སྨན་རྩིས་དྲ་བ། - བཀའ་སློབ།

སྤྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་སྨན་རྩིས་ལས་སློབ་ཡོངས་ལ་སྩལ་པའི་བཀའ་སློབ།

 དེ་རིང་འདིར་སྨན་རྩིས་ཁང་གི་དགེ་རྒན་བགྲེས་པ་ཚོ་དང༌། སློབ་ཕྲུག་ཚོ། ལས་བྱེད་ཚོ། ཁྱེད་རང་ཚང་མ་ཡང་བསྐྱར་མཇལ་ནས་ཞེ་དྲག་དགའ་པོ་བྱུང༌། ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག སྔོན་མ་ཚར་མང་པོ་ཐུག་པ་རེད། སྔོན་མ་སྐད་ཆ་བཤད་པ་དེ་ཚོ་དེབ་བཟོས་བྱས་འདུག ལྡབ་སྐྱོར་བརྒྱབས་ནས་དགོས་པ་གང་ཡང་མི་འདུག ད་ལྟ་བར་དུ་ལོ་སུམ་ཅུ་སོ་གྲངས་ཤིག་གི་རིང་ལ་སྐབས་རེ་དཀའ་ངལ་ཡང་ཞེ་དྲག་འཕྲད་ཡོད་རེད་དེ་ཚང་མས་ཤུགས་བསྒྲིལ་ནས་ཧུར་ཐག་འབད་ཐག་བྱས་པ་རེད། ལག་རྗེས་ཀྱི་གྲུབ་འབྲས་མི་དམན་པ་ཐོན་དང་འཐོན་བཞིན་པ་ཞིག་རེད། དེ་ཡིན་པ་ཡིན་དུས་ཙ་ན་ཁྱེད་རང་ཚང་མར་ཧུར་ཐག་འབད་ཐག་བྱེད་པ་ཡག་པོ་ཞེ་དྲག་བྱུང་འདུག ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན། རྩ་བའི་བོད་ཀྱི་གསོ་བ་རིག་པ་འདི་ང་རང་ཚོའི་བོད་མི་རིགས་ཀྱི་རིག་གཞུང་གལ་ཆེ་ཞིག་ཡིན་པ་ཙམ་དུ་མ་ཟད། དངོས་གནས་འགྲོ་བ་མི་སྤྱི་ཟེར་ནའང་མི་འདུག གང་ལྟར་ནད་ཀྱིས་ཉམ་ཐག་པའི་སེམས་ཅན་མང་པོ་ཞིག་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་བསྡད་པ་སྨོས་མ་དགོས་པ་རེད་འདུག དེ་འདྲ་ཡིན་དུས་གཞན་ཕན་རྒྱ་ཆེན་པོ་བསྒྲུབ་རྒྱུའི་ཐབས་ཤེས་ཤིག་ཡོད་པ་རེད། ཐབས་ལམ་ཞིག་ཡོད་པ་རེད། དེ་འདྲ་ཡིན་པ་ཡིན་དུས་སོ་སོའི་མི་རིགས་ཀྱི་ངོས་ནས་བཤད་པ་ཡིན་ན་ཡང་ཞེ་པོ་གཅིག་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ག་ནང་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་བསམ་བློ་ཞིག་བཏང་བ་ཡིན་ན་ཡང་ཞེ་དྲག་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་པ་ཡིན་དུས་ཁྱེད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། མ་གཞི་ཉམས་ཞིབ་བྱེད་དགོས་དེ་འདྲ་ཁྱེད་རང་ཚོས་ཡོང་གི་ཡོད་པ་ཡིན་དུས་ཉམས་ཞིབ་བྱེད་རྒྱུ་དེ་ཏོག་ཙམ་གནད་འགག་ཆེན་པོ་ཆགས་ཀྱི་འདུག ང་ཚོ་བོད་པའི་གོམས་གཤིས་ལ་སྔར་ནས་མར་ཡོད་པ་དེ་ཆ་ཚང་ཞིག་རྒྱུན་འཛིན་ཐུབ་པ་ཡིན་ན། དེའི་སྒང་ལ་སྔར་མེད་གསར་སྤྲོས་བྱས་ཏེ་རིག་གནས་ཕན་ཚུན་གོ་བསྡུར་ནས་གསོ་བ་རིག་པའི་རིག་གནས་ཟེར་ན་ཡང་མི་འདུག ལམ་སྲོལ་འདྲ་མི་འདྲ་ཡོད་པ་དེ་དག་ཕན་ཚུན་གོ་བསྡུར་ནས་ལམ་སེང་ང་རང་ཚོའི་སྨན་གཞུང་དང་འགྲོ་སྟངས་དེ་ཚོའི་གྲས་ལ་བསྒྱུར་བཅོས་གང་ཡང་བཏང་དགོས་མ་རེད་དེ། ཡིན་ན་ཡང་ཞིབ་བསྡུར་དང་ཉམས་ཞིབ་བྱས་ནས་ག་ལེར་ག་ལེར་ལེགས་ཆ་འདྲ་པོ་བླང་རྒྱུ་ཏན་ཏན་ཡོད་མདོག་ཁ་པོ་རེད་བསམ་གྱི་འདུག