གློ་གཅོང་ཟད་བྱེད།
དང་པོ། གློ་གཅོང་ཟད་བྱེད་ཀྱི་གོ་དོན།
བོད་ཀྱི་གསོ་བ་རིག་པ་ནས་གཅོང་ཆེན་ཟད་བྱེད་ཅེས་པའི་ནད་དེ་ལ་དེང་རབས་སྨན་ལུགས་ནས་ Tuberculosis (TB) ཞེས་བརྗོད་ཅིང་། འདི་ནི་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་འགོས་ཁྱབ་ཆེ་བའི་ནད་ཅིག་ཡིན།
གློ་གཅོང་ཆེན་པོ་ཟད་བྱེད་དམ་གློ་གཅོང་ཟད་བྱེད་ལ་དེང་རབས་སྨན་ལུགས་ནས་ Pulmonary Tuberculosisཞེས་འབོད་པ་ཡིན།
གློ་ཞེས་པ་ནི་གློ་བ་གཡས་གཡོན་གཉིས་ཏེ་ནད་འདི་ཕོག་པའི་ཡུལ་ལ་གོ་བ་དང་། {༡། གློ་བའི་དཔེ་རིས།} གཅོང་ནི་སྤྱིར་ཟླ་བ་མང་པོའམ་ཡུན་རིང་སོང་བའི་ནད་གཞི་རྙིང་པ་ལ་གོ་བ་ཡིན་ལ། སྐབས་འདིར་རྒྱུ་མ་ཞུ་བ་ལས་བྱུང་ཞིང་ཡུན་རིང་མནར་བའི་ནད་ཅིག་ལ་འཇུག ཟད་བྱེད་ནི་ནད་འདི་ཡིས་ལུས་ཀྱི་ཟུངས་སྟོབས་ཟད་པར་བྱེད་པའམ་ཉམས་པར་བྱེད་པ་བཅས་ལ་བལྟོས་ནས་ “གློ་གཅོང་ཟད་བྱེད་” ཅེས་ནད་མིང་བཏགས་པ་ཡིན།
གཉིས་པ། རྒྱུ་རྐྱེན།
རྒྱུ་རྐྱེན་གཙོ་བོ་ནི། གོང་དུ་གསལ་བ་ལྟར། རྒྱུ་ནི་མ་ཞུ་བ་ལས་བྱུང་བ་ཡིན་ཏེ། མ་ཞུ་བ་ཞེས་པ་ནི། ང་ཚོས་དུས་ཡུན་རིང་པོའི་བར་ཟས་སྐོམ་བསྟེན་སྟངས་མ་འགྲིག་པའམ། ཡང་ན་ལུས་པོའི་ནང་གི་འཇུ་བྱེད་མ་ལག་གི་ནུས་ཤུགས་ཞན་པའམ་འཇུ་སྟོབས་ཉམས་པའི་དབང་གིས་བཟའ་བཏུང་ལོངས་སུ་སྤྱོད་པ་ཀུན་ཚུལ་བཞིན་འཇུ་མ་ཐུབ་པར་བརྟེན་ནས་བྱུང་བའི་ནད་ཅིག་ལ་མ་ཞུ་བ་ཞེས་བརྗོད་པ་དང་། དེ་ནི་ཁོང་ནད་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན། འོན་ཏེ་རྒྱུ་གང་ཞིག་འབྲས་བུའི་རྣམ་པར་འགྱུར་བ་ལ་རྐྱེན་ངེས་པར་འཕྲད་དགོས་པ་ཆོས་ཉིད་ཡིན་པ་ཇི་བཞིན། གློ་གཅོང་ཟད་བྱེད་ཀྱི་རྒྱུ་དེར་གཤམ་གསལ་ཟས་དང་སྤྱོད་ལམ་ལོག་པའི་རྐྱེན་བྱས་ནས་ནད་མངོན་དུ་གྱུར་བའམ་དངོས་སུ་ལྡང་བ་ཡིན་དུས། རྐྱེན་འདི་དག་ལ་རྒྱུན་དུ་ནས་འགོག་ཐབས་བྱ་དགོས།
སློང་རྐྱེན་ཟས་རིགས།
Øཁ་ཟས་རྙིང་པ་སྟེ། ཉིན་ཞག་ལྷག་པའི་ཟས་དང་། འཁྱགས་སྒམ་ནང་བཞག་དྲགས་པའི་ཟས། སྐྱུར་ཟས་ཏེ། ཆང་སྐྱུར་མོ་དང་། དེང་དུས་སྙལ་སྦྱོར་བྱས་པའི་ཟས། དཔེར་ན། སྐྱུར་རྩི་ཆེ་བའི་སྙལ་ཚལ་ (Pickle) ལྟ་བུ་བསྟེན་དྲགས་པ།
Øམར་རྙིང་པ། སི་པན། རྒྱ་གར་གྱི་སྨན་སྣ་ (Spicy food) མང་བའི་ཁ་ཟས་སོགས་རོ་ཚ་བའི་རིགས་བསྟེན་དྲགས་པ།
Øདེང་དུས་ཁ་ཟས་བཅུད་མེད་ (Junk food) དང་། ཁ་ལག་གྲང་མོ་དང་རྗེན་པ། འཁྱགས་སྒམ་གྱི་ཆུ་བསིལ་རིགས་བསྟེན་དྲགས་པ།
སློང་རྐྱེན་སྤྱོད་ལམ།
Øདུ་བ་ཡོད་སར་ཡུན་རིང་བསྡད་པའམ། ཡང་ན་ཐ་མག་གི་དུ་བ་དང་གད་སྙིགས་མེར་སྲེག་པའི་དུ་བ་མང་པོ་གློ་བའི་ནང་སོང་བ།
Øགློ་ཆམ་དུས་ཐོག་ཏུ་མ་བཅོས་པར་འགྲམས་པ།
Øསྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐལ་དྲགས་པ། དཔེར་ན་སེམས་ངལ་བྱེད་དྲགས་པ། མཚན་མོར་གཉིད་ཞན་པ། ལུས་རྩལ་ལམ་རྩོལ་བཅག་བྱེད་དྲགས་པ་ལྟ་བུ།
Øབཤང་བ་དང་། གཅིན་པ་སོགས་འབྱུང་སྐབས་ཤུགས་ཀྱིས་བཀག་པའམ། ཡང་ན་མི་འབྱུང་བཞིན་དུ་བཙིར་དྲགས་པས་གཟུགས་པོའི་ནང་གི་རླུང་འཁྲུགས་པ་དང་ཆམ་པ་རྒྱག་པ།
