སྨན་རྩིས་དྲ་བ། - ཆམ་རིམས།

  


ཆམ་རིམས།

དང་པོ། ཆམ་རིམས་ཀྱི་ངོ་སྤྲོད།
ཆམ་རིམས་ཟེར་བ་དེ་ནི་སྣ་ཁུང་གཡས་གཡོན་ནས་རྩ་རོ་རྐྱང་གཉིས་ཀྱི་མར་སྣེ་ཟངས་དུང་ཁ་གདངས་བ་ལྟར་ཐུར་དུ་བསྟན་ཡོད་པ་དེར་ནད་དུག་རླུང་དང་རྡུལ་འཚུབ་སོགས་བཙོག་གྲིབ་ཕོག་པ་དང་ཟས་སྤྱོད་ལོག་པ་ལས་ཆམ་ལ་ཕབ་པས་ན་ཆམ་པ་དང་། དེ་ལྟ་བུའི་ཆམ་པ་ཕོག་པའི་ནད་པའི་ཁ་རླངས་སོགས་བརྒྱུད་ནས་མི་ནད་མེད་གཞན་དག་མང་པོར་གཅིག་ནས་གཅིག་ཏུ་རིམ་པས་འགོ་བ་ལ་ཆམ་རིམས་ཞེས་ཟེར་བ་ཡིན། ཆམ་རིམས་ཀྱི་ནད་གཞི་འདི་ནི་དུས་ཚིགས་རེར་བྱུང་བས་འགོས་མགྱོགས་པ་དང་། ཡོང་ཤུགས་ཆེ་བ་ཞིག་ཡིན་པ་མ་ཟད། ལོ་ན་རྒན་གཞོན་ཚང་མར་ཕོག་པའི་ནད་ཞིག་ཀྱང་ཡིན། གཙོ་བོ་ལུས་ཀྱི་དབུགས་འབྱིན་རྔུབ་མ་ལག་ལ་གཉན་ཁ་རྒྱས་པ་ཞིག་ཡིན་པས་ལྷག་པར་ལོ་ན་རྒས་པ་དང་། བྱིས་པ། ལུས་ཀྱི་ཟུངས་སྟོབས་ཞན་ཞིང་གཅོང་ནད་ཡོད་པ་རྣམས་ལ་ནད་འདི་ལྕི་ལ་ན་ཡུན་རིང་བ་མ་ཟད། ད་དུང་ཀླད་ཚད་དང་། གློ་ཚད། བཤལ་རིམས་སོགས་རིམས་ནད་གཞན་དག་ཀྱང་འགོ་སླ་བ་ཡོད།
གཉིས་པ། རྒྱུ་རྐྱེན།
ཆམ་རིམས་ནད་ཀྱི་རྒྱུ་ནི་རིམས་ནད་སྤྱི་དང་འདྲ་བ་ལ། སྐྱེ་མཆེད་ཀྱི་རྐྱེན་ནི་མི་གཙང་བའི་ཟས་དང་སྤྱོད་ལམ་དང་ཁ་ཟས་སོགས་འདྲེས་པ་དང་། སྣ་བུག་གཡས་གཡོན་གྱི་རྩ་ལ་རྡུལ་འཚུབ་དང་གྲིབ་སོགས་ཕོག་པས་རྩ་དེ་ཆམ་ལ་ཕབ་པས་ཆམ་ནད་འབྱུང་བ་དང་། གཞན་ཡང་བ་མོའམ་ཆུ་རྡུལ་གྱི་ཟིལ་བ་དང་། ཐལ་རྡུལ་སོགས་ཕོག་པ་དང་། གློ་བུར་དུ་རྣ་བའི་ཡུལ་དུ་སྒྲ་དྲག་ཏུ་བསྒྲགས་པ་ཐོས་ཤིང་སེམས་ལ་འཇིགས་དངངས་བྱུང་ནས་ལུས་ཁམས་ཀྱི་འདུ་བ་འཁྲུགས་པ་དང་། གཉིད་ཡེར་བ། ཡང་ན། གཉིད་ཀྱིས་འཐིབས་ནས་ལོག་དྲགས་ཤིང་སྔས་མགོ་མཐོ་བ། ཆུ་གྲང་མང་དུ་འཐུངས་པ། ཉལ་པོ་སྤྱད་དྲགས་པ། རྒྱུན་ལྡན་གཙང་འཕྲོད་ལ་དོ་སྣང་མེད་པའམ་ཆུང་དྲགས་པ། མེ་ཡི་དུད་འཚུབ་ཕོག་པ་སོགས་ཀྱིས་རླུང་ཤས་ཆེར་རྒྱས་ཤིང་ཉེས་པ་དག་འཁྲུགས་པར་གྱུར་ནས་ཆམ་ནད་སྐྱེད་པ་མ་ཟད། ཁྱད་པར་དུ་དགུན་དཔྱིད་གནམ་གཤིས་འགྱུར་ལྡོག་བྱུང་བ་དང་། ལུས་སྟོབས་ཞན་ཞིང་ནད་འགོག་གི་ནུས་པ་ཆུང་བའི་སྐབས་སུ་འདུ་ལོང་ཆེ་སར་ཕྱིན་ནས་དུ་བ་རླངས་པས་རིམས་དྲི་སྣ་ལ་འཇུག་པ་དང་། ལུས་ངག་གི་སྤྱོད་ལམ་དྲག་ཤུལ་བྱས་པ་དང་། ཁ་ཟས་བསིལ་དྲོད་འགྲངས་ལྟོགས་སོགས་མ་སྙོམས་ཤིང་ལུས་ཁམས་དང་མི་མཐུན་པ་དེ་ཡི་དབང་གིས་འབྱུང་བ་འཁྲུགས་པས་ལུས་ཁམས་ལ་གློ་བུར་དུ་ཚ་གྲང་འཐབ་པ། ཐལ་རྡུལ་དང་། ཆམ་རིམས་ཀྱི་ནད་ཕོག་པའི་ནད་དུག་དེ་ནད་པའི་སྣ་ཁུང་དང་། གྲེ་བ་མགྲིན་པ་བཅས་སུ་གནས་ཀྱི་ཡོད་སྟབས་ནད་པས་གློ་དང་ཧབ་སྦྲིད་རྒྱག་པ། སྐད་ཆ་ཤོད་པ་སོགས་ཀྱི་སྐབས་མཁའ་རླུང་བརྒྱུད་ཡམས་ཐབས་སུ་རིམ་གྱིས་གཅིག་ནས་གཅིག་ལ་འགོས་ཁྱབ་བྱུང་ནས་ཆམ་རིམས་ཀྱི་ནད་སློང་གི་ཡོད།
གསུམ་པ། དབྱེ་བ།
ཆམ་ནད་ཀྱི་དབྱེ་བ་བཞི་སྟེ།༡།  གྲེ་བར་བབས་པས་གྲེ་ཆམ་དང་། ༢།  གློ་བར་བབས་པས་གློ་ཆམ། ༣། རིམས་དང་བསྡོངས་པས་རིམས་ཆམ། ༤། སྣ་ལ་བབས་པས་སྣ་ཆམ་དང་ད་དུང་རླུང་མཁྲིས་བད་ཀན་གསུམ་ཤས་ཆེ་ཆུང་དབང་གིས་མི་འདྲ་བ་མང་ངོ་།།

