང་བ་སོགས་རྣམ་པ་གང་ཡང་ཡིན་ཆོག དེ་ལྟ་བུའི་ལུས་རྩལ་དེ་ཉུང་མཐར་བདུན་ཕྲག་གཅིག་ནང་ཆུ་ཚོད་ཕྱེད་ཀ་རེ་ཐེངས་གསུམ་ཙམ་བྱས་ན་བཤང་འགག་འགོག་ཐུབ་པར་གསུངས་ཡོད་ཀྱང་རབ་བྱུང་ན་ཉིན་ལྟར་རྩོལ་བཅག་ཆུ་ཚོད་ཕྱེད་ཀ་རེ་ངེས་པར་བསྟེན་པ་བཟང་བ་ཡོད་ལ་རྒྱུན་ལྡན་གཟུགས་གཞི་བདེ་ཐང་གནས་ཐུབ་པའི་དགེ་ཕན་ཡང་ཡོད།
བཤང་བ་དུས་ཐོག་ལ་འདོར་དགོས།
ཆབ་ཆེན་འཐོན་བཞིན་པའི་རྒྱུན་དེར་ནམ་ཡང་ཤུགས་ཀྱིས་བཀག་རྒྱུ་མེད་ལ་ཐད་ཀར་གསང་སྤྱོད་དུ་ཕེབས་དགོས། ནམ་རྒྱུན་བཤང་བ་གཏོང་བའི་དུས་ཚོད་ཅིག་ངེས་བརྟན་ཡོད་ན་ལུས་པོར་གོམས་འདྲིས་བྱུང་བ་དང་། བཤང་བ་འདོར་བའི་དུས་ཚོད་དེ་ཟིན་སྐབས་ཁོག་སྨད་རང་འགུལ་གྱིས་འཁུམ་ནས་བཤང་བ་འབྱིན་སླ་བ་ཡོད་པར་བཤད། བཤང་བ་འབྱིན་པའི་སྐབས་བྲེལ་འཚུབ་གནང་མི་ཉེན་བར་དལ་ལྷོད་ངང་བྱ་བ་དེ་འགྲུབ་དགོས།
དྲུག་པ། ཕན་པའི་ཟས་སྐོམ།
དེ་ནས་བཤང་འགགས་ནད་ཕོག་ཟིན་པ་རྣམས་ལ་བཤང་བ་བདེ་བླག་ཏུ་འཐོན་པའི་ཆེད་དུ་དང་། དེ་བཞིན་བཤང་བ་སྐམ་པ་སེལ་བ་དང་། བཤང་བ་སླ་བར་བཟོ་བ་དང་། བཤལ་བ་ལ་ཕན་པ་དང་། རྒྱུ་ལོང་གི་ནད་སེལ་བ་བཅས་ཀྱི་ཟས་སྐོམ་ཁག་གཅིག་སྐོར་འཁོད་ཡོད། དེ་ནི་གཙོ་ཆེར་བོད་ཀྱི་གསོ་རིག་དང་ཚེའི་རིག་བྱེད་དེང་རབས་སྨན་ལུགས་སོགས་ནས་དྲངས་པའི་སྔོ་ཚལ་རིགས་དང་། ཤིང་འབྲས། སྐོམ་རིགས་སོགས་རྒྱུན་ལྡན་གྱི་བཟའ་ཆས་རྣམས་ཟུར་འདོན་ཞུས་ཡོད།
གོང་ལ་ཕུག (Carrot) པ་ལག (Spinach) པད་ཚལ། (Chinese cabbage) ཉུང་མ། (Turnip) ཉུང་དམར། (Beet root) ཉུང་རྩ་པད་ཚལ། (Kohlrabi) དཀར་ཚལ། (Lettuce) ལྕུམ། (Rhubarb) པད་རྩ། (Lotus root) ཆུ་ལོ། (Himalayan Rhubarb) མ་རྨོས་ལོ་ཏོག (Corn) དྭ་ཚོད། (Taro) ཙོང་། (Onion) སྨྱུག་རྩ། (Bamboo shoot) ཉེ་ཤིང་ཚལ། (Asparagus) དོ་ལུ་མ། (Brinjal) མཛུབ་ཚལ། (Lady’s finger) སྣེ་ཚོད། (Pigweed) ཞོག་ཁོག (Potato) གསེར་ཕུད། (Luffa) བོད་ལབ། (Radish) ལི་ཤི་མཚོན་འཁོར། (Star anise) སོ་བ། (barley) ནས། (Barley) ཆུ་ཁོལ། (Boiled