Øལུས་ཟུངས་ཀྱི་སྣུམ་བཅུད་ཟད་པ་སྟེ། དྭངས་མ་ཟད་པ་ {དྭངས་མ་ནི། ང་ཚོས་ཟས་ཟོས་པ་དང་སྐོམ་འཐུང་བ་རྣམས་ཕོ་བའི་མེ་དྲོད་ཀྱིས་མྱག་བཞུ་དྭངས་སྙིགས་ཕྱེས་བའི་རྗེས་ཟས་ཀྱི་བཅུད་དམ་དྭངས་མ་དེ་ལ་ཟེར། དེ་ཡག་པོ་མ་བྱུང་ན་ཁྲག་སོགས་ལུས་ཟུངས་ཕྱི་མ་ཕྱི་མ་རྣམས་མི་རྒྱས་པའམ་ཟད་པ་ཡིན།} དང་། ཁྱད་པར་དུ་མདངས་མཆོག་ཟད་པ། {མདངས་མཆོག་ནི། ཟས་བཅུད་ཀྱི་དྭངས་མ་མཐར་ཐུག་གམ་སྙིང་པོ་དེ་ཡིན། འདིའི་ནུས་པ་ལུས་སྤྱི་ལ་ཁྱབ་ཡོད་པས་ལུས་ཀྱི་གཟི་བརྗིད་དང་། བཀྲག་མདངས། སྔོན་འགོག་ནུས་པ། ནད་མེད་ཚེ་རིང་གནས་པ་ཐམས་ཅད་འདི་ལ་རག་ལས་ཏེ། རྒྱུན་དུ་ཟས་སྤྱོད་ལོག་པ་བསྟེན་དྲགས་པ་དང་སེམས་ཁྲལ་དང་མྱ་ངན་སོགས་བྱས་དྲགས་ཚེ་མདངས་མཆོག་འདི་ཉིད་ཟད་པ་ཡིན།}
མདོར་ན། ང་ཚོས་ཉིན་རེའི་འཚོ་བའི་ནང་། གོང་དུ་བརྗོད་པའི་ཟས་སྤྱོད་ལོག་པ་རྣམས་ཡུན་རིང་བསྟེན་དྲགས་པའི་དབང་གིས་ལུས་ཁམས་ནང་གི་ཉེས་པ་རླུང་མཁྲིས་བད་ཀན་སྤྱི་དང་། ལྷག་པར་དུ་རླུང་འཁྲུགས་ཏེ་ལུས་ཀུན་ལ་ཁྱབ། དེས་ནང་གི་བུ་ག་འཁྲུགས་པར་བྱེད་པས་འཇུ་བྱེད་ཀྱི་མེ་དྲོད་སྟོབས་ཉམས་ཏེ་ཟས་ཀྱི་བཅུད་རྫས་དྭངས་མ་རྣམས་ཚུལ་བཞིན་སྨིན་མ་ཐུབ་པར་བརྟེན། ནད་འགོག་ནུས་པ་སོགས་ལུས་ཟུངས་ཀྱི་མདངས་མཆོག་ཟད་པའམ་ཉམས་ཞན་དུ་སོང་བ་དང་སྙིགས་མའི་ཆ་རྣམས་འཕེལ། དེ་དུས་གློ་བ་མི་བདེ་བ་སོགས་འབྱུང་ཡང་མ་བཅོས་པར་ཡུན་རིང་བཞག་ཚེ་གློ་གཅོང་ཟད་བྱེད་ནད་དུ་འགྱུར་བ་ཡིན།
གསུམ་པ། ནད་རྟགས།
གློ་གཅོང་ཟད་བྱེད་ཀྱི་ནད་རྟགས་ཁག་གཤམ་གསལ།
Øགློ་རྒྱག་ནས་དྲག་སྐྱེད་མེད་པར་བདུན་ཕྲག་གསུམ་ལྷག་ཕྱིན་པ།
Øལུད་པ་མཉམ་དུ་ཁྲག་ཐོན་པ།
Øགློ་གཉན་ཡོད་པའི་བྲང་ཁོག་ཕྱོགས་ལ་ན་ཟུག་ལྡང་བ།
Øའགྲོ་བའི་སྐབས་ཐང་ཆད་སླ་བ།
Øདབུགས་བརྩེགས་པ།
Øཚ་བ་འཕར་བ།
Øམཚན་མོར་རྔུལ་ནག་མང་བ།
Øགྲང་ཤུམ་རྒྱག་པ།
Øལུས་ཀྱི་ལྗིད་ཚད་ཆག་པ།
Øཁ་ཟས་ཀྱི་དང་ག་ཞན་པ། བཅས་འབྱུང་བ་ཡིན།
དེས་ན། གོང་དུ་བསྟན་པའི་ནད་རྟགས་ཕལ་མོ་ཆེ་རང་ཉིད་ལ་ཡོད་ཚེ་ངེས་པར་དུ་ཕྱི་ལུགས་སྨན་ཁང་བསྐྱོད་ནས་གློ་གཅོང་ཟད་བྱེད་ཡིན་མིན་བརྟག་དཔྱད་བྱ་དགོས་པ་ཡིན། ཕྲན་ཚེགས་སམ་ནད་ཆུང་ཚགས་ཞིག་ཡིན་གྱི་རེད་སྙམ་ནས་སྨན་བཅོས་མ་བྱེད་པར་སྣང་མེད་བཞག་ན། གློ་གཅོང་ཟད་བྱེད་ཡིན་ཚེ་ནང་མི་དང་། བུ་ཕྲུག གཉེན་སྤུན། གྲོགས་པོ། ཁྱིམ་མཚེས་དང་། སློབ་ཕྲུག་ཡིན་ན་འཛིན་གྲོགས་དང་། སྡོད་ཁང་ངམ་ཁྱིམ་ཚང་གཅིག་པའི་སློབ་གྲོགས་དང་། གྲྭ་བཙུན་ཡིན་ན་ཆོས་གྲོགས་དང་ཤག་རོགས་ཀུན་ལ་འགོས་ཁྱབ་འགྲོ་བའི་ཉེན་ཁ་ཆེ་བས་དུས་ཐོག་བརྟག་དཔྱད་བྱ་དགོས།
བཞི་པ། བཅོས་ཐབས།
གློ་གཅོང་ཟད་བྱེད་ནི། དེང་རབས་སྨན་ལུགས་དང་བོད་ཀྱི་གསོ་རིག་གཉིས་ཀ་ནས་བཅོས་ཐབས་ཡོད་པའི་ནད་ཅིག་ལ་ངོས་འཛིན་བྱེད་པ་ཡིན། ནད་འདིར་སྨན་བཅོས་ཡུན་རིང་པོ་བྱེད་དགོས་ཀྱི་ཡོད་དུས་སྨན་གཏོང་བ་དང་མཉམ་དུ་ནད་པའི་གཟུགས་པོ་གསོ་རྒྱུའང་གལ་ཆེན་པོ་ཡིན། བྱས་ཙང་གཤམ་དུ་ཡོད་པའི་ཕན་པའི་ཟས་དང་སྤྱོད་ལམ་རྣམས་ནད་པས་ཉིན་ལྟར་སྨན་བསྟེན་པ་དང་མཉམ་དུ་ལག་བསྟར་བྱས་ཚེ་ནད་འདི་ལས་མགྱོགས་པོ་དྲག་བསྐྱེད་ཐུབ་པ་མ་ཟད། ལུས་སྟོབས་ཀྱང་གསོ་བ་ཡིན། གལ་སྲིད་ནད་པ་སོ་སོར་ཟས་སྤྱོད་གང་དང་གང་འཕྲོད་ཀྱི་ཡོད་མེད་ཤེས་འདོད་དང་། ཕྱི་ལུགས་སྨན་བཅོས་དང་མཉམ་དུ་བོད་སྨན་བསྟེན་འདོད་ཡོད་ཚེ་བོད་ལུགས་སྨན་པ་བསྟེན་གཏུགས་བྱ་དགོས། མི་གཞན་གྱིས་འདི་བཟའ་དང་མ་བཟའ་ལམ་སྟོན་འདྲ་མིན་ལ་རྣ་བ་མི་གཏོད་པར་གཟབ་གཟབ་བྱ་དགོས།
ཕན་པའི་ཟས་སྐོམ།
Øབ་ཕྱུགས་འོ་མ། དེ་མེད་ན་རའི་འོ་མས་གློ་ནད་ལ་ཕན་པས་ཉིན་ལྟར་བསྐོལ་ནས་སྔ་དགོང་ཕོར་པ་གང་འཐུང་དགོས།
Øཔོ་ཚལ་ལྟ་བུ་ལོ་མ་ལྗང་ཁུའི་ཚལ་རིགས་སོས་པ་སྣུམ་བསྲེགས་མིན་པར་རླངས་བཙོས་སམ། ཡང་ན་ཆུ་བཙོས་རྒྱག་ནས་ཉིན་ལྟར་བསྟེན་པ་དང་། དེའི་མཉམ་སྒོག་སྐྱ་ཅུང་ཟད་བླུགས་ན་ཕན་ཆེ།