བཞི་པ། ནད་རྟགས།

སྤྱིའི་རྟགས།
Øནད་དེ་ཕོག་ཡོང་བའི་སྐབས་སུ་ཐོག་མར་གྲང་ཤུམ་རྒྱག་པ།
Øམགོ་དང་ཚིགས་གཞི་ཚང་མ་ན་བ།
Øཧབ་སྦྲིད་རྒྱག་པ།
Øརྐན་ཕུགས་དང་གྲེ་བ་དམར་པོ་ཆགས་པ།
Øགྲེ་བ་དང་སྣ་བུག་གཉིས་ཀ་ཚ་ཞིང་འགགས་པ།
Øསྐོམ་དད་ཆེ་བ།
Øཚ་བ་རྒྱས་པ།
Øལུས་ཡོངས་ཀྱི་ཤ་སྒྲིམ་ལ་ན་ཟུག་གཏོང་བ།
Øལུས་ཉོབ་པ།
Øགློ་རྒྱག་པ།
Øསྣ་ཆུ་མང་པོ་འཛག་པའམ་སྣ་ཁྲག་འདོན་པ།
Øཟས་ཀྱི་བྲོ་བ་ཤོར་བ་དང་དང་ག་མེད་པ།
Øཕྲུ་གུ་ཡིན་ན་འོ་མ་སྐྱུག་པའམ་ཡང་ན་གྲོད་ཁོག་བཤལ་བ།
Øབྱིས་པ་དང་ལོ་ན་རྒས་པ། ལུས་ཀྱི་ཟུངས་སྟོབས་དང་ནད་འགོག་ནུས་པ་ཞན་པའི་རིགས་ལ་ནད་འདི་ཕོག་ན་ནད་གཞི་ལྕི་ཞིང་ནད་གཞན་འགོ་སླ་བས་ཐོག་མ་ཉིད་ནས་ཟས་སྤྱོད་སྨན་བཅོས་ལ་གཟབ་ནན་གྱིས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་པའི་བློ་རྩེ་གཏད་དགོས་སོ།།

