སྨན་རྩིས་དྲ་བ། - ཕོ་འབྲས།

  

ཕོ་འབྲས།

དང་པོ། ཕོ་འབྲས་ཞེས་པའི་གོ་དོན།
འཕྲོད་མི་འཕྲོད་ཀྱི་ཟས་དང་སྤྱོད་ལམ་སྟེན་སྟངས་ལོག་པའི་དབང་གིས། ཟས་སྐོམ་རིགས་ཕོ་བའི་མེ་དྲོད་རྣམ་གསུམ་གྱིས་མྱག་ཞུ་དྭངས་སྙིགས་འབྱེད་མ་ནུས་པའི་མཐར། ཕོ་བའི་ནང་དུ་ཁྲག་གི་རྩིགས་མ་ཡོངས་སུ་རྒྱས་ཏེ་ཕོ་བའི་འཇུ་བྱེད་མ་ལག་གཅོང་པོར་འགྱུར་པའི་ནད་ཅིག་ལ་ཕོ་བའི་འབྲས་ནད་ཅེས་པའོ།། 



གཉིས་པ། ཕོ་བ་ཞེས་པའི་སྒྲ་བཤད་དང་དེ་ཇི་ལྟར་གལ་ཆེ་བའི་ཚུལ།
 
ཕོ་བ་གཡོས་བཅུ་བྱེད་པའི་ཁོག་མ་འདྲ། །ཞེས་གསུངས་པ་ལྟར། ཁོག་མས་ཟས་གཡོ་བའམ་སྐོལ་བའི་རྟེན་བྱེད་པ་བཞིན་དུ། ཕོ་བས་ཟས་སྐོམ་རྣམས་ལེགས་པར་མྱག་ཅིང་འཇུ་བར་བྱེད་ནས་ཐུར་དུ་ཕོ་བས་ན་ཕོ་བ་ཞེས་བརྗོད། དེ་ཇི་ལྟར་གལ་ཆེ་བའི་ཚུལ་ནི།  ཕོ་བ་ཞིང་ས་འདྲ་བས་མེ་དྲོད་གསོ། །ཞེས་བསྟན་པ་ལྟར། རྩི་ཤིང་དང་ལོ་ཏོག་ལ་སོགས་པ་ལེགས་པར་སྐྱེ་མིན་ནི་གཙོ་ཆེར་འབྱུང་བ་ས་ཡི་ས་གཤིས་ལ་རགས་ལས་པ་དཔེ་དེ་བཞིན་དུ། ང་ཚོའི་གཟུགས་ཕུང་འདི་ནད་མེད་བདེ་བར་གནས་ཤིང་།  རོ་དྲུག་གི་ཟས་སྐོམ་གང་སྟེན་པ་དག་མྱུར་བར་བཞུས་ནས་ལུས་ཀྱི་ཟུངས་སུ་ལེགས་པར་སྨིན་པར་བྱེད་པ་ནི་ཕོ་བར་རགས་ལས་པ་རེད། ཁ་ཟས་སྟེན་པའི་སྐབས་ནའང་ཐོག་མར་ཟས་རྡོག་པོ་རིགས་སོས་ལེགས་པར་ལྡད་དེ་ཞིབ་པར་བཅོས་དགོས་པ་འདིའང་། ཕོ་བའི་མེ་དྲོད་སྲུང་བར་ཧ་ཅང་གལ་ཆེན་པོ་ཡིན་པས་ཅི་ནས་ཀྱང་ཕོ་བའི་མེ་དྲོད་གསོ་བར་འབད་པ་བྱེད་དགོས་སོ།།



གསུམ་པ། ཕོ་འབྲས་ཀྱི་རྒྱུ།
ཟས་སྤྱོད་སྟེན་སྟངས་ཚུལ་བཞིན་དུ་མ་བྱུང་བའི་ཉེར་ལེན་གྱིས་བད་ཀན་དང་། ཁྲག་དང་། མཁྲིས་པ་དང་། རླུང་བཅས་བཞི་པོ་འདུས་ཏེ་ཕོ་བའི་གནས་སུ་མ་ཞུ་བ་འཕེལ་བ་འདིས་རྒྱུ་བྱས་ནས། ངན་ཁྲག་དང་མཁྲིས་པ་རླུང་དང་བསྡོངས་ཏེ་ཕོ་གནས་སུ་བད་ཀན་མ་ཞུ་བར་འགྱུར་བ་ནི་རྒྱུའོ།།