Øནམ་དུས་སུ་སྨིན་པའི་ཤིང་ཏོག་ཀུ་ཤུ་དང་ཚ་ལུ་མ་སོགས་སོས་པ་རིགས་ཉིན་ལྟར་བསྟེན་དགོས།
Øཤིང་ཏོག་ལས་སེ་འབྲུས་ཕོ་བ་དང་། རྒུན་འབྲུམ་དང་། སྟར་བུས་གློ་བར་ཕན་པས་བསྟེན་དགོས།
Øརོ་མངར་བའི་སྦྲང་རྩི་ཚད་ལྡན་བསྟེན་དགོས།
Øསྣུམ་བསྲེགས་མིན་པར་ཁ་ཏིག་ཚོད་མ་སྟེ་རོ་ཁ་ཏིག་གིས་སྲིན་དང་རིམས་ལ་ཕན་པས་ཉིན་གུང་བསྟེན་དགོས།
Øབཅུད་ལྡན་གྱི་ཟས་བསྟེན་པ་དང་། ལྷག་པར་སྣུམ་གྱི་མཆོག་ཞུན་མར་ཚད་ལྡན་ཐོ་རེངས་ལྟོ་སྟོང་དུས་ཉུང་ཉུང་བསྟེན་དགོས། བ་ཕྱུགས་ཀྱི་འོ་མ་ལས་འབྱུང་བའི་ཞུན་མར་དེ་བཟང་།
Øགལ་ཏེ་ཤ་བསྟེན་གྱི་ཡོད་ཚེ་ཉ་ཤ་དང་། ར་ཤ བྱ་ཤ ལུག་ཤ་བཅས་སྣུམ་བསྲེགས་མིན་པར་རན་པོ་བསྟེན་དགོས།
Øཉིན་ལྟར་ཟས་ཟོས་པའི་རྗེས་དང་ཁ་སྐོམ་པའི་དུས་ལ་སྨན་གྱི་ཐོག་མ་ཆུ་ཁོལ་དྲོད་འཇམ་རན་པོ་བསྟེན་དགོས།
Øཁ་ཟས་སུ་འབྲས་དང་། འབྲུ་རྙིང་ཐགས་པའི་རྩམ་པའི་ཟས་རིགས་བསྟེན་དགོས།
དེ་ལས་བཟློག་ཏེ་ཁ་ཟས་སུ་རྗེན་པ་དང་། སྐམ་པོ། མཁྲེགས་པོ། གྲང་མོ། སྣུམ་དང་མེར་བསྲེགས་ཆེ་བ། དེང་དུས་རྫས་སྦྱོར་འོག་ཉར་ཚགས་བྱས་པའི་ཟས་རིགས། ཁེངས་པོ་སྟེ་དེང་དུས་ཕྱིའི་བླུག་སྣོད་མཛེས་ཅིང་ནང་དུ་རླུང་གིས་བསྐངས་པའི་བཅུད་མེད་ཁ་ཟས་རིགས། ཚྭ་དང་སྐྱུར་རྩི་མང་པོ་ཡོད་པའི་ཟས་རིགས་ལ་སོགས་པ་རྣམས་ལུས་ཁམས་སྤྱི་དང་ཁྱད་པར་དུ་གློ་བར་དུག་ལྟར་གནོད་ཀྱི་ཡོད་པས་དུས་རྟག་ཏུ་སྤང་བར་བྱ་དགོས།
ཕན་པའི་སྤྱོད་ལམ།
སྤྱོད་ལམ་ལ་ཡང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་སྟེ་རྣམ་པ་གསུམ་ཡོད། དེ་གསུམ་པོས་རང་རང་གི་ལས་ལ་འཇུག་སྐབས་ཐལ་དྲགས་པའམ། ཡང་ན་ཅུང་ཟད་ལས་མི་འཇུག་པ། ཡང་ན་མཐའ་གཅིག་ཏུ་མི་འཇུག་པ་བཅས་མ་ཡིན་པར་ཚད་རན་པོའམ་སྙོམས་པར་འཇུག་པ་ནི་བདེ་ཐང་གི་རྩ་བ་ཡིན། འདིར་གློ་གཅོང་ཟད་བྱེད་ལ་ཕན་པའི་སྒོ་གསུམ་གྱི་སྤྱོད་ལམ་ནི།
Øདབང་པོ་ལྔའི་ནང་གསེས་སྣ་བུག་ནི་གློ་བའི་མེ་ཏོག་ཡིན་པས་རང་གི་ཡུལ་དྲི་མ་ལས་མེ་འཚིག་པའི་དྲི་ངན་སོགས་སྣོམ་དྲགས་ཚེ་གློ་བར་གནོད་ཀྱི་ཡོད་པས་དྲི་ཞིམ་ལ་རན་པོར་འཇུག་ན་ཕན་ཆེ།
Øཐོ་རེངས་མཁའ་རླུང་དྭངས་ཞིང་གཙང་བས་རི་དང་ཤིང་སྡོང་ཡོད་སར་ཚོུད་ཕྱེད་ཀ་ཙམ་ཉིན་ལྟར་གོམ་འགྲོས་ཀྱིས་ལུས་རྩལ་བྱས་ན་གློ་བར་ཧ་ཅང་ཕན། འོན་ཏེ་བང་རྒྱུག་སོགས་ལུས་ཁམས་འཁྲུགས་ཆེ་བའི་ལུས་རྩལ་རིགས་དང་ཤུགས་ལས་རིགས་བྱ་རྒྱུ་མེད།
Øཁ་ནས་གླིང་བུ་སོགས་བཏང་དྲགས་པ་དང་། སྐད་ཤུགས་ཆེན་པོ་བཤད་དྲགས་པ་ནི་གློ་བར་གནོད་པས་སྐད་ཤུགས་ཆེ་ཆུང་སྙོམས་པོ་དགོས་པ་དང་། དེ་བཞིན་གློ་བ་དང་དབུགས་འབྱིན་རྔུབ་བར་འབྲེལ་བ་ཡོད་པས་དབུགས་སྦྱོང་རན་པོ་བྱེད་དགོས་པ་གལ་ཆེ།
Øནད་པ་ཚོར་གཉིད་གལ་ཆེན་པོ་ཡིན་པས་མཚན་མོ་ཕྱི་པོ་མ་བསྡད་པར་དུས་སུ་གཉིད་ལེགས་པར་ཁུག་ཚེ་ལུས་སེམས་སྤྱི་དང་ཁྱད་པར་དུ་གློ་བར་ཕན། འོན་ཏེ་སོས་ཀ་སྟེ་སྤྱི་ཟླ་ ༣ ནས་ ༥ མ་གཏོགས་དུས་གཞན་ལ་ཉིན་མོའི་སྐབས་གཉིད་ཅུང་ཟད་ཉལ་ན་ལུས་ཁམས་ནང་རླུང་འཕེལ་བ་དེ་ཞི་བར་བྱེད་ཀྱི་ཡོད་པས་ཕན།
Øསྨན་བཅོས་གང་བྱེད་ཀྱི་ཡོད་པ་དེ་མ་བརྗེད་པ་དང་དུས་འགྱངས་མེད་པར་བྱེད་དགོས་པ་དང་། སྨན་མ་ཟ་བའི་གོང་དུ་སངས་རྒྱས་སྨན་བླ་ཡིད་ལ་བསྒོམས་ནས་སྨན་བླའི་གཟུངས་སྔགས་སོགས་བཟླས་ཚེ་ཕན་ཆེ།
Øདུས་ངེས་མེད་དེ་དཔེར་ན་མཚན་མོའི་དཀྱིལ་ཡར་ལངས་ནས་ཟས་བཟའ་བ་སོགས་མ་ཡིན་པར་སྔ་ཉིན་དགོང་གསུམ་གྱི་ཁ་ཟས་དུས་ཐོག་བསྟེན་ན་ཕན་ཆེ།