བྱེ་བྲག་གི་རྟགས།
༡།  གྲེ་ཆམ་གྱི་རྟགས།
Øཐོག་མར་གྲེ་བ་ཚ་ཞིང་སྐད་འགག་པ།
Øརྐན་དང་མཚུལ་པ་བཅས་ཚ་བ།
Øབར་དུ་སྣ་ཆུ་འཛག་པ་དང་། མཚུལ་པ་འགག་པ།
Øཐ་མར་ཧབ་སྦྲིད་མང་ཞིང་ཡང་ཡང་བསྟུད་ནས་རྒྱག་པ་སོགས་ཡིན་པས་གྲེ་ཆམ་སོགས་ཆམ་ནད་ཆུང་ངུའི་རིགས་ལ་ཟས་སྤྱོད་སོགས་གཟབ་ནན་བྱས་ན་སྨན་བཅོས་མི་དགོས་པ་རང་བཞིན་གྱིས་དྲག་སྐྱེད་ཡོང་ཐུབ་པའང་ཡོད།
༢།  གློ་ཆམ་གྱི་རྟགས།
Øཐོག་མར་གྲེ་བ་ཚ་ཞིང་སྐད་འཛེར་བ།
Øབར་དུ་གློ་མང་བ་དང་། མགོ་དང་བྲང་རྒྱབ་ན་བ།
Øཐ་མ་ལུད་པ་རྣག་ཏུ་ལུ་ཞིང་གློ་གཅོང་དུ་འགྱུར་བ་ཡིན།
Øལྷག་པར་གློ་ཆམ་འདི་དུས་སུ་བཅོས་ཐབས་མཐར་ཕྱིན་པ་ལེགས་པོ་མ་བྱུང་ཚེ་དེང་སྐབས་འགོས་ཁྱབ་ཆེ་བའི་གློ་གཅོང་ཆེན་པོ་ཟད་བྱེད་ (TB) དང་དབུགས་མི་བདེ་བའི་ནད་སོགས་སུ་འགྱུར་ཉེན་ཆེ་བས་ཡིད་གཟབ་དགོས་པ་ཡིན།
༣།  སྣ་ཆམ་གྱི་རྟགས།
Øསྣ་ནང་ཚ་བ།
Øཟ་གཡའ་ཡང་ཡང་བྱེད་པ།
Øསྣ་ཆུ་མང་དུ་འཛག་པ་སོགས་ཀྱི་རྟགས་འབྱུང་བ་ཡིན།
Øལྷག་དོན་ཡ་མ་དང་བསྡོང་ཚེ་སྣ་ནང་ཤ་ལུ་སྐྱེས་ནས་གཉན་ཁ་རྒྱས་ཤིང་ཡུན་རིང་སོང་བའམ་སྨན་བཅོས་ལེགས་པོ་དང་ཟས་སྤྱོད་ལ་དོ་སྣང་མ་བྱུང་ན་སྣ་འབྲས་ (Cancer)ལ་འགྱུར་ཉེན་ཡོད།
༤།  རིམས་ཆམ་གྱི་རྟགས།
Øརིམས་ཆམ་ནི་ཆམ་ནད་གཞན་ལས་འགོས་ཁྱབ་ཆེ་བ་དང་། ཡོང་ཤུགས་ཆེ་བ་ཞིག་ཡིན།
Øཐོག་མར་ཕོག་སྐབས་མགོ་དང་རྐང་ལག་གི་ཚིགས་རྣམས་ན་བ།
Øབྱིན་ཉྭར་ན་ཟུག་གཏོང་བ།
Øརོ་སྟོད་མི་བདེ་ཞིང་བརླ་རྐེད་བརྡུངས་སྙམ་བྱེད་པ།
Øཁ་ཏིག་ཁ་བ།
Øདང་ག་མི་བདེ་བ།
Øགྲང་ཤུམ་བྱེད་པ།
Øསྲོད་ལ་ཤ་དྲོད་ལྷག་པར་ཚ་བ།
Øམཚན་ལ་རྨི་ལམ་ཟ་ཟི་མང་བ།
Øསྐབས་དེར་སྤྱོད་ལམ་དྲག་ཤུལ་གྱི་ལས་དང་། ཟས་སྐོམ་ཤ་ཆང་སོགས་དྲོད་བཅུད་རིགས་ཤོར་ནས་ནད་རྒྱས་པར་གྱུར་ན་ཆམ་པར་སྐྱུར་ཤོར་བ་ཞེས་ནད་འདིའི་འཆི་བ་མང་དུ་འབྱུང་ཕྱིར་ཟས་སྤྱོད་ལ་དོ་ནན་བྱེད་དགོས་སོ།།
ཆམ་རིམས་ཀྱི་ནད་རྟགས།