བཞི་པ། ཕོ་འབྲས་ཀྱི་རྐྱེན།
སྤྱིར་ཟས་དམན་ལྷག་ལོག་པ་དང་། སྤྱོད་ལམ་དམན་ལྷག་ལོག་པ་གཉིས་ནི་ནད་ཐམས་ཅད་སློང་བར་བྱེད་པའི་རྐྱེན་གཙོ་བོ་ཡིན།  བྱེ་བྲག་ཏུ་ཟས་སྐོམ་འཇུ་དཀའ་བའི་རིགས་སྟེན་དྲགས་པ། རང་གི་ཁམས་དང་རང་བཞིན་ལ་མི་འཕྲོད་པའི་ཟས་སྐོམ་རིགས་ཟ་དྲགས་པ། རྒྱུན་དུ་ཁ་ཟས་རྒྱག་ཚད་ཟ་དྲགས་པ། ཕོ་བར་གནོད་པའི་སྤྱོད་ལམ་སྟེན་དྲགས་པ་བཅས་ཀྱིས་ཁ་ཟས་དུས་ཐོག་ཏུ་འཇུ་མ་ཐུབ་པས་མ་ཞུ་བ་བྱུང་། དེའི་རྐྱེན་གྱིས་ཕོ་བའི་ནང་ངོས་སུ་བེ་སྣབས་འཕེལ། དེའི་རྐྱེན་གྱིས་མེ་མཉམ་རླུང་དང་འཇུ་བྱེད་མཁྲིས་པའི་མཐུ་ཉམས། དེའི་རྐྱེན་གྱིས་ཕོ་བའི་ནང་དུ་དྭངས་སྙིགས་ཀྱི་དབྱེ་བ་འབྱེད་མ་ཐུབ། དེའི་རྐྱེན་གྱིས་དྭངས་སྙིགས་མ་ཕྱེས་པའི་རྫས་དེ་མཆིན་པའི་གནས་སུ་ཤོར། དེའི་རྐྱེན་གྱིས་མཆིན་པའི་གནས་སུ་ཟུངས་སུ་སྒྱུར་མ་ཐུབ། དེའི་རྐྱེན་གྱིས་མཆིན་པའི་གནས་སུ་ངན་ཁྲག་རྒྱས་པ་དེ་སླར་ཡང་ཕོ་བར་ལྷུང་། དེ་ལྟར་ཡུན་རིང་པོར་གནས་པས་རྙིངས་ནས་རུལ་བ་སོགས་ཀྱིས་ཕོ་འབྲས་རྒྱས་པར་བྱེད་པ་ནི་རྐྱེན་ནོ།།
ཕོ་བར་གནོད་པའི་ཟས། བྱིས་པ་མ་འབྱར་སྐབས་སུ་རྩམ་པ་སྟེར་དྲགས་པ། ཤ་ཚིལ་ཅན་གྱི་ཟས། བཟའ་བཏུང་མངར་མོ། ཟས་སྐོམ་ཧ་ཅང་ཚ་བོའམ་གྲང་མོ། ཟས་ཁེངས་པོ། ཟས་རྙིངས་པ། ཁ་ཚའི་ཟས། ཟས་རུལ་བ། ལན་ཚྭ་སོགས་ཀྱི་ནང་དུ་བསྙལ་བའི་སྙལ་སྐྱུར་གྱི་ཟས། ཟས་རྗེན་པའམ་མ་འཚོས་པའི་རིགས། འབྲུ་གསར་བ། བསེར་ཅན་ཏེ་དཔེར་ན་འཁྱག་སྒམ་ནང་ཉར་ཚགས་བྱེད་པའི་ཟས་རིགས་གྲང་བའི་ནུས་པ་ཅན། ཤ་རིད་པ། ཞོ་དང་ཆང་མ་ལངས་པ། ཟས་འཚིག་པོ་དང་བཅས་པ་ཟ་དྲགས་པ། ཕན་ཚུན་ནུས་པ་མི་འཕྲོད་པ་དཔེར་ན་ཞོ་དང་སྐྱུར་མོ་ལྷན་དུ་ཟ་བ། འོ་མ་དང་ཉ་ཤ་ལྷན་དུ་ཟ་བ། དགོང་དྲོ་བད་ཀན་གྱི་མཚན་ཉིད་བསིལ་རྒྱས་པའི་དུས་སུ་ཤིང་ཏོག་དང་ཞོ། རོ་མངར་མོ་དང་རྗེན་ཟས་རིགས་སྟེན་དྲགས་པ་བཅས་ནི་ཕོ་བར་གནོད་པའི་ཟས་སུ་འགྱུར་བས་ངེས་པར་དུ་འཛེམ་དགོས། བཤད་མ་ཐག་པའི་གནོད་པའི་ཟས་རྣམས་ལ་གོ་ལྡོག་སྟེ་བསམས་ཚེ་ཕན་པའི་ཟས་གང་ཡིན་ཤུགས་ལ་རྟོགས་ཐུབ་བོ།།
ཕོ་བར་གནོད་པའི་སྤྱོད་ལམ།  དུས་རྟག་ཏུ་ཁ་ཟས་ལྕི་ཡང་ལ་དཔགས་ནས་ཟ་ཚོད་རན་པར་མ་སྟེན་པ། ཟས་སྔ་མ་མ་ཞུ་གོང་དུ་ཕྱི་མ་ཟ་བ། ཟས་ཟོས་མ་ཐག་པའི་རྗེས་སུ་ཤུགས་ལས་བྱེད་པ། ཕོ་བ་སྟོང་པའི་སྐབས་སུ་ཆུ་གྲང་མོ་ཕོན་ཆེན་འཐུང་བ། ལུས་རྩོལ་བཅག་བྱས་མ་ཐག་ཏུ་ཆུ་གྲང་མོ་ཕོན་ཆེན་འཐུང་བ། ཁ་ཟས་དུས་ཐོག་ལ་མ་ཟ་བ། རྒྱུན་དུ་གོམས་འདྲིས་མེད་པའི་ཁ་ཟས་དང་རྩོལ་བཅག་རིགས་གློ་བུར་དུ་སྟེན་དྲགས་པ། རྒྱུན་དུ་གོམས་འདྲིས་ཡོད་པའི་ཁ་ཟས་དང་རྩོལ་བཅག་རིགས་གློ་བུར་དུ་མཚམས་བཞག་པ། དགོང་ཟས་སུ་འཇུ་དཀའ་བ་དང་བསིལ་གྱི་ནུས་པ་ཅན་ཟ་བ། དགོང་ཟས་ཕྱི་དྲགས་པ་ལ་བརྟེན་ནས་དགོང་ཟས་དང་ཉལ་དུས་དབར་ལ་བར་ཐག་གི་དུས་ཐུང་བ་བཅས་ནི་ཕོ་བར་གནོད་པའི་སྤྱོད་ལམ་ཡིན་པས་ངེས་པར་དུ་འཛེམ་དགོས། འདིར་བཤད་མ་ཐག་པའི་གནོད་པའི་སྤྱོད་ལམ་རྣམས་ཀྱི་ལྡོག་ཕྱོགས་ནི་ཕན་པའི་སྤྱོད་ལམ་མོ།།