Øརྒྱ་གར་རྒྱལ་ས་གྲོང་ཁྱེར་ལྡི་ལི་ལྟ་བུ་མཁའ་རླུང་འབགས་བཙོག་ཆེ་བའི་ཡུལ་ལ་རྒྱུན་རིང་པོ་སྡོད་པ་དང་། དུ་བ་ཆེས་ཆེར་ཡོད་པའི་གནས་དཔེར་ན་ཁང་པའི་ནང་བསང་རྫས་བཏང་དྲགས་པ། བཟོ་གྲྭ་དང་གད་སྙིགས་མེ་སྲེག་གི་ས་ཆ་ཉེ་འགྲམ་ལ་ཡུན་རིང་སྡོད་པ། དེ་བཞིན་ཐ་མག་གི་དུ་བ་ཁོག་པའི་ནང་སོང་དྲགས་པ་སོགས་ཀྱིས་གློ་བར་ཤིན་ཏུ་གནོད་པས་ཡུལ་དེ་དག་སྤོང་ནས་ཁ་རླུང་གཙང་མ་དང་དུ་བ་མེད་སར་བསྡད་ན་ཕན་ཆེ།
Øཉིན་ལྟར་ལུས་ཁམས་གཙང་ཁྲུས་ཡག་པོ་བྱས་ན་ལུས་ཁམས་ཀྱི་མེ་དྲོད་རྒྱས་ཏེ་ཁ་ཟས་འཇུ་སྟོབས་འཕེལ་བས་ཕན་ཆེ།
Øནད་འདིའི་ཐོག་སེམས་ངལ་བྱེད་པའམ། ཡང་ན་སེམས་ལ་མྱ་ངན་དང་སྡུག་བསྔལ་བྱེད་དྲགས་པ། སེམས་གུ་དོགས་པོ་བྱེད་པ། རང་ཉིད་སྐྱོན་གྱི་གོང་བུ་ཞིག་ཏུ་བལྟས་ནས་རང་གིས་རང་ལ་མི་དགའ་བ་བྱེད་པ་དང་། ཁོང་ཁྲོ་དང་ཞེ་སྡང་ཆེ་བ་སོགས་ཀྱིས་ནད་ཀྱི་དྲག་བསྐྱེད་ལ་འགོག་རྐྱེན་ཧ་ཅང་ཆེན་པོ་འབྱུང་གི་ཡོད་སྟབས། དེ་ལས་བཟློག་ཏེ་སེམས་གུ་ཡངས་པོ་དང་། མི་འཁྲུགས་པ་སྙོམས་པ། ཞི་ཞིང་འཇམ་པའི་ངང་གནས་ན་ཤིན་ཏུ་ཕན།
Øགཞན་དང་སྐད་ཆ་མ་བཤད་པར་གཅིག་པུར་སྡོད་པའམ། ཡང་ན་བཤད་ཀྱང་ཚིག་རྩུབ་དང་མི་སྡུག་པ་ཁོ་ན་བརྗོད་པ་ཡིན་ན་ཤིན་ཏུ་གནོད་པས། དེ་ལས་བཟློག་ཏེ་གཞན་དང་མཉམ་ཏུ་སྤྲོ་ཚིག་ལྡན་པའི་གཏམ་གླེང་དང་། སྙན་པའི་ཚིག་གིས་སྨྲ་བར་བྱས་ན་ལུས་སེམས་གསོ་བར་ཧ་ཅང་ཕན།
ལྔ་པ། དེང་རབས་སྨན་བཅོས་དང་བོད་སྨན་ཟུང་བཅོས་བྱེད་པའི་ཕན་ཡོན།
གློ་གཅོང་ནད་པ་རྣམས་ནས་དེང་རབས་སྨན་བཅོས་ཐོག་བོད་ལུགས་གསོ་རིག་སྨན་བཅོས་བསྟེན་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པས་ནད་པ་མང་པོ་ཞིག་ནས་དེ་ལྟར་ལག་བསྟར་བྱེད་བཞིན་ཡོད། བོད་ཀྱི་གསོ་བ་རིག་པ་ནས་བལྟས་ན་འགྲོ་བ་མི་རྣམས་ལུས་ཁམས་ཀྱི་གྲུབ་བྱ་གཅིག་མཚུངས་ཡིན་ཡང་རང་བཞིན་ཆ་ནས་གཅིག་པ་མིན་པར་ཐ་དད་ཡིན་པ་སྟེ་དཔེར་ན། རླུང་གི་རང་བཞིན་དང་། མཁྲིས་པའི་རང་བཞིན། བད་ཀན་རང་བཞིན། ལྡན་པའི་རང་བཞིན། འདུས་པའི་རང་བཞིན་བཅས་མི་སོ་སོའི་རང་བཞིན་མི་འདྲ་བ་ཡོད་པ་དང་། དེ་བཞིན་ན་ཚའི་དབང་དུ་བྱས་ནའང་། ནད་གཅིག་པ་ཡིན་ཡང་ནད་ཀྱི་ངོ་བོ་དང་། ལུས་སྟོབས། གནས། ནད་པའི་ལོ་ཚད། ཕོ་བའི་འཇུ་སྟོབས་ཆེ་ཆུང་སོགས་ཁྱད་ཆོས་མི་འདྲ་བ་སོ་སོར་ཡོད་སྟབས་རྩ་དོན་དེ་དག་གཞིར་བཞག་པའི་ཐོག་བོད་ལུགས་སྨན་པས་ནད་པར་བཅོས་ཐབས་བྱེད་བཞིན་ཡོད་པ་རེད། བྱས་ཙང་གློ་གཅོང་ནད་པས་དེང་རབས་སྨན་བཅོས་ཁོ་ན་ཡུན་རིང་པོ་བསྟེན་སྐབས་ནད་འབུ་བསལ་བའམ་ཉུང་དུ་སོང་བ་དངོས་འབྲེལ་ཡིན་ནའང་། ནད་པའི་གཟུགས་པོའི་ནང་གི་དོན་སྣོད་ཕོ་མཆིན་མཁལ་མ་སོགས་བྱེད་ནུས་ཉམས་པ། ཟས་ཀྱི་དང་ག་ཞན་པ། མཁྲིས་ཁུ་འཕེལ་བ། ལྤགས་མདངས་ཉམས་པ། ཤ་རིད་པ། གཉིད་ཡེར་བ། རྣ་བ་འུར་བ། གདོང་ལ་ཐོར་པ་ཐོན་པ། དྲན་ཤེས་མི་གསལ་བ་སོགས་ཞོར་སྐྱོན་གྱི་དཀའ་ངལ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན། སྨན་བཅོས་ཟུང་འབྲེལ་བྱས་ན་དཀའ་ངལ་དེ་དག་མི་འབྱུང་བར་འགོག་པ་དང་། གློ་བའི་བྱེད་ལས་གསོ་བ། ཕོ་མཆིན་མཁལ་མ་བདེ་སྲུང་བྱེད་པ་སོགས་ཕན་ཐོགས་ཆེན་པོ་ཡོད་པས་དེ་ལྟར་འབད་དགོས་པ་གལ་ཆེ།
དྲུག་པ། སྔོན་འགོག