ལྔ་པ། ཟས་སྤྱོད་ཀྱི་ཕན་གནོད།
ནད་གང་ཞིག་ལ་གསོ་བར་བྱེད་པའི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་ཡི་ནང་ནས་ཟས་སྐོམ་གྱི་ཕན་གནོད་སོགས་ལེགས་པར་བརྟགས་ནས་ཚུལ་བཞིན་ལོངས་སྤྱད་ན་ལུས་དང་སྲོག་ལ་ཉེ་བར་ཕན་པས་ཡུན་རིང་དུ་འཚོ་ཐུབ་ཅིང་། གལ་ཏེ་དེང་དུས་ཀྱི་སྟབས་བདེ་དང་བཅོས་མའི་ཟས་སྐོམ་རིགས་འདྲ་མིན་ཡོད་པ་རྣམས་བག་མེད་དུ་ཟོས་ཤིང་འཐུང་སྟེ་དམན་ལྷག་ལོག་པ་གང་རུང་གྱུར་ན་ནད་ཅི་རིགས་པ་སྐྱེད་དེ་འཕྲལ་དུ་ལུས་དང་། སྲོག་ལ་གནོད་པར་འགྱུར་བ་དེའི་ཕྱིར་ཟས་སྐོམ་གྱི་སྦྱོར་བ་ལ་ལྷག་པར་ཐུགས་སྣང་གནང་དགོས། ལུས་སེམས་ལྷན་ཅིག་དུ་འཚོ་བའི་སྲོག་ནི་ཁམས་སྙོམས་པའི་ལུས་ཟུངས་ལ་རག་ལས་ཤིང་། ལུས་ཟུངས་ནི་སྐྱེད་བྱེད་ཀྱི་ཕོ་བའི་མེ་དྲོད་ལ་རག་ལས་པ་དང་། ཕོ་བའི་མེ་དྲོད་དེ་ཡང་ཕན་གནོད་ཀྱི་ཟས་སྐོམ་སོགས་ལ་རག་ལས་ཡོད།
Øགཙོ་བོ་ནམ་དུས་ལ་གཞིགས་པས་ཆུ་བསྐོལ་མང་ཙམ་བཏུང་དགོས་ཏེ། ཆུ་བསྐོལ་གྱིས་ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་འཇུ་བ། ཆམ་པ་སོགས་ནད་རིམས་ཆུང་བའི་རིགས་སྔོན་འགོག་ལ་ཕན།
Øརྒྱུན་ལྡན་རྒན་གཞོན་ཚང་མས་ཕོ་བའི་འཇུ་སྟོབས་ལ་གཞིགས་པས་ཉིན་རེར་ནས་གྲོའི་རྩམ་པ་ཐེངས་རེ་བསྟེན་ན་ལུས་ཀྱི་ཟུངས་སྟོབས་སྐྱེད་པ་མ་ཟད་ཆམ་རིམས་སོགས་སྔོན་འགོག་ལ་ཕན།
Øདེ་བཞིན་ཡུན་སོང་བའི་རྙིང་པ་མ་ཡིན་པའི་སྔོ་ཚལ་དང་ལེགས་པར་སྨིན་པའི་ཤིང་འབྲས་རིགས་སོགས་གང་མང་བསྟེན་དགོས་ཏེ། དགོས་ངེས་ཀྱི་འཚོ་བཅུད་ (Vitamin) ཐམས་ཅད་འདི་དག་ལས་ཐོབ་པ་ཤས་ཆེ་བས་ལུས་ཀྱི་ཟུངས་སྟོབས་ཇི་ཙམ་ཤུགས་ཆེ་བ་ལས་ནད་འགོག་མ་ལག་གི་ནུས་པ་ཇེ་ཆེར་སྐྱེད་ནས་ཆམ་རིམས་སོགས་ཀྱི་ནད་ལུས་ལ་འགོ་དཀའ་བ་ཡོད།
Øནམ་དུས་ཚ་གྲང་ལ་གཞིགས་པས་ཆུ་འཐུང་བ་ལས་འཁྱག་སྒམ་ནང་གི་ཆུ་ཧ་ཅང་གྲང་མོ་དང་། ཚྭ། སྒོག་པ། འཁྱག་པ་བྱི་རིལ། བཅོས་མའི་ཆུ་མངར་སོགས་ཚོད་མེད་ལོངས་སྤྱོད་དྲགས་རྒྱུ་མེད།
Øསྣུམ་ནང་དུ་བརྔོས་པའི་ཟ་མ་དང་། ཚིལ་ཞག་ཆེ་བའི་ཟ་མའི་རིགས་ཀྱང་ཉུང་ཉུང་བཟའ་དགོས།
Øསྤྱོད་ལམ་ཡང་རབ་བྱུང་ན་ཉིན་ལྟར་ཞོགས་པ་སྔ་པོ་ལངས་ནས་དུས་ཡུན་སྐར་མ་སུམ་ཅུ་ཙམ་སྒོམ་རྒྱག་པ་བཟང་།
Øཉིན་ལྟར་ལུས་སྦྱོང་བྱེད་པ་ཡིན་ན་ལུས་སེམས་སྙོམས་སྒྲིག་གི་ནུས་པ་ཆེན་པོ་ཐོན།
Øདུས་ཐོག་ལ་ཁ་ཟས་ཟ་བ་དང་མཚན་ལ་གཉིད་འདང་ངེས་དགོས།
Øགློ་བུར་དུ་བང་རྒྱུགས་པ་སོགས་བྱས་ནས་ལུས་ཁམས་ལ་ཚ་གྲང་འཐབ་པ། ཆར་རླུང་དང་གྲང་ངར་ཡོད་སར་གོས་སྲབ་མོ་གྱོན་ནས་འགྲོ་བསྐྱོད་སོགས་བྱ་རྒྱུ་མེད།
Øདམིགས་བསལ་གྱིས་དགུན་ཚུགས་པ་དང་མཉམ་དུ་ང་ཚོས་ངེས་པར་དུ་རང་གི་གཟུགས་པོའི་གནས་བབ་དང་། ཟས་སྐོམ། ཕྱི་ནང་གང་དུ་སྡོད་ཀྱང་ལུས་ཀྱི་དྲོད་ཚད་དང་། གཙང་སྤྲ་བཅས་ལ་དོ་སྣང་བྱེད་དགོས་སོ།།