water) བུར་ཆང་། (བུ་རམ་ལས་བྱས་པའི་ཆང་།) ཟར་མ། (Flax) འབྲས་ཐུག་སྐ་བ། (Rice soup) ཞོ་ཁར་ཆགས་པའི་ཆུ། ཀུ་ཤུ། (Apple) ཁམ་བུ། (Peach) རྒུན་འབྲུམ། (Grape) པ་པ་ཡ། (Papaya) ལི། (Pear) པེ་ཤན་ཕརུ་ཊ། (Passion fruit) པཱ་ལམ། (Plum) ལི་ཆི། (Lychee) བུར་ཤིང་ཁུ་བ། (Sugar cane) བསེ་ཡབ། (Quince) ས་པོ་ཌི་ལ། (Sapodilla) ངང་ལག (Banana) སིཏཱ་ཕལ། (Custard Apple) ཀརེན་བེ་རི། (Cranberry) ཕལ་ས། (Phalsa) པམ་མེ་ལོ། (Pummelo) བྷྲེཌ་ཕརུཊ། (Bread Fruit) བཅས་ཡིན།
ཕན་པའི་སྤྱོད་ལམ།
སྤྱིར་གོང་དུ་བཤད་པ་དག་ལས་ནད་འདི་ལ་ཕན་པ་དང་གནོད་པའི་སྤྱོད་ལམ་ཕྱོགས་ཙམ་རྟོགས་ཐུབ་མོད་ཀྱང་འདིར་སླར་ཡང་མདོར་བསྡུས་ནས་ཞུ་བར། ཟས་སྐོམ་བྱེ་བྲག་སོ་སོའི་ཕན་ཡོན་དང་གནོད་སྐྱོན། རང་གི་ནུས་པ་སོགས་བློར་ངེས་པ་ཡིན་ན་གཞང་འགགས་ནད་གཞི་ཙམ་མ་ཟད་ལུས་པོའི་གནས་སྐབས་གང་ཞིག་ལ་ཟས་སྐོམ་ཇི་འདྲ་ཞིག་བསྟེན་དགོས་པ་ཤེས་ཐུབ་པ་ཡིན། དེའི་སླད་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན་པའི་ཟས་སྐོམ་གྱི་ཕན་ཡོན་ལག་དེབ་སོགས་བཀླག་ཐུབ་ན་དགེ་མཚན་ཆེ། དེ་དང་ལྷག་པར་ནད་གཞི་འདི་ལ་སྐོམ་འཐུང་རྒྱུ་ཉུང་མ་དྲགས་པར་རན་པར་བཞེས་དགོས། དེ་བཞིན་ཉིན་ལྟར་ཕྱག་འཚལ་བའམ་གཙུག་ལག་ཁང་སོགས་ལ་ཞབས་སྐོར་དུ་ཕེབས་པ་སོགས་ལུས་པོར་རྩོལ་བཅག་མ་ཆད་པར་གནང་དགོས། ཁྱད་པར་རྒྱུ་སྨད་ཕྱོགས་དེ་འཁྱག་ཏུ་མ་བཅུག་པར་ཅུང་ཟད་དྲོད་པོར་བཞག་དགོས། གནས་སྟངས་ཇི་འདྲ་ཞིག་འཕྲད་ཀྱང་རང་ཉིད་སེམས་ཚོར་དྲག་པོའི་དབང་དུ་མ་སོང་བར་སེམས་ཞི་ལྷོད་བག་ཕེབས་གནས་རྒྱུ་གལ་ཆེ་ལ། ལུས་ནས་རང་བཞིན་གྱིས་ཕྱིར་འབྱུང་བའི་དྲི་མ་བཤང་བ་དང་གཅིན་པ་འོག་རླུང་རྣམས་ཤུགས་ཀྱིས་བཀག་པའམ་བཙིར་བ་སོགས་ནམ་ཡང་གནང་རྒྱུ་མེད་ལ་དུས་ཐོག་གསང་བར་སྤྱོད་དགོས་པའི་བྱ་བ་གང་ཡིན་པ་དང་ལེན་ངེས་པར་ཞུ་དགོས། བཤང་བ་འགགས་མ་ཐག་ཁྲོམ་ནས་བཤལ་སྨན་རིགས་བསྟེན་རྐྱང་གནང་བ་ཡིན་ན་ཕུག་ལ་གནོད་ཆེ་བས་སྨན་པ་བསྟེན་གཏུགས་བྱེད་ན་ཡག་པ་ཡོད། སྨན་པའི་ལམ་སྟོན་དང་འདིའི་ནང་གསལ་བ་བཞིན་བཤང་བ་འགག་པའི་ཟས་སྐོམ་འགྱུར་བ་གཏོང་དགོས་རིགས་ལ་ཐུགས་སྣང་བྱེད་དགོས།