སྤྱིར་བཏང་གློ་གཅོང་ཟད་བྱེད་ཀྱི་སྔོན་འགོག་བྱ་ཚུལ་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྤྱི་ཚོགས་བདེ་རྩའི་ཚོགས་པ་དང་། འཕྲོད་བསྟེན་ཚོགས་པ་ཆེ་ཆུང་ཀུན་ནས་མང་ཚོགས་ལ་དུས་ནས་དུས་སུ་རྒྱུ་ལམ་དང་ལས་གཞི་འདྲ་མིན་སྒོ་ནས་གོ་རྟོགས་གང་མང་སྤེལ་དགོས་པ་དེ་ཐབས་ལམ་གལ་ཆེན་ཞིག་ཏན་ཏན་ཡིན་ཡང་། དེ་ལས་གལ་ཆེ་བ་ནི། ཕྲུ་གུ་མ་འབྱར་གནས་སྐབས་ལ་གློ་གཅོང་ཟད་བྱེད་ནད་ཀྱི་སྔོན་འགོག་སྨན་ཁབ་དུས་ཐོག་རྒྱག་དགོས་པ་དང་། ནད་པ་ཡིན་ན་སྨན་བཅོས་ཀྱི་དུས་རིམ་ཚུལ་བཞིན་བྱ་དགོས་པ། རྒྱུན་ལྡན་སྔ་དགོང་ལུས་རྩལ་བྱེད་པ་དང་། ཤིང་ཏོག་དང་སྔོ་ཚལ་སོས་པ་བསྟེན་པ། ཆུ་ཁོལ་དྲོད་འཇམ་འཐུང་བ་སོགས་མི་རེ་ངོ་རེ་ནས་འཕྲོད་བསྟེན་ལ་དོ་སྣང་དང་འགན་ཁུར་དགོས་པ་ནི་གནད་འགག་ཡིན་པ་མ་ཟད་ནད་གཞི་སྔོན་འགོག་གི་ཐབས་འཇུས་ཡག་ཤོས་དང་གལ་ཆེ་ཤོས་ཀྱང་ཡིན་པར་བརྟེན། གཤམ་གསལ་གློ་གཅོང་ཟད་བྱེད་ཀྱི་སྔོན་འགོག་ཐབས་ལམ་ཁག་མང་ཚོགས་ནས་ལག་བསྟར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཕོ་བའི་མེ་དྲོད་སྲུང་དགོས་པ།
ང་ཚོས་ཉིན་ལྟར་ཟས་དང་སྐོམ་གང་བསྟེན་པ་རྣམས་མྱགས་པ་དང་། བཞུ་བ། འཇུ་བ། དྭངས་སྙིགས་སོ་སོར་ཕྱེས་པར་བྱེད་མཁན་གྱི་ནུས་པ་དེ་ལ་མེ་དྲོད་བརྗོད་པ་ཡིན། མེ་དྲོད་དེ་ང་ཚོའི་ལུས་ཀྱི་ཆ་ཤས་ཡོངས་རྫོགས་ལ་གནས་ཡོད་ནའང་གལ་ཆེ་ཤོས་ཕོ་བའི་མེ་དྲོད་དེ་རེད། དེ་ནི་ཐབ་ཀྱི་མེའི་ནུས་པ་ལྟ་བུ་ཡིན། དེ་ཉིད་སྟོབས་དང་ལྡན་ན་ཟས་སྐོམ་གང་བསྟེན་པ་ཐམས་ཅད་ཕོ་བས་ལེགས་པར་འཇུ་བ་མ་ཟད། ཟས་ཀྱི་བཅུད་རྫས་ཐམས་ཅད་ཚུལ་བཞིན་སྨིན་ཏེ་སྔོན་འགོག་ནུས་པ་སོགས་ལུས་ཟུངས་ཀྱི་སྟོབས་དག་ཀྱང་རིམ་བཞིན་རྒྱས་པར་བརྟེན། ནད་སྤྱི་དང་བྱེ་བྲག་འགོས་ནད་གློ་གཅོང་ཟད་བྱེད་སོགས་ནད་གཞི་གང་ཡང་མི་ན་བའམ་འགོག་སྲུང་ཐུབ་པ་ཡིན། མདོར་ན། མེ་དྲོད་ནི་ང་ཚོའི་ལུས་ཁམས་ནད་མེད་བདེ་ཐང་དང་ཚེ་རིང་པོ་ཡོང་བའི་རྨང་གཞི་ལྟ་བུ་ཡིན་པས། དུས་རྟག་ཏུ་ལུས་ཁམས་ཀྱི་མེ་དྲོད་ཡག་པོ་སྲུང་དགོས་པ་ནི་འཕྲོད་བསྟེན་གྱི་ཐོག་ནས་ཤིན་ཏུ་གནད་འགག་ཆེན་པོ་རེད།
འོ་ན་མེ་དྲོད་དེ་ཇི་ལྟར་སྲུང་དགོས་པ་ཡིན་ཞེ་ན། རྒྱུན་དུ་ནས་ཟས་སྐོམ་ནུས་པ་ཡང་ལ་དྲོ་བའི་རིགས་ཏེ། ཚལ་ལྗང་ཁུ་དང་། སྒོག་པ། བཙོང་། སྒ་སྨུག ལ་ཕུག་སོས་པ། ནས་རྩམ། ཤིང་ཏོག་ཚ་ལུ་མ། སེ་འབྲུ། ཀུ་ཤུ། ཆུ་བསྐོལ་དྲོད་ཡོད་པ། སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུ་བཞིན་པའི་བད་ཀན་གྱི་སྨན་ཇ་དེས་ཕོ་བའི་མེ་དྲོད་གསོ་བར་ཡག་པོ་ཡོད་པས་སྔ་དགོང་འཐུང་བ། ལུག་ཤ་དང་བྱ་ཤ་ཡོད་པའི་གྲོའམ་ཡུ་གུ(Oat) ཐུག་པ་སླ་པོ་སོགས་བསྟེན་དགོས་པ་མ་ཟད། གང་བསྟེན་པ་དེ་ཡང་ཚད་གཞི་རན་པོའི་སྒོ་ནས་བཟའ་དགོས་པ་ལས་དུད་འགྲོ་ཕག་པ་ནང་བཞིན་ཚད་ལས་བརྒལ་བ་ཟོས་ཚེ་དེས་ཕོ་བར་གནོད་ནས་ན་ཚའི་རྒྱུར་འགྱུར་བ་ཡིན། དེ་བཞིན་རྟག་པར་ཟས་འཇུ་ཁག་པོ་སྟེ་ཤིང་ཏོག་མ་སྨིན་པ་དང་། ཚལ་སོགས་རྗེན་པ། ཟས་སྐོམ་མངར་མོའི་རིགས། ཕག་ཤ་ལྟ་བུ་ཞག་ཚིལ་ཆེ་བའི་ཟས་རིགས། གྲང་མོའི་རིགས། སྔོ་ངད་དེ་ཚལ་རྙིང་པ། ཁེངས་པོ་སྟེ་བཅུད་མེད་པའི་དེང་དུས་མགྱོགས་ཟས་དང་རྔན་པ་ལ་སོགས་པ་བསྟེན་དྲགས་ན་ཕོ་བའི་མེ་དྲོད་ལ་ཧ་ཅང་གནོད་ནས་ཕྱིས་སུ་ཕོ་བའི་འབྲས་ནད། གློ་གཅོང་། གཅིན་སྙི། ཁྲག་ཤེད་སོགས་ན་བ་ཡིན།