དྲུག་པ། སྔོན་འགོག་ནི་ཆེས་ལེགས་པའི་འདམ་ག་ཞིག་ཡིན།
Øཐོག་མར་ཆམ་རིམས་ཕོག་པའི་ནད་པ་ཡོད་ཚེ་ལམ་སེང་སྨན་པར་བསྟེན་ནས་སྨན་བཅོས་བྱེད་དགོས།
Øཚ་དྲོད་སྙོམས་པའི་ཆུ་འཁོལ་མང་ཙམ་རྒྱུན་བཏུང་བྱེད་པས་ཆམ་པ་དང་རིམས་གསར་བཟློག་ནུས། 
Øའཚོ་བཅུད་ལྡན་པའི་ཟ་མ་བསྟེན་དགོས་ཏེ། འཚོ་བཅུད་ལྡན་པའི་ཟས་ཟེར་བ་ནི་ཤ་རིགས་བཟའ་བར་ཁོ་ནར་གོ་མི་རུང་། མིའི་ལུས་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་ཞིག་ཐོབ་དགོས་ན། ང་ཚོས་ངེས་པར་དུ་སྔོ་ཚལ་རིགས་དང་། ཤིང་ཏོག་རིགས་སོགས་ཟས་རིགས་སྣ་ག་མང་ཙམ་རྒྱུན་དུ་བཟའ་དགོས་པ་གལ་ཆེ།
Øམི་གཞན་ལ་ན་ཚ་མ་འགོས་པའི་ཆེད་དུ་ཁ་རས་རྒྱག་དགོས།
Øཁ་ལུད་སྣབས་ལུད་གང་བྱུང་དུ་གཡུགས་མི་ཉན།
Øཁང་པའི་ཕྱི་ནང་དུ་གཙང་སྦྲ་ཡག་པོ་བྱེད་དགོས།
Øཐ་མག་འཐེན་པ་ནི་རང་གཞན་ཀུན་ལ་གནོད་ཚབས་ཆེ་བའི་བྱ་བ་ཞིག་ཡིན་པས་རབ་བྱུང་ཚེ་རྩ་བ་ནས་ཐ་མག་སྤོང་བ། དེ་མིན་ཁྱིམ་གྱི་ནང་སོགས་མི་ཚོགས་ཡོད་སར་ཐ་མག་འཐེན་རྒྱུ་སྤང་དགོས།
Øཕྱི་ནང་གང་དུ་སྡོད་ཀྱང་ནམ་དུས་ལ་གཞིགས་པས་གོས་དྲོན་པོ་གྱོན་དགོས།
Øནམ་དུས་གྲང་ངར་ཆེ་སྐབས་ཕྱི་ལ་ཐོན་དུས་མགྲིན་པ་དང་། ཁ། སྣ་སོགས་བཀབ་ནས་རླུང་གྲང་མོ་ཐད་ཀར་ཕོག་མི་རུང་།
Øརང་གི་ཁོར་ཡུག་གི་གད་སྙིགས་སོགས་མི་གཙང་བའི་རིགས་གཙང་འཕྱག་བྱེད་དགོས།
Øང་ཚོ་ཕྱི་ལ་ཐོན་ནས་མི་དང་ལག་འཇུ་བྱས་པ། ཁྱི་སོགས་སེམས་ཅན་དང་ཅ་དངོས་གང་བྱུང་ལ་ལག་པ་བཅངས་བ། སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་སོགས་སུ་བསྡད་དུས་ལག་པ་བཅངས་རྗེས་གཙང་བཀྲུ་བྱེད་དགོས་པ་དང་། ཁྱད་པར་གསང་སྤྱོད་བེད་སྤྱོད་བྱས་རྗེས་ལག་པ་གཙང་མ་འཁྲུ་དགོས་པ་བཅས་འཕྲོད་བསྟེན་གྱི་གོམས་འདྲིས་བཟང་པོ་ལྡན་པ་བྱེད་དགོས།
Øཆམ་རིམས་ནད་བསྐྱེད་མཁན་གྱི་འབུ་ཕྲ་དེ་མིའི་ཁ་དབུགས་བརྒྱུད་ནས་འགོ་བ་མ་ཟད། གཞན་ད་དུང་ང་ཚོའི་ལག་འགོར་འགོས་པ་རྣམས་གཙང་མ་མ་བཀྲུས་པ་ལ་བརྟེན་ནས་ཁ་དང་སྣ་མིག་བཅས་སུ་འཛུལ་ནས་ང་ཚོར་ཆམ་ནད་ཕོག་གིན་ཡོད་པས་ཡིད་གཟབ་དགོས།
Øབདེ་ཐང་གི་མི་ཚོས་རང་ཉིད་ཀྱི་ཉེ་འཁོར་དུ་ཆམ་རིམས་ན་མཁན་ཡོད་དུས་ཁ་རས་རྒྱག་རྒྱུར་དོ་སྣང་བྱེད་དགོས།
Øརྒྱུན་ལྡན་ནམ་དུས་དང་བསྟུན་ནས་འཕྲུལ་ཐང་སོགས་སྔོན་འགོག་སྨན་ཐང་གཏོང་དགོས།
Øརིམས་སྲུང་རིལ་བུ་རྒྱུན་དུ་སྐེར་བཏགས་པ་དང་སྔ་དྲོ་ལྟོ་སྟོང་གི་དུས་སྣར་རིལ་བུའི་དྲི་བསྣམས་དགོས།
Øརྒྱུན་དུ་མ་ནི་རིལ་བུ་གསུམ་ལས་མ་ཉུང་བ་གཏོང་གལ།
Øསྡོད་ཁང་ཡང་ཞ་རློན་གཏན་ནས་མེད་པ་དགོས།
Øདེ་མིན་ཕོར་པ་དང་། ཐུར་མ་ལྟོ་སྣོད་བཅས་ཀྱང་ཆུ་འཁོལ་མས་དུག་སེལ་མ་བྱས་པར་གང་བྱུང་དུ་བེད་སྤྱོད་གཏོང་རྒྱུ་མེད།
Øམདོར་ན་གོང་གི་སློང་རྐྱེན་དེ་དག་སྤོང་བ། རྒྱུན་ལྡན་གཙང་འཕྲོད་ལེགས་པོ་བྱ་རྒྱུ་དང་ཟས་སྤྱོད་གཉིས་ལ་གཟབ་ནན་གྱིས་ལུས་ཟུངས་རྒྱུན་འཛིན་བྱེད་རྒྱུ་ནི་ཆམ་རིམས་སོགས་ནད་ཐམས་ཅད་ཀྱི་སྔོན་འགོག་ཡག་ཤོས་དེ་ཡིན་པས་དེ་དོན་ཡིད་འཇགས་དགོས་པ་འཚལ་ལོ།།