བདུན་པ། གནོད་པའི་ཟས་སྐོམ།
འདིའི་ནང་དུ་དམིགས་བསལ་རྟུག་པ་སྐེམ་པར་ནུས་པའི་ཟས་སྐོམ་གྱི་རིགས་དང་། ལྷག་པར་འཁྲུ་བ་གཅོད་ནུས་པ་དང་། བཤལ་བ་ལ་ཕན་ཞེས་དོན་ལ་རྟུག་པ་འགག་ནུས་པའི་ཟས་རིགས་རྣམས་དྲངས་ཡོད། དེ་ཡང་།
འབྲས། (Rice) གྲོ་མ། (Silver weed) སྲན་རིལ། (Pea) མོན་སྲན་ལེབ་མོ། (Flat bean) འབྲས་ཐུག་གར་པོ། འབྲས་ཡོས། སྲུས་ཐུག ནས་ཐུག ལྕམ་པ། (Mallow) བེ་ཁུར། ཞོ་སྐྱ། (འོ་མ་ཉིད་དཀྲོགས་ཏེ་མར་བཏོན་རྗེས་ལས་བྱས་པ།) ཞོ་ཀུན། (Yoghurt) ཞོ་བཙོས། ཕྲུམ་གསར། (འོ་མ་དང་དར་བ་བསྲེས་པ་ལས་བྱུང་བ།) སྤྲི། (བེའུ་སྐྱེས་མ་ཐག་པའི་འོ་མ་ལས་བྱས་པ།) ཕྱུར་བ། མར་གསར། (Fresh Butter) སྒ་སྨུག (Ginger) སྒོག་པ། (Garlic) ཐ་རམ། (Plantain) ག་གོན། (Cucumber) ཤུ་མོ་ཟ། (Fenugreek) ཁྲེ། (Common millet) ཁྲེ་རྒོད། (Cockspur) འབྲ་གོ་མཆོག (Japanese Persimmon) ཁ་སུར་པ་ཎི། (Date) སྲ་འབྲས། (Indian Blackberry) ངང་ལག་ (Banana) ཡག་པོ་མ་སྨིན་པ། ཨམ་རུད། (Guava) ཨ་ནཱ། (Pineapple) ཀཊཧལ། (Jackfruit) ཀེ་རམ་བོ་ལ། (Carambola) ལང་སཊ (Langsat) བཅས་ཡིན་ནོ།།
གནོད་པའི་སྤྱོད་ལམ།
བོད་ཀྱི་གསོ་རིག་དང་རིག་གསར་སྨན་ལུགས་གཉིས་ཀས་ཆབ་ཆེན་ཤུགས་ཀྱིས་བཀག་པའི་སྤྱོད་ལམ་དེ་ནད་འདིའི་རྒྱུ་རུ་ཁས་བླངས་ཡོད། ཡང་ནད་འདི་ལ་བཤང་བ་འབྱིན་པའི་སྐབས་ཚད་ལས་ཐལ་བ་བཙིར་བ་ནི་རླུང་ལྷག་པར་འཁྲུགས་པར་བྱེད་པ་མ་ཟད་གཞང་འབྲུམ་དང་རྩ་ཁ་རྡོལ་ནས་ཁྲག་འཛག་པ་སོགས་འབྱུང་སྲིད་པས་ནད་འདི་ལ་ཤིན་ཏུ་གནོད་པའི་སྤྱོད་ལམ་ཡིན། གཞན་ཡང་བཤང་བ་འགག་ཡོད་པར་བརྟེན་ལུས་པོ་རྩོལ་བཅག་ཤུགས་དྲག་པོ་དང་རྒྱུ་སྨད་ཕྱོགས་སུ་རྡེག་གཞུས་སོགས་ཕོག་རྒྱུ་མེད་དེ་རྒྱུ་ལོང་ནང་ངོས་ལ་བསྣད་ཉེན་ཡོད། ལུས་འཁྱག་པའི་སྤྱོད་ལམ་སྟེ་ཆུ་གྲང་མོའི་ནང་ཞུགས་པ། ས་རླན་པ་དང་ཞ་ལ་སོགས་གྲང་ངར་ཡོད་པའི་སྟེང་ཡུན་རིང་འདུག་པའམ་སྒྲོག་ལྷམ་སོགས་མེད་པར་རྐང་རྗེན་མ་འགྲོ་བ་སོགས་གནོད་པའི་སྤྱོད་ལམ་དུ་གཏོགས་པས་འཛེམ་དགོས་ལ་དེ་ལྟར་ཚུལ་བཞིན་ལག་བསྟར་གནང་བ་ཡིན་ན་ནད་འདི་ལ་སྔོན་འགོག་བྱེད་ཐུབ་པ་ཡིན།།
བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།
བཤང་འགགས་ནད། འབྱུང་ཁམས་སྣ་ཚོགས་པ་དབྱེར་མེད་པའི་ཐོར་བུའི་ནད་རིགས་བཅུ་གསུམ་ནི། སྐད་འགགས་པའི་ནད། ཁ་སྐོམ་པའི་ནད། གཡིག་པ། ཡི་ག་འཆུས་པ། དབུགས་མི་བདེ་བའི་ནད། གླང་ཐབས་ཀྱི་ནད། འཁྲུ་བའམ་གྲོད་ཁོག་བཤལ་བ། འབྲུམ་བུའི་ནད། ཉྭ་ལོག་པ། ཆང་ནད། སྐྱུག་པ། སུརྱ་ནད། བསྡམས་ནས་འོང་མི་འདོད་པར་འགགས། བཤང་འགགས། བཅས་ནད་རིགས་རྣམས་ནི། འབྱུང་བའི་ཁམས་ནི་སྣ་ཚོགས་པ་ལས་བྱུང་བ་སྟེ། མེ་གཉིས་ལྕགས་གཉིས་ས་གཅིག་དང་། །ས་གཉིས་ཤིང་གཉིས་ཆུ་གཅིག་དང་། །ཆུ་གཉིས་ཤིང་གཉིས་ལྕགས་གཅིག་དང་། །ལྕགས་གཉིས་ཤིང་གཉིས་མེ་གཅིག་དང་། །མེ་གཉིས་ཤིང་གཉིས་ས་གཅིག་རྣམས། །འབྱུང་བ་ཤར་བ་ཐོར་བུའི་ནད། །དེ་ལྟར་ཤེས་བྱ་ཐོར་བུ་ལ། །བཅུ་གསུམ་དག་ཏུ་འདོད་པ་ཡིན། །དེ་ལྟ་བུའི་ནད་ལ་རྐྱེན་དང་གནོད་པ་ནི། ཐབ་གཞོབ་གཏང་བ་དང་། འཁོན་འཁྲུག་བྱུང་བ། བཙོག་གྲིབ་ཕོག་ཅིང་མནོལ་ཤོར་བ་སོགས་ཀྱི་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བརྒྱ་བཞི་གཏོང་། ཆ་གསུམ་ལོ་གྲངས་གཏོང་། ཆོས་སུ་གནམ་ས་སྣང་བརྒྱད་ཤར་ཕྱོགས་ལ་ཞལ་གཟིགས་ཏེ་ཀློག བཀྲ་ཤིས་བརྩེགས་པ་ལྷོར་ཞལ་གཟིགས་ཏེ་ཀློག སྟོབས་པོ་ཆེ་ནུབ་ལ་ཞལ་གཟིགས་ཏེ་ཀློག དག་པ་གསེར་གྱི་མདོ་ཐིག་བྱང་ལ་ཞལ་གཟིགས་ཏེ་ཀློག ཉེས་པ་ཀུན་སེལ་དང་། སྤང་སྐོང་འདོན། སྲོག་བསླུ་འམ་ཚེ་མཐར་གཏོང་། བཟང་སྤྱོད་འཆི་བསླུ་བྱ། གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔགས་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་། ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ། །འདི་ནི་ནད་རིགས་བྱེ་བྲག་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང། ལུས་སེམས་བདེ་བར་གནས་པ་དང་། འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།