སྤྱོད་ལམ་ལ་ཆ་བཞག་ན། ས་ཆ་བརླན་གཤེར་ཡོད་སར་ཡུན་རིང་འདུག་པ། ཆུ་བསིལ་ནང་བཞུགས་དྲགས་པ། ལུས་འཁྱགས་ཆེ་བ། དུས་མ་ཡིན་པར་ཟས་བསྟེན་པ། སྔར་བཟའ་མ་མྱོང་བའི་ཟས་མང་དུ་བསྟེན་པ། ཟས་སྔ་མ་མ་ཞུ་སྟེང་ཡང་བསྐྱར་ཞིག་བཟོས་པ། ལུས་ལ་རྩོལ་བཅག་མེད་པར་དལ་བ་འདུག་པ། ལུས་གཙང་ཁྲུས་ཞན་པ། མཚན་མོ་གཉིད་ཉུང་བ་དང་། དེ་བཞིན་སེམས་རྒྱུད་ལ་མྱ་ངན་དང་། ཁོང་ཁྲོ། འདོད་ཆགས་ལ་སོགས་པ་སེམས་ལ་འཁྲུགས་ཆ་ཆེ་དྲགས་ན་ལུས་ཀྱི་མེ་དྲོད་དང་སྔོན་འགོག་ནུས་པ་ལ་གནོད་ཀྱི་ཡོད་པ་དེང་དུས་ཚན་རིག་པས་ཀྱང་ཞིབ་འཇུག་བརྒྱུད་ཤེས་རྟོགས་བྱུང་ཡོད་སྟབས་སེམས་རྒྱུད་འདུལ་ཐབས་ཐོག་ལའང་འབད་དགོས།
ནད་འདིའི་སློང་རྐྱེན་དངོས་རྣམས་སྤོང་དགོས་པ།
གོང་དུ་རྒྱུ་ལས་འབྲས་བུ་འབྱུང་སྟངས་སྐོར་བཤད་པ་ལྟར། གློ་གཅོང་གི་ནད་འདི་ན་བར་མི་འདོད་ན་གོང་དུ་བཤད་པའི་ནད་འདིའི་རྐྱེན་དངོས་སྐབས་ཀྱི་ཟས་དང་སྤྱོད་ལམ་ལོག་པ་དེ་དག་རང་ཉིད་ཀྱི་མི་ཚེའི་ནང་འགོག་པའམ། ཡང་ན་ཉུང་དུ་གཏོང་ཐབས་བྱ་དགོས་པ་ཡིན། དེ་ནི་ཐབས་ལམ་ཡག་ཤོས་དེ་ཡིན། བོད་པའི་གཏམ་དཔེ་ལ། མི་ནད་ཐམས་ཅད་བཟའ་ནད་ཡིན། །རྟ་ནད་ཐམས་ཅད་རྒྱུག་ནད་ཡིན། །ཞེས་པ་དེ་དེང་སང་འཛམ་གླིང་གི་འཕྲོད་བསྟེན་གནས་བབ་ལ་གཞིགས་ན། དངོས་གནས་བསླབ་བྱ་རིན་ཐང་ཆེན་པོ་ཞིག་ཆགས་ཡོད།
དེང་རབས་གསོ་རིག་ནས་གློ་གཅོང་ཟད་བྱེད་མཚོན་པའི་འགོས་ནད་ཐམས་ཅད་ང་ཚོའི་མིག་གིས་མི་མཐོང་བའི་ཕྱིའི་ནད་འབུ་ཕྲ་མོ་གཟུགས་པོའི་ནང་དུ་བཞུགས་པའི་རྐྱེན་གྱིས་ན་བ་དང་། དེའི་འགོག་ཐབས་ལ་གཟུགས་པོའི་ནང་གི་ཁྲག་རིགས་དཀར་པོ་ལས་ཐོན་པའི་སྔོན་འགོག་ནུས་པའམ་ནད་འགོག་ནུས་པ་དེ་སྟོབས་དང་ལྡན་པའམ་ཚད་གཞི་ཡག་པོ་དགོས་པར་མེད་དུ་མི་རུང་བ་ཡིན་ཅེས་གསུངས་པ་བཞིན། བོད་ཀྱི་གསོ་བ་རིག་པའི་ནང་གི་ཟས་སྐོམ་དང་སྒོ་གསུམ་བསླབ་བྱ་རྣམས་ང་ཚོས་མི་ཚེའི་ནང་ཚུལ་བཞིན་ལག་བསྟར་བྱས་ན་ནད་འགོག་གི་ནུས་པ་ལྟ་ཅི་སྨོས། ལུས་ཁམས་སྤྱིིའི་བདེ་ཐང་ལ་ཕན་ཞིང་སྨན་ཅི་ཡང་བསྟེན་མི་དགོས་པར་ཐེ་ཚོམ་མེད་དེ། སྨན་གཞུང་ལས། རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས། །ཉམས་ལྡན་བསྟེན་པར་བྱེད་ན་ནད་མི་འབྱུང་། །ཞེས་གསུངས།
རྒྱུན་ལྡན་ནས་རིམས་ནད་སྲུང་ཐབས་ལག་བསྟར་དགོས་པ།
ནམ་རྒྱུན་བོད་ལུགས་སྨན་པའི་ཁ་དཔེ་ལ། འགོས་ནད་ཐམས་ཅད་རིམས་ནད་ཡིན། ཞེས་པ་ལྟར། གློ་གཅོང་ཟད་བྱེད་ནད་གཞི་འདི་མི་གཅིག་གིས་གཅིག་ལ་རིམ་གྱིས་འགོས་ཏེ་མཆེད་པའམ་སྤྱི་ཚོགས་ནང་ཁྱབ་གདལ་འགྲོ་བར་སོང་། ང་ཚོས་ནད་འདི་ལ་གཟབ་གཟབ་དགོས་པ་མ་ཟད། གཤམ་དུ་རིམས་ནད་སྲུང་བའི་སྤྱོད་ལམ་རྣམས་རང་ཉིད་ནས་ལག་བསྟར་དང་། མི་གཞན་དག་ལའང་ལམ་སྟོན་བྱ་དགོས།
Øརང་ཉིད་ཀྱི་སྐེའམ་ལུས་ལ་བླ་མས་རྫས་སྔགས་ལས་བསྒྲུབས་པའི་སྲུང་འཁོར་དང་། སྨན་གྲུབ། སྨན་རྩིས་ཁང་ནས་བཟོ་སྐྲུན་བཞིན་པའི་བོད་རྩིས་རིག་པའི་སྲུང་འཁོར་ཁག་དཔེར་ན། ཉེས་པ་ཀུན་ཐུབ། བསྐྱེད་པ་བཞི་ལྡན་སོགས་དང་། སྨན་གྱི་སྲུང་འཁོར་རིམས་སྲུང་རིལ་བུ་བཅས་དུས་རྟག་ཏུ་བཅིང་པའམ་གདགས་པ་ཡིན་ན་གློ་གཅོང་ཟད་བྱེད་ནད་ལས་འགོག་སྲུང་ཐུབ་པར་ཕན་ཆེ།
Øབོད་ལུགས་ནས་བྱས་ན། གློ་གཅོང་ཟད་བྱེད་སོགས་རིམས་ནད་འགོས་ཁྱབ་འགྲོ་བའི་ལམ་ལ་ཁ་དང་། སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས། འོག་སྒོ་གཉིས། བ་སྤུའི་བུ་གའི་སྒོ་བཅས་མཆེད་ལམ་མི་འདྲ་བཅུ་ཙམ་གསུངས་པ་བཞིན། སྐབས་བབ་གློ་གཅོང་ཟད་བྱེད་དང་འབྲེལ་བའི་མཆེད་ལམ་ནི་སྣ་བུག་དང་ཁ་གཉིས་ཡིན་པར་བརྟེན། མི་ནད་མེད་ཅིག་གིས་སྨན་ཁང་དུ་གློ་གཅོང་ནད་པ་ཐུག་འཕྲད་སོགས་བསྐྱོད་སྐབས་ངེས་པར་དུ་སྤུས་ཚད་ལེགས་པའི་ཁ་རས་གྱོན་པ་དང་། མ་འགྲོ་སྔོན་ལ་སྣ་བུག་གཉིས་ལ་རིམས་སྲུང་རིལ་བུའི་དྲི་བསྣམས་པ། དེ་བཞིན་ནད་པའི་ངོས་ནས་ཀྱང་མ་དྲག་བར་དུ་ཁ་རས་གྱོན་པ་བཅས་བྱ་དགོས་པ་གལ་ཆེ།