ལྔ་པ། ཕོ་འབྲས་ཀྱི་རྟགས།
ཐོག་མར་ཕོ་འབྲས་འཇུག་པའི་མངོན་རྟགས། མིད་པ་ནས་གྱེན་དུ་ཆུ་དྲོན་མོ་དང་ཆུ་སྐྱུར་སྐྱུག་པ། དང་ག་འགག་པ། སྦོ་འཁྲོག་བྱེད་པ། དེའི་ཚེ་ན་ཟས་སྤྱོད་སྤོང་ལེན་གྱི་བྱ་བར་ལེགས་པར་ཞུགས་ནས་སྨན་བཅོས་དུས་ཐོག་ལ་བྱས་པ་ཡིན་ན་དྲག་སྐྱེད་ཐུབ།
བར་དུ་ཕོ་འབྲས་སྨིན་པའི་རྟགས། སྐྱུག་པ་སེར་པོ་འམ། ཡང་ན་རྒྱ་སྐྱེགས་བསྐོལ་བའི་སྣོད་བཀྲུས་པའི་ཆུའི་མདོག་ལྟ་བུ་སྟེ་རྒྱ་བཤལ་སྐྱུག་པ་ཡིན། འདིའི་ཚེ་ནའང་ཟས་སྤྱོད་སྤོང་ལེན་གྱི་བྱ་བར་ལེགས་པར་བསྟེན་ནས་སྨན་བཅོས་དུས་སུ་བྱེད་པ་ལས་དྲག་སྐྱེད་ཐུབ།
ཐ་མར་ཕོ་འབྲས་རྒྱས་པའི་རྟགས། ཕོ་བ་སྦོས་པ། བཟའ་བཏུང་རིགས་ལ་སྲེད་པ་ཆེ་ནའང་བཟས་མ་ཐག་ཏུ་སྐྱུག་པ། ཟས་ཟ་བའི་སྐབས་མིད་པ་ན་བ། སྒྲེག་པ་མང་བ། ཟས་ཟོས་པའི་རྗེས་སུ་ཕོ་ཟུག་ལྡང་བ། ཕོ་བ་དང་མཆིན་པའི་ཁ་འཁོར་ན་གཟེར་བ། བྲང་དང་ཁོག་པའི་ནང་དུ་ཚ་ཤར་ལྡང་བ། བཤང་བའི་ཁ་དོག་སྨུག་ལ་ཤ་བའི་རིལ་མ་འདྲ་བའི་སྐམ་པོ་བྱུང་བ། ཕོ་བ་འགྲང་ནའང་ན་ལ་ལྟོགས་ཀྱང་ན་བ།  ལུས་ཧ་ཅང་གྲང་ནའང་གཟེར་ལ་ཧ་ཅང་དྲོད་ནའང་ན་སྙམ་བྱེད་པ། ལུས་ཤ་སྐེམ་པ། ཐབ་ཚང་གི་དུད་ཁུང་ལས་བྱུང་བའི་དུད་དྲེག་ལ་ཆུ་ཨེན་ཙམ་བསྲེས་པའི་ཁ་དོག་ལྟར་གྱི་ཁྲག་རུལ་སྐྱུག་པའམ་ཐུར་དུ་བྱུང་བ། འདི་ལ་ཕྱི་ནང་གཉིས་ཀྱི་སྨན་དཔྱད་ཀྱི་བཅོས་ཀ་སོགས་ཇི་ཙམ་བྱེད་ནའང་དྲག་སྐྱེད་བྱུང་བ་ནི་སྲིད་པ་ཙམ་མོ།།