བདུན་པ། ཞར་བྱུང་རིམས་སྲུང་རིལ་བུ་སོགས་ཀྱི་ཕན་ཡོན།
༡། རིམས་སྲུང་དགུ་སྦྱོར་གྱི་ཕན་ཡོན།
ལོ་ངོ་སྟོང་ཕྲག་འགའ་ཤས་སྔོན་ནས་དར་ཁྱབ་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་རིམས་ནད་ཀྱི་སྐོར་མང་པོ་གསུངས་ཡོད་པའི་ཁོངས་རྫས་ཀྱི་སྲུང་བ་རིམས་སྲུང་དགུ་སྦྱོར་རིལ་བུ་འདི་ཉིད་ཀྱི་ཕྱི་འཐུམ་དུ་རང་གི་འབྱུང་ཁམས་ཀྱི་ཁ་དོག་དང་མཐུན་པའི་དར་རས་ཀྱིས་བཏུམས་པའི་འཐུམ་པོ་རྒྱུན་དུ་སོ་སོའི་སྐེར་བཏགས་ལ། ཁྱད་པར་ནད་ཡམས་དར་དུས་སྔ་དྲོ་ལྟོ་སྟོང་གི་དུས་དང་། ནད་པའི་མདུན་དུ་བསྐྱོད་པ། ཕྱོགས་སྐྱོད་བྱེད་སྐབས་བཅས་སུ་སྣ་སྒོར་དྲི་མ་བདུག་པས། རིམས་ནད་མེ་ལྟར་འབར་ཡང་ཅིས་ཀྱང་མི་ཚུགས་པར་སྲུང་ཐུབ་པར་གསུངས་སོ།།