༣། གློ་གཅོང་ཟད་བྱེད་འགོས་ཁྱབ་འགྲོ་སྟངས་དཔེ་རིས།
Øགློ་གཅོང་ནད་པ་དང་མི་ནད་མེད་བདེ་ཐང་གཉིས་ཀ་ནས་ཚེས་བཟང་དུས་བཟང་ནམ་ཡིན་ལ་སྨན་པའི་ལམ་སྟོན་བཞིན་བོད་སྨན་རིན་ཆེན་རིལ་བུ་གཏོང་བ་ཡིན་ན་ལུས་ཁམས་ཀྱི་ནད་འགོག་ནུས་པ་སྲུང་བ་དང་གསོ་བར་ཕན་པ་ཡིན།
མདོར་ན། འཇིག་རྟེན་འདིའི་ནང་རིམས་ནད་གདུག་པ་ཅན་འདྲ་མིན་སྣ་ཚོགས་ཁྱབ་གདལ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི། འགྲོ་བ་མི་རྣམས་ཀྱིས་རང་གཅེས་འཛིན་འོག་མི་དགེ་བའི་བྱ་སྤྱོད་མཐའ་དག་སྤེལ་བ་ལ་བརྟེན་ནས་འབྱུང་བ་ཞིག་རེད། བྱས་ཙང་རིམས་ནད་ཀྱི་སྔོན་འགོག་ཐབས་འཇུས་བཟང་ཤོས་དེ་མི་རྣམས་ཡ་རབས་བཟང་སྤྱོད་དང་དགེ་བའི་ལས་ལ་འབད་དགོས་པ་དང་ཆབས་ཅིག མཛེས་སྡུག་ལྡན་པའི་ཁོར་ཡུག་ལའང་ཕོག་ཐུག་ཉུང་ཞིང་སྲུང་སྐྱོབ་ཡག་པོ་བྱས་ན་སྤྱི་ཚོགས་ལ་ཕན་པ་དང་། མི་སྣང་བའི་ལྷ་ཀླུ་གཞི་བདག་དང་མ་མོ་མཁའ་འགྲོ་ལ་སོགས་པའང་ཁྲོས་ཏེ་གནོད་འཚེ་བྱ་རྒྱུ་ཚབ་ལས་མིའི་མཐུན་གྲོགས་སུ་འགྱུར་བ་ཡིན།
སེམས་ཁམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་དང་ཡར་རྒྱས་དགོས་པ།
བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གལ་ཆེ་ཞིག་ནི། ལུས་སེམས་གཉིས་ཀྱི་འབྲེལ་བའི་སྐོར་དེ་ཡིན། ༸སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། “ནད་མེད་བདེ་ཐང་དགོས་ན་ལུས་ཁམས་ཀྱི་འཕྲོད་བསྟེན་གཅིག་པུས་མི་ཕན་ལ་སེམས་ཀྱི་འཕྲོད་བསྟེན་ཡང་དགོས།” ཞེས་བཀའ་སློབ་ཡང་ཡང་ཕེབས་པ་བཞིན། གསོ་བ་རིག་པའི་དགོངས་དོན་དུའང་སེམས་མ་བདེ་བར་འཁྲུགས་ན་འབྱུང་བ་ལྔ་ཚོགས་པའི་ལུས་ཕུང་འདི་ཡང་འཁྲུགས་ཏེ་ནད་སྣ་ཚོགས་བསྐྱེད་པ་དང་། སེམས་ཁམས་ཞི་ཞིང་འདུལ་བར་གནས་ན་ལུས་ཁམས་རང་བཞིན་དུ་བདེ་བར་གནས་པས་ན། སེམས་མ་འདུལ་བ་དེ་ལུས་སེམས་སྡུག་བསྔལ་ལ་སྦྱར་བའི་རྩ་བར་བཞག་ཡོད་པ་རེད།
དེང་དུས་སེམས་ཁམས་ཚན་རིག་པ་ནས་ཀྱང་ཞིབ་འཇུག་རྒྱ་ཆེེར་བྱས་རྗེས། ཁོང་ཁྲོ་དང་། སེམས་ངལ། ཞེ་སྡང་དྲག་པོ་བྱེད་དྲགས་པ་དེས་ལུས་ཀྱི་ནད་འགོག་ནུས་པ་ཟད་པའམ་ཞན་དུ་བཏང་གི་ཡོད་པར་ར་སྤྲོད་གསལ་པོ་བྱུང་ཡོད་སྟབས། དེང་སང་ལུས་ཀྱི་ནད་འགོག་ནུས་པ་དང་སེམས་ཁམས་བར་གྱི་འབྲེལ་བའི་ཐོག་དེང་དུས་ཚན་རིག་པས་དོ་སྣང་ཇེ་ཆེར་དང་ཞིབ་འཇུག་གི་གནས་གསར་པ་ཞིག་ཏུ་གྱུར། བྱས་ཙང་གློ་གཅོང་ཟད་བྱེད་འགོག་པ་ལ་ནད་འགོག་ནུས་པ་ཡག་པོ་དགོས་ཀྱི་ཡོད་དུས་རྟག་ཏུ་སེམས་ནང་ལ་ཆགས་སྡང་དང་། ཁོང་ཁྲོ། དོན་མེད་སེམས་ངལ་སོགས་མི་བྱ་བའམ་ཉུང་དུ་གཏོང་བར་འབད་དགོས། སེམས་རྒྱུད་ཀྱི་ཆགས་སྡང་དང་ཁོང་ཁྲོ་ལ་སོགས་མེད་པ་བཟོ་བའམ། ཡང་ན་ཉུང་དུ་གཏོང་བའི་ཐབས་ལམ་ཡང་དག་པ་དེ། ཚང་མས་ཤེས་གསལ་ལྟར། ནང་དོན་རིག་པའི་སེམས་ཀྱི་རྣམ་གཞག་སྐབས་རྒྱས་པོ་གསུངས་ཡོད་པར་བརྟེན། ཚང་མས་དེར་དོ་སྣང་གིས་སློབ་སྦྱོང་བྱ་དགོས་པ་དང་། སློབ་སྦྱོང་བྱས་པ་ཙམ་གྱིས་མི་འགྲིག་པར་གལ་ཆེ་ཤོས་ནི་རང་ཉིད་ཀྱི་མི་ཚེའི་ནང་ལག་བསྟར་དགོས།
བདུན་པ། སྐར་རྩིས་རིག་པའི་ཐབས་ལམ།