དྲུག་པ། ཕོ་འབྲས་ནད་དུ་ཇི་ལྟར་འགྱུར་ཚུལ།
ཕོ་འབྲས་གཙོས་པའི་ཁོང་ནད་ཐམས་ཅད་དེ་མ་ཐག་ཏུ་སྐྱེ་བ་མིན་པར། ཉིན་མ་ནས་ཟླ་བ་བརྒྱུད་དེ་ཕོ་བར་གནོད་པ་དང་མི་གནོད་པའི་ཟས་སྤྱོད་སྟེན་སྟངས་ཚུལ་བཞིན་དུ་མ་བྱུང་བའི་རྐྱེན་གྱིས། ཕོ་བའི་ནང་དུ་མངོན་པར་མི་གསལ་བའི་ངང་ནས་དལ་གྱིས་ནད་འཕེལ་ཞིང་གསོག དེ་ནས་རིམ་གྱིས་ཕོ་བའི་མེ་དྲོད་རྣམ་གསུམ་གྱི་ནུས་པ་ཉམས་པ་ལས་མ་ཞུ་བ་ཆུང་འབྲིང་ཆེ་གསུམ་བརྒྱུད་པའི་མཐར་ཕོ་འབྲས་ནད་དུ་འགྱུར་རོ།།