༢། འཕྲུལ་ཐང་གི་ཕན་ཡོན།
ཆམ་རིམས་ཀྱི་གྲང་ཤུམ་རྒྱག་པ། མགོ་དང་རྐང་ལག་གི་ཚིགས་རྣམས་ན་བ། གློ་རྒྱག་པ། མིད་པ་ཚ་བ། སྐད་འགགས་པ། སྐོམ་དད་ཆེ་བ། རིམས་ཚད་གཉན་སོགས་སྨིན་པ་དང་སྡུད་པར་ཕན། གཞན་ཡང་ཆམ་རིམས་སྔོན་འགོག་ཐུབ་པ་དང་། ཁྲག་རླུང་སྟོད་འཚངས་ཀྱིས་རྒྱབ་མདུན་གཟེར་བ། ཁ་ལྕེ་སྐམ་པ། ཁྲག་འཁྲུགས་པ་སོགས་ལ་ཕན། འཕྲུལ་ཐང་འདི་ནམ་དུས་དང་ལུས་ཟུངས་ལ་གཞིགས་པས་སྐབས་དུས་སོ་སོར་བསྟེན་པ་མ་ཟད། ས་ཕྱོགས་གཞན་དང་མི་འཛོམས་ཆེ་སར་བསྐྱོད་དུས་ངེས་པར་དུ་བེད་སྤྱོད་བྱ་ཐུབ་ན་ཆམ་པའི་ནད་རིགས་སྔོན་འགོག་དང་ཆམ་རིམས་ཕོག་ཟིན་ཡང་གོང་གི་ནད་རྟགས་རྣམས་ཞི་བར་བྱེད་པ་ཡིན།

༣། ཆུ་བསྐོལ་གྱི་ཕན་ཡོན།
རང་རེའི་སྤྱི་ཚོགས་ནང་དུ་ཆུ་ཁོལ་བཏུང་བའི་གོམས་འདྲིས་དེ་ཙམ་མེད་པར་མ་ཟད། རྩམ་རྐྱང་དང་ཆུ་ཁོལ་མ་གཉིས་ནི་ནད་པའི་ཟས་སྐོམ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག འདི་ནི་ཕལ་ཆེར་ཆུ་ཁོལ་མའི་དགེ་མཚན་ནམ་ཕན་ཡོན་མ་ཤེས་པས་ཡིན་གྱི་རེད། དེའི་ཕྱིར་ཆུ་ཁོལ་བཏུང་བའི་ཕན་ཡོན་མདོར་ཙམ་ཞིག་གོ་བདེ་པོའི་ངང་ནས་ངོ་སྤྲོད་ཞུ་བ་ལ།
1. སྤྱིར་ཆུ་ལ་ཆར་ཆུ། གངས་ཆུ། ཆུ་ཀླུང་ཆུ། ཆུ་མིག་ཆུ། ཁྲོན་པའི་ཆུ། རྒྱ་མཚོ་ལྟ་བུ་བ་ཚྭ་ཅན་གྱི་ཆུ། ཤིང་ཆུ་སོགས་རིམ་པས་དང་པོ་མཆོག་དང་ཕྱི་མ་དམན་པའི་ཡག་སྡུག་གི་དབྱེ་བ་མང་ཡང་ཆུ་གང་དེ་ཐོན་སའམ་འབབ་སའི་ས་ཕྱོགས་གཙང་ཞིང་ཉི་འོད་དང་རླུང་བསེར་བུའི་རེག་བྱ་ཕོག་པའི་ཆུ་དེ་བཟང་ཞིང་དེ་ལས་ལྡོག་པའི་ཆུ་དེ་ངན་ནོ།།
2. ལྦུ་བ་མ་སངས་བར་དུ་ལེགས་པར་བསྐོལ་པའི་ཆུ་དེ་རྒྱུན་དུ་མང་ཙམ་བཏུང་ན་ཕོ་བའི་མེ་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བའི་གྲོགས་བྱེད། སྐྱིགས་བུ་སེལ་ཞིང་བད་ཀན་གྱི་ནད་ལ་ཕན། གྲང་བའི་ཕོ་བ་སྦོས་པ་ཞི་ཐུབ། ཆམ་པ་སོགས་རིམས་གསར་གྱི་ནད་མི་ཕོག་པའི་སྔོན་འགོག་ལ་ཕན་པ་ཆེ།
3. བསྐོལ་ནས་གྲང་དུ་བཅུག་པའི་ཆུ་དེ་བཏུང་ན་བད་ཀན་གྱི་ནད་མི་སྐྱེད་ཅིང་མཁྲིས་པའི་ནད་སེལ། འོན་ཀྱང་ཞག་གཅིག་ལོན་ན་རྩ་བ་ནས་སྤྱོད་མི་རུང་། ཆུ་དེ་གྲང་རྗེས་སླར་ཡང་བསྐོལ་བའམ་ཆུ་ཁོལ་བ་རྙིང་པའི་སྟེང་ཆུ་གསར་བསྣན་ནས་བཏུང་ནའང་ལུས་ལ་མི་འཕྲོད་པ་ཡིན།
4. ཟས་ཟོས་པའི་རྗེས་སུ་ཆུ་ཁོལ་བཏུང་ན་ཟས་སྐོམ་གཉིས་འདྲེས་ནས་ཟས་ཀྱི་རྡོག་པོ་དག་བཤིག་ཅིང་མྱག་ནས་བདེ་བླག་ངང་འཇུ་བ་དང་ལུས་བརྟས་ཤིང་སྟོབས་འཕེལ་བར་བྱེད། འོན་ཀྱང་ནམ་ཚོང་ངམ་ལུས་སྟོད་ཡན་ཆད་ཀྱི་ནད་ཡོད་པ་དག་གིས་ཟས་ཟོས་རྗེས་སུ་བཏུང་ན་གནོད་ཅིང་མི་འཕྲོད། ཁ་ཟས་གང་ཟོས་པ་དེའི་སྔོན་དུ་ཆུ་ཁོལ་བཏུང་ན་ལུས་ཤ་སྐེམ་པོར་འགྱུར་བ་དང་། ཁ་ཟས་དང་སྦྲག་ནས་བཏུང་ན་སྐེམ་སྦོམ་གང་ཡང་མ་ཡིན་པ་ལུས་ཤ་རན་པར་འགྱུར་བ་དང། ཐ་མར་བཏུང་ན་སྦོམ་པོར་ཆགས་པས་སོ་སོའི་ལུས་དང་འཚམས་པའི་སྒོ་ནས་སྤྱོད་རྒྱུ་གལ་ཆེ། སྐོམ་རིགས་གཞན་རྣམས་འདི་དང་རིགས་འགྲེས་ནས་ཤེས་པར་བྱའོ།། །།

བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།
བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ།
ཚེ་རབས་ལས་རྩིས་ནི། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུག་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་ཚན་གང་གི་ཕྱིར་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་ཟོགས་ཡོང་སྲིད་པའི་སྔོན་བརྡ་གཏང་ཡོད། དེའི་སྐབས་ཞབས་རིམ་སོགས་གསུང་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན་པ་དང་། སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་བར་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། མི་ཚེ་གཅིག་གི་ནང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཀྱང་ཡིན།

སྐེག་རྩིས་ནི།
ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བསྐོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད། འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔགས་པའི་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།

ནད་རྩིས་ནི། ནད་བྱེ་བྲག་གང་རུང་གི་མནར་པ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོ་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བའི་སྐབས་སུ་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཛ་དྲག་ཅན་དུ་གྱུར་བའི་སྐབས་སུ་ནད་རྩིས་བསྐོར་གྱི་ཡོད། རབ་བྱུང་ན་ནད་ཀྱི་ཐོག་མར་མནར་བའི་སྐབས་སུ་
ནད་རྩིས་བསྐོར་བ་ཡིན་ན། ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབ་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཐོག་ལ་སྨན་གྱིས་འཇུ་སྟོབས་མྱུར་བ་དང་། ནད་དྲག་བསྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་གྱུར་གྱི་ཡོད།

ཁྱད་པར་དུ་ཆམ་རིམས་ནད་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི།
མེ་གཉིས་ལྕགས་གསུམ་ཆམ་པ་དང་། །ཚད་པའི་ནད། མགོ་བོ་ན་བ། གྲེ་བ་ཚ་བ། ཁ་ཆུ་དང་སྣ་ཆུ་མང་བ། ཚ་བའི་ནད། འདྲེ་ཆེ་སོགས་གྲངས་བཅུ་བཞི་ཡོད་པ་རྣམ་ལ་རིམ་འགྲོ་མདོར་བསྡུས་ནི། ལས་སྒྲིབ་རྒྱུན་གཅོད་པའི་ཐབས་སུ། གཙུགས་གཏོར་གདུགས་དཀར་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། དྲི་མ་མེད་པའི་མདོ་འདི་གསུམ་ལོ་གྲངས་ཀློག་དགོས། ལས་ནད་ལ་ཕྱག་འཚལ་བསྐོར་སྦྱོང་དང་། དཀོན་མཆོག་གསུམ་ལ་མཆོད་པ་གང་ཐུབ་འབད་པར་བྱ། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཡིན་ནོ།། །།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།