ཚེ་རབས་ལས་རྩིས། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུ་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། དཔེར་ན། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་སོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད་ལ། དེའི་བཟློག་ཐབས་ཆེད་དུ་ཞབས་རིམ་སོགས་ཀྱང་བསྟན་ཡོད་པས། དེ་དག་ལག་བསྟར་གནང་བ་ཡིན་ན་ནད་དང་བར་ཆད་སོགས་ལས་སྔོན་འགོག་ཐུབ་པ་ཡིན། དེ་བཞིན་སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུའང་ཚེ་རབས་ལས་རྩིས་བསྐོར་རྒྱུ་གལ་ཆེན་པོ་ཡིན། མདོར་ན། མི་ཚེ་གཅིག་གི་ནང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཇི་བྱ་དགོས་མེད་ཀུན་ཚེ་རབས་ལས་རྩིས་ནང་གསལ་བ་ཡིན།
སྐེག་རྩིས། དེ་བཞིན་ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད། འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔགས་ནས་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།
བག་རྩིས།ལྷག་པར་དུ་ཕོ་མོ་གཉེན་སྒྲིག་སྐབས། བག་རྩིས་བསྐོར་རྒྱུ་ནི། བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་གནས་ཐབས་ཙམ་མ་ཟད། བཟའ་ཚང་གཉིས་ཀྱི་ལོ་རྟགས་དང་ཁམས་མི་མཐུན་ན། བཟའ་ཟླ་གཉིས་ལ་ནད་དང་བར་ཆད་ཡོང་བ་མ་ཟད། ཕྲུ་གུ་དབང་པོ་སྐྱོན་ཅན་འོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བག་རྩིས་བསྐོར་རྒྱུ་སྣང་མེད་ཏུ་བཞག་རྒྱུ་མེད་པས། དེར་དོ་སྣང་གིས་ལོ་རྟགས་དང་ཁམས་མི་མཐུན་པ་བཟློག་ཐབས་ཀྱི་རིམ་གྲོ་སོགས་གནང་བ་ཡིན་ན། བོད་མི་རིགས་ཀྱི་སོན་རྩ་ཕྲུ་གུ་མ་སྐྱེ་གོང་ནས་ནད་སོགས་སྔོན་འགོག་ཡིན་པ་མ་ཟད། ཕ་མ་དང་ཕྲུ་གུ་རང་རང་སོ་སོའི་མི་ཚེ་ལ་ཕན་པ་དང་། བོད་མི་རིགས་ལ་ཡང་ཕན་ཐོགས་ཡོང་གི་ཡོད།
ནད་རྩིས། ནད་བྱེ་བྲག་གང་རུང་གི་མནར་བ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོའི་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བ་ཙམ་གྱིས་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཚབས་ཆེན་པོ། ནད་གཞི་ཛ་དྲག་ཅན་དུ་གྱུར་སྐབས་ནད་རྩིས་བསྐོར་གྱི་ཡོད། རབ་བྱུང་ན་ནད་ཐོག་མར་མནར་བའི་སྐབས་སུ་ནད་རྩིས་བསྐོར་ནས་ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཀྱི་ཐོག་ལ་སྨན་གྱི་ནུས་པ་ཐོན་མྱུར་བ་དང་། ནད་ཀྱི་དྲག་བསྐྱེད་ཀྱང་མྱུར་བ་སོགས་ཕན་ཐོགས་ཆེན་པོ་ཡོད།
སྐར་རྩིས་རིག་པའི་སྒོ་ནས་བཅོས་ཐབས།
གློ་གཅོང་ཟད་བྱེད་ཕོག་པའི་ཡུལ་གློ་བ་ནི་ལྕགས་ཁམས་ཡིན་པ་དང་། གཞན་ཡང་གཟའ་སྐར་དང་། ས་བདག གདོན་སོགས་ལྕགས་ཁམས་གྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། རྒྱལ་མདོས་བཙན་མདོས་གཏོང་། ཆོས་སུ་འཇམ་དཔལ་མཚན་བརྗོད་དང་། རྡོ་རྗེ་རྣམ་ལྕགས་མཆུ་འདོན། གཏོ་བཅོས་སུ། ར་ཡིས་གཟུགས་ཀྱི་གླུད་ཅིག་བཟོས་ལ། དེར་མདའ་དང་། གཞུ། ཁྲབ། རྨོག མགར་པའི་ལག་ཆ་སོགས་ཆུང་ངུ་བཟོས། ཡང་ན་སྤར་རིགས་ཀྱི་གཟུགས་བརྙན་སོགས་བཟོས་ལ་གླུད་གཟུགས་ར་དེར་བཀལ་ལ་ཤར་ཕྱོགས་སུ་གཏོང་བར་བྱའོ་ཞེས་གསུངས་ཡོད།
འདི་ནི་གློ་གཅོང་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན།ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས།ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདི་ནད་དང་གནོད་པས་མི་གོས་ཤིང་།ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན།།།།