བདུན་པ། ཕོ་འབྲས་སྔོན་འགོག
ཕོ་འབྲས་སྔོན་འགོག་ཅེས་པའི་གོ་དོན། ལུས་ངག་ཡིད་གསུམ་གྱི་ཁམས་དང་མཐུན་པའི་ཟས་སྤྱོད་འཕྲོད་པའི་རིགས་ཚུལ་བཞིན་དུ་སྟེན་ཏེ་སྔོན་ཚུད་ནས་ཕོ་འབྲས་མི་འོང་བའི་ཐབས་ལམ་སྟབས་བདེར་འབད་པ་ལའོ།།
འཛམ་གླིང་ཁྱོན་ཡོངས་ཀྱི་ཕོ་འབྲས་ཀྱི་གནས་སྟངས། འབྲས་ནད་རིགས་སྣ་མང་ཡོད་པའི་ནང་ནས་ཕོ་འབྲས་ནི་མང་བ་ནས་བརྩིས་པའི་ཨང་རིམ་ལྔ་བ་ཡིན་པ་དང་། ནད་འདིའི་རྐྱེན་པས་སྲོག་ཕྲོགས་པའི་ཚད་གཞི་འང་འབྲས་ནད་གཞན་དང་བསྡུར་ན་ཨང་རིམ་གསུམ་པར་བསླེབས་ཡོད། ཕྱི་ལོ་ ༢༠༡༢ ལོར་ཆ་མཚོན་པ་ཡིན་ན། ཕོ་འབྲས་ནད་ཀྱིས་ཟིན་པའི་མི་གྲངས་ནི་འབུམ་དགུ་དང་ཁྲི་བཞི་ ༩༤༠༠༠༠ ཡིན་ཞིང་། འདས་གྲོངས་ཕྱིན་པའི་མི་གྲངས་ནི་འབུམ་བདུན་དང་ཉིས་ཁྲི་སུམ་སྟོང་ ༧༢༣༠༠༠ ཟིན་པའོ།།
ཕོ་འབྲས་ནི་སྐྱེ་ཕོ་མོ་གཉིས་ལས་ཕོ་ལ་མང་བ་འོང་བའི་རྒྱུ་མཚན། སྤྱིར་ལོ་ནའི་ཐོག་ནས་བཤད་པ་ཡིན་ན། ལོ་ན་ ༥༥ ཙམ་ནས་ཕོ་མོའི་དབྱེ་བ་མེད་པར་ཕོ་འབྲས་ནད་ཀྱིས་ཟིན་པའི་དུས་སྐབས་མང་བ་ཡོད། རྒྱུ་མཚན་ནི་རྒྱུན་ལྡན་དུ་ཟས་ཟ་ཤུགས་ཆེ་ཆུང་གི་ཁྱད་པར། ཐ་མག་འཐེན་པ་མང་ཉུང་གི་ཁྱད་པར། ཆང་རག་འཐུང་བ་མང་ཉུང་གི་ཁྱད་པར། མདོར་ན་མི་ཚེའི་འཚོ་བ་སྐྱེལ་སྟངས་མི་འདྲ་བའི་ཁྱད་པར་བཅས་ཡིན། ཕྱི་ལུགས་ཀྱིས་ཉམས་ཞིབ་བརྒྱུད་དེ་རྒྱུ་མཚན་འཕར་མ་ཞིག་བཤད་པ་ནི། མོའི་ལུས་ཀྱི་འགྲུབ་ཆའི་ནང་ལ་སྐུལ་རྫས་ (Estrogen) ཞེས་པ་འདི་མང་བ་ཡོད་པས་ཕོ་བའི་ནད་འགོག་སྲུང་བྱེད་པའི་ནུས་པ་མང་བ་ཡོད་པ་དང་། ཕོའི་ལུས་ཀྱི་འགྲུབ་ཆའི་ནང་ལ་སྐུལ་རྫས་ (Estrogen) ཞེས་པ་འདི་ཉུང་བ་ལྡན་པས་ཕོ་བའི་ནད་འགོག་སྲུང་བྱེད་པའི་ནུས་པ་ཉུང་བ་ཡོད་པར་བཤད། དེས་ན་སྐྱེས་པ་ཚོས་ནད་འདིའི་ཐོག་དམིགས་སུ་བཀར་ཏེ་དོ་སྣང་བྱེད་གལ་ཆེའོ།།
མ་ཞུ་བ་ཆུང་འབྲིང་ཆེ་གསུམ་ལ་ཟས་སྤྱོད་ཀྱི་བཅོས་ཀ་བྱེད་ཚུལ། ཟས་སྐོམ་གང་ཞིག་གིས་མ་ཞུ་བ་ཆུང་ངུ་སྐྱེས་པ་ཡིན་ན་དེའི་རྗེས་སུ་ཁ་ཟས་མ་ཟ་བར་བཀྲེས་སྐོམ་བྱོས། དགོང་མོར་རྒྱམ་ཚྭའམ་ཚྭ་བཏབ་པའི་ཆུ་འཁོལ་ཡང་ཐུངས། དེ་ནས་ཉིན་གཅིག་ཙམ་རིང་ཟས་སྐོམ་འཇུ་དཀའ་བའི་རིགས་དང་ཧ་ཅང་གྲང་མོ་རིགས་སྤོངས་དགོས་སོ།།
            མ་ཞུ་བ་འབྲིང་སྐྱེས་པ་ཡིན་ན་གོང་ལྟར་ཁ་ཟས་མ་ཟ་བར་བཀྲེས་སྐོམ་བྱོས། དགོང་མོར་རྒྱམ་ཚྭ་གཙོ་བོར་བྱས་པ་དེའི་སྟེང་དུ་སྒ་སྐྱ་དང་། པི་པི་ལིང་དང་། ཨ་རུ་ར་བསྣན་པའི་རྒྱམ་ཚྭ་བཞི་ཐང་ཡང་ཐུངས། དེ་ནས་ཉིན་ཤས་རིང་ཟས་སྐོམ་འཇུ་དཀའ་བའི་རིགས་དང་ཧ་ཅང་གྲང་མོ་རིགས་སྤོངས་དགོས་སོ།།
            མ་ཞུ་བ་ཆེན་པོ་སྐྱེས་པ་ཡིན་ན་གོང་བཞིན་ཁ་ཟས་མ་ཟ་བར་མཛུབ་མོས་སྐྱུག་པ་སྐྱུག་ཐབས་བྱོས། ཡང་ན་སྨན་ནི་རུ་ཧའམ་ལུས་པོ་འཁྲུད་བྱེད་ཀྱི་དག་ཆལ་སྲན་མའི་རྡོག་པོ་ཙམ་ཞིག་ནར་མོར་བཟོས་ནས། གཞང་ཁའི་ནང་དུ་བཅུག་སྟེ་ཐུར་དུ་བཤལ་ཐབས་ཀྱི་བཅོས་ཀ་བྱོས། བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་ཀྱི་ངོས་ནས་ནད་འདི་ལ་སྔ་ས་ནས་དུས་ཐོག་སྨན་བཅོས་ཀྱིས་ཕན་སྐྱེད་ལེགས་པོ་ཡོད་དོ།།

དུས་རྒྱུན་དུ་ཁ་ཟས་མང་ཉུང་རན་པོ་སྟེན་སྟངས། ཁ་ཟས་མངས་པ་མ་ཡིན་པ་ཉུངས་པའང་མ་ཡིན་པའི་འོས་འཚམ་རན་པོ་སྟེན་དགོས། དཔེར་ན། འབྲས་དང་། ཕྱེ་ཐུག་དང་། ཉ་ཤ་དང་། ཆུ་འཁོལ་དང་། སྔོ་ཚོད་སོགས་ནི་ཕོ་བས་འཇུ་སླ་བས་ན་ཁ་ཟས་ཡང་བ་ཞེས་བཤད་པས་ཕོ་བར་འགྲང་ཙམ་སྟེན་དགོས། ཤའི་མོག་མོག  ཆུར་བའི་མོག་མོག  རྩམ་པ། རྗེན་ཟས་རིགས། ཚིལ་བུ། སྣུམ། རོ་མངར་མོ། རོ་ཚ་བ། ཁ་ཟས་རྙིངས་པ། ཁ་ཟས་ཁེངས་པོ། ཤ་སྲེག་རིགས། ཆུ་འཁྱག་རིགས། སྙལ་སྐྱུར་ཅན་གྱི་ཟས་རྣམས་ཕོ་བས་འཇུ་དཀའ་བས་ན་ཁ་ཟས་ལྕི་བ་ཞེས་བཤད་པས་ཕོ་བར་ཕྱེད་ཀ་འགྲང་ཙམ་སྟེན་དགོས་སོ།།

 

ཕོ་བར་ཟས་སྐོམ་ཆ་བགོ་བྱས་ནས་སྟེན་སྟངས། ཕོ་བའི་ནང་གི་སྟོང་ཆ་ལ་རང་གིས་ཚོད་དཔགས་ཐོག་ནས་ཆ་བཞི་ལ་བགོས། དེའི་ཆ་གཉིས་ལ་ཟས། ཆ་གཅིག་ལ་སྐོམ་སྟེ་ཆུ་ལ་སོགས་པ། ཆ་གཅིག་ལ་ཕོ་བའི་ནང་དུ་རང་ཆས་སུ་ཡོད་པའི་མེ་མཉམ་རླུང་གི་ཆེད་དུ་འཇོག་དགོས་པ་ཡིན། མདོར་ན་ཕོ་བར་སྟོང་ཆ་གཏན་ནས་མ་བཞག་པར་ཁ་ཟས་རྒྱག་ཚད་ནམ་ཡང་ཟ་མི་རུང་། དེ་ནི་དྭངས་མ་མ་ཞུ་བའི་འབྲས་ནད་དང་། སྙིགས་མ་མ་ཞུ་བའི་སྐྲན་ནད་ཀྱི་ནད་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ནོ།།
དགོང་ཟས་ཉུང་ངུ་སྟེན་དགོས་པ་གལ་ཆེ་བའི་ཚུལ། ཟས་དུས་གསུམ་གྱི་ནང་ནས་ཞོགས་ཟས་གལ་ཆེ་ཤོས་ཡིན་པས་བཅུད་དང་ལྡན་ཞིང་མང་ཙམ་སྟེན་རྒྱུ་གལ་ཆེ་ནའང་། དེང་སང་ཞོགས་ཟས་དང་དགུང་ཟས་དུས་ཐོག་ལ་སྟེན་ཁོམ་མེད་པའི་དབང་གིས་དགོང་ཟས་ཧ་ཅང་རྒྱས་པོ་དང་། ཕོན་ཆེན་པོ་དང་། དུས་ཀྱང་ཕྱི་པོར་སྟེན་གྱི་ཡོད། དེའི་དབང་གིས་དགོང་ཟས་དང་ཉལ་དུས་གཉིས་ཀྱི་བར་སྟོང་དུས་ཡུན་དེ་ཉུང་མཐར་ཚོུད་གཉིས་འཇོག་དགོས་ཀྱི་ཡོད་ནའང་དེ་ཐུབ་ཀྱི་མེད། ང་ཚོ་གཉིད་ཉལ་བའི་སྐབས་སུ་ཀླད་པ་སོགས་དབང་པོ་གཞན་རྣམས་ཀྱང་ངལ་གསོ་བའི་རྒྱུ་མཚན་གྱིས། ཁ་ཟས་འཇུ་བར་རམ་འདེགས་བྱེད་པོ་དབང་བོ་མ་ལག་གཞན་མེད། དགོང་ཟས་མང་དྲགས་པའི་མངོན་རྟགས་སུ་སྔ་དྲོ་ཡར་ལང་བའི་སྐབས་ན་མགོ་དང་ལུས་པོ་ལྕི་བ། ཕོ་བའི་ནང་དུ་ལྗིད་ཐིང་ངེར་ངང་རྡོག་རྡོག་ཅིག་འདུག་སྙམ་པའི་ཚོར་བ་འོང་བས། འདི་དག་འགོག་པའི་ཐབས་གཅིག་པུ་ནི་དགོང་ཟས་ཉུང་ངུ་ཟ་བ་དང་དུས་ཕྱི་མ་དྲགས་པ་འདི་ཉིད་དོ།།
ཁ་ཟས་དུས་ཐོག་ཏུ་ཟ་མ་ཐུབ་པར་ཐབས་ཤེས་སྟེན་སྟངས། སྐབས་རེར་བྲེལ་བའི་དབང་གིས་ཁ་ཟས་དུས་ཐོག་ལ་ཟ་མ་ཐུབ་པར་རྒྱུན་ལྡན་གྱི་དུས་ཚོད་ལས་སྔོན་དང་། ཡང་ན་རྗེས་ལ་ཁ་ཟས་སྟེན་དགོས་པ་བྱུང་ཚེ་ཕོ་བར་མི་གནོད་པའི་ཕྱིར་དུ་འཆར་ཅན་གྱི་ཟ་ཚད་ལས་ཕྱེད་ཀ་མ་གཏོགས་ནམ་ཡང་ཟ་མི་རུང་ངོ་།།
རྒྱུན་དུ་རང་ལ་གོམས་འདྲིས་ཆེ་བའི་ཟས་སྐོམ་མཚམས་འཇོག་བྱེད་སྟངས། འདི་ནི་དལ་གྱིས་ཉུང་ནས་ཉུངས་སུ་བྱས་ཏེ་འདྲིས་ཤིང་གོམས་པའི་ཐབས་ཀྱིས་མཚམས་འཇོག་དགོས་པ་མ་གཏོགས། དེ་མ་ཐག་ཏུ་མཚམས་འཇོག་ནམ་ཡང་བྱེད་མི་རུང་། གལ་ཏེ་དེ་ལྟར་བྱས་ཚེ་ལུས་ཁམས་ཀྱི་གོམས་འདྲིས་ལ་གློ་བུར་གྱི་འགྱུར་ལྡོག་ཐེབས་པས། ལུས་ནང་གི་ཉེས་པ་གསུམ་པོ་རྦད་དེ་འཁྲུགས་ནས་ནད་གཞི་མང་དག་ཅིག་བསླངས་པ་ཙམ་དུ་མ་ཟད་ཕོ་བར་ཡང་ཧ་ཅང་གནོད་དོ།།  

རྒྱུན་དུ་རང་ལ་གོམས་འདྲིས་མེད་པའི་ཟས་སྐོམ་སྟེན་འགོ་རྩོམ་སྟངས། འདིའང་ཅུང་ཟད་ཅུང་ཟད་རེ་བྱས་ཏེ་འདྲིས་གོམས་སྒོ་ནས་སློབ་པ་མ་གཏོགས། ཐོག་མ་ཉིད་ནས་ཕོན་ཆེན་ཡེ་ནས་ཟ་མི་རུང་། འདིས་རང་གི་ལུས་ཁམས་ཀྱི་གོམས་འདྲིས་ལ་གློ་བུར་གྱི་འགྱུར་ལྡོག་ཐེབས་པས། ལུས་ནང་གི་ཉེས་པ་གསུམ་པོ་ཡོངས་སུ་འཁྲུགས་ནས་ནད་གཞི་མང་དག་ཅིག་བསླངས་པ་ཙམ་དུ་མ་ཟད་ཕོ་བར་ཡང་ཧ་ཅང་གནོད་དོ།།

 

ཤའི་རིགས་ཀྱི་ཁ་ཟས་ཉུང་ངུ་སྟེན་དགོས་པ་གལ་ཆེ་བའི་ཚུལ། བོད་ཀྱི་གསོ་རིག་གཞུང་དུ་གསུངས་པ་ལྟར། དཔེར་ན་ཤའི་ཟས་ཕལ་མོ་ཆེར་ལྕི་བ་དང་སྣུམ་པའི་ནུས་པའི་ཆ་དེ་མང་བ་ཡོད་པས་རྒྱུན་ལྡན་དུ་ཤ་ཟས་གང་ཐུབ་ཀྱིས་ཉུང་ངུ་བཟས་པ་ཡིན་ན། སྤྱིར་ལུས་སེམས་གཉིས་ཀ་ཡང་བ། ཁྲག་གི་འཁོར་རྒྱུག་ལེགས་པ། ཤེས་པ་གསལ་བ། ལུས་བདེ་བ། ཕོ་དྲོད་ལེགས་པས་ཟས་དུས་སུ་འཇུ་བ། བྱེ་བྲག་ཏུ་ནུས་པ་ལྕི་སྣུམ་གྱི་ཆ་དེ་ཕོ་བ་དང་ཁྲག་ལ་ཆེས་ཆེར་འཕེལ་བ་འདིས་ཕོ་འབྲས་ནད་ཀྱི་རྒྱུ་གཙོ་བོ་བྱེད་པས། འདིའང་ཞོར་དུ་འགོག་ཐུབ་པ་བཅས་ཀྱི་ཕན་ཡོན་ཡོད། དེའི་ཕྱིར་ན་སྔོ་ཚོད་ཀྱི་ཟས་དང་ཤིང་ཏོག་རིགས་གང་ཐུབ་ཀྱིས་མང་བ་སྤྱོད་པའི་གོམས་གཤིས་འཇགས་སུ་བཅུག་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་དགེ་མཚན་རབ་ཏུ་ཆེའོ།།
མཐའ་དོན། བོད་ཀྱི་གསོ་རིག་རྒྱུད་གཞུང་ལས། མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །འགྲོ་བ་གང་ཞིག་ནད་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང་། གཞན་གྱིས་སྤྱི་བོར་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར། གོང་གི་བརྗོད་པ་མཐའ་དག་སེམས་སུ་ལེགས་པར་བཅངས་ནས་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི། གསོ་བ་རིག་པའི་མན་ངག་ཡིན་ལ་ཕོ་འབྲས་སྔོན་འགོག་གི་ཐབས་ཀྱི་མཆོག་ཀྱང་ཡིན་ནོ།། །།

བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།
བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ་ལགས་ན།
ཚེ་རབས་ལས་རྩིས་ནི། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུག་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་ཚན་གང་གི་ཕྱིར་ཞེ་ན། དེའི་ནང་ནད་དང་བར་ཆད་སོགས་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་། དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་སོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད་ལ། ཞབས་རིམ་སོགས་ཀྱང་གསུངས་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན། སོ་སོའི་མི་ཚེའི་ནང་ལ་བྱ་བ་ལམ་ལྷོངས་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་གལ་ཆེ་ཞིང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཀྱང་ཡིན།
སྐེག་རྩིས་ནི། ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་ན་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད། དེ་ནི་ནད་རིགས་སྔོན་འགོག་ཙམ་མིན་པར་ལས་དོན་སོགས་ལ་བར་ཆད་འགོག་ཐབས་ཀྱང་ཡིན་པས། རང་རང་སོ་སོས་དོ་སྣང་དང་དཔལ་འབྱོར་ལ་དཔག་པའི་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན།
ནད་རྩིས་ནི། ནད་བྱེ་བྲག་གང་རུང་གིས་མནར་བ་ཡིན་ན་ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན། སྤྱིར་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བ་ཙམ་གྱིས་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། རབ་བྱུང་ན་ཐོག་མར་ནད་ཀྱིས་མནར་བའི་སྐབས་སུ་ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཛ་དྲག་ཆེན་པོར་མི་འགྱུར་བ་སོགས་ཀྱི་སྔོན་འགོག་ཐུབ། ནད་ཐོག་ལའང་སྨན་གྱིས་ནུས་སྟོབས་དང་དྲག་བསྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་གྱུར་བ་ཡིན།

ཁྱད་པར་དུ་ཕོ་འབྲས་ནད་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི།

 

འབྲས་ནད་སོགས་ཐོར་བུའི་ནད་རིགས་བཅུ་གསུམ་ནི་འབྱུང་བའི་ཁམས་སྣ་ཚོགས་པ་ལས་བྱུང་བ་སྟེ། མེ་གཉིས་ལྕགས་གཉིས་ས་གཅིག་དང་། །ས་གཉིས་ཤིང་གཉིས་ཆུ་གཅིག་དང་། །ཆུ་གཉིས་ཤིང་གཉིས་ལྕགས་གཅིག་དང་། །ལྕགས་གཉིས་ཤིང་གཉིས་མེ་གཅིག་དང་། །མེ་གཉིས་ཤིང་གཉིས་ས་གཅིག་རྣམས། །འབྱུང་བ་ཤར་བ་ཐོར་བུའི་ནད། །དེ་ལྟར་ཤེས་བྱ་ཐོར་བུ་ལ། །བཅུ་གསུམ་དག་ཏུ་འདོད་པ་ཡིན། དེ་ལྟ་བུའི་ནད་ལ་རྐྱེན་དང་གནོད་པ་ནི། ཐབ་གཞོབ་གཏོང་བ་དང་། འཁོན་འཁྲུག་བྱུང་བ། བཙོག་གྲིབ་ཕོག་ཅིང་མནོལ་ཤོར་བ་སོགས་ཡིན། དེ་དག་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བརྒྱ་བཞི་གཏོང་། ཆ་གསུམ་ལོ་གྲངས་གཏོང་། ཆོས་སུ་གནམ་ས་སྣང་བརྒྱད་ཤར་ཕྱོགས་ལ་ཞལ་གཟིགས་ཏེ་ཀློག བཀྲ་ཤིས་བརྩེགས་པ་ལྷོར་ཞལ་གཟིགས་ཏེ་ཀློག སྟོབས་པོ་ཆེ་ནུབ་ལ་ཞལ་གཟིགས་ཏེ་ཀློག དག་པ་གསེར་གྱི་མདོ་ཐིག་བྱང་ལ་ཞལ་གཟིགས་ཏེ་ཀློག ཉེས་པ་ཀུན་སེལ་དང་། སྤང་སྐོང་འདོན། སྲོག་བསླུ་འམ་ཚེ་ཐར་གཏོང་། བཟང་སྤྱོད་འཆི་བསླུ་བྱ། གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔག་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཀྱིས་ཕྱག་མཆོད་བྱའོ། །འདི་ནི་འབྲས་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།