གཞི་སྨན་པའི་རྒྱལ་པོས་བཀའ་གནང་བ་ཟེར་ན་ཡང་མི་འདུག གང་ལྟར་ཡང་སྙིང་མདོ་དང་བསྟན་བཅོས་དེ་འདྲའི་ཁོངས་ནས་མར་ཡོང་བསྡད་པ་ཞིག་ཆགས་ནས་སྐྱེས་བུ་དམ་པ་དེ་ཚོའི་གྲས་མངོན་ཤེས་དང་དེ་འདྲ་མང་པོ་ཞིག་གི་ཐོག་ནས་གང་ལྟར་རྟོགས་པའི་ཡོན་ཏན་ཟེར་ནའང་མི་འདུག མཁྱེན་པའི་ཡོན་ཏན་རྒྱས་བསྡད་པ་ཏན་ཏན་ཡོང་གི་རེད། དེ་དང་ཆབས་ཅིག་ཚན་རིག་དང་མཐུན་པ་ཟེར་ན་ཡང་མི་འདུག ཚན་རིག་གི་ལམ་ནས་མི་སོ་སྐྱེ་ཐ་མལ་པ་ཞིག་གིས་བརྩད་གཅོད་བྱས། བརྟག་དཔྱད་བྱས། ཞིབ་འཇུག་བྱས། ཉམས་མྱོང་བསགས་ནས་རིག་པ་གསར་པ་གསར་པ་སྤེལ་རྒྱུ་ཡོད་པ་རེད། དེང་སང་དཔེར་ན། འཛམ་བུ་གླིང་འདིའི་སྒང་ལ་གསོ་བ་རིག་པ་ལ་ཆ་བཞག་ན་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱས། བརྟག་དཔྱད་བྱས། བརྟག་དཔྱད་བྱས་ནས་རིག་པ་གསར་པ་རྙེད་ཡོང་གི་ཡོད་རེད། བྱས་ཙང་ང་རང་ཚོའི་བོད་སྨན་ནང་ལ་ཡིན་ན་ཡང་དེ་དེ་བཞིན་བྱས་ནས་རྩ་བ་སྔོན་གྱི་སྐྱེས་བུ་དམ་པ་ཚོའི་ནང་ནས་ཡེ་ཤེས་ཀྱི་མཐུ་ལས་མཁྱེན་པའི་རྩལ་ལས་ཐོན་པའི་གཞུང་ཆེན་ཏན་ཏན་ཡོད་པ་རེད། ང་ཚོས་ཀྱང་དེར་ཉམས་ཞིབ་བྱེད་ཀྱིན་བྱེད་ཀྱིན་བྱས་ནས་ཡར་འགྲོ་མ་ཆོག་པ་དང༌། ཡོང་མ་ཐུབ་པ་ཕལ་ཆེར་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་པ་ཡིན་དུས་ཙ་ནས་དེ་འདྲའི་ཉམས་ཞིབ་བྱེད་རྒྱུ་དེར་ཤུགས་ཏོག་ཙམ་བརྒྱབ་ཐུབ་ན་ཡག་པོ་མེད་དམ་བསམ་གྱི་འདུག དེས་ཕན་ཚུན་འབྲེལ་བ་བྱེད་རྒྱུའི་གོ་སྐབས་གཅིག་ཀྱང་སླེབས་ཡོང་གི་རེད། གཞན་སོ་སོ་གཅིག་པུར་ཁ་གཙང་ལྟོ་གཙང་བཟོ་འདྲ་བྱས་ནས་འདུག་སེ་བསྡད་དུས་ཕན་ཚུན་འབྲེལ་བ་ཡང་ཆགས་མ་ཐུབ་པ་བྱས། སྔོན་ལ་འབྲེལ་བ་ཆགས་རྒྱུ་ལ་གཞི་ཞིག་བཟོ་དགོས་རེད། གཞི་བྱུང་བ་ཡིན་ན་རང་བཞིན་གྱིས་ཕན་ཚུན་སྐད་ཆ་བཤད་རྒྱུ་དང༌། གོ་བསྡུར་བྱེད་རྒྱུ་མང་པོ་ཞིག་རང་ཤུགས་ཀྱིས་སླེབས་ཡོང་བ་ཡིན་དུས་འབྲེལ་བ་དེ་ཡང་སླེབས་ཀྱི་རེད། ཕ་རོལ་པོ་ཡིན་ན་ཡང་བོད་པའི་སྨན་གྱི་ཐོག་ནས་བློ་སྐྱེས་གསར་པ་སླེབས་རྒྱུ། ང་རང་ཚོ་ཚུར་ཡིན་ན་ཡང་རིག་པ་གསར་པ་སླེབས་རྒྱུ། དཔེར་ན། རྒྱ་གར་ཨ་ཡུ་ཝེ་རྡ་དང་འབྲེལ་བ་ཏོག་ཙམ་ཏོག་ཙམ་ཡོད་རེད་དེ། དེ་ནང་བཞིན་རྒྱ་མིའི་གནའ་རབས་ཀྱི་སྨན་བཅོས་རིག་གཞུང་ཞིག་ཡོང་གི་རེད། དེ་རིང་ཁ་སང་གནས་ཚུལ་ཉམས་ཞིབ་བྱེད་རྒྱུ་ཡིན་ནའང་རེད། ཕན་ཚུན་གོ་བསྡུར་རྒྱུ་དེ་འདྲའི་གོ་སྐབས་ནི་ཡག་ཏུ་འགྲོ་བསྡད་ཀྱི་ཡོད་རེད། བྱས་ཙང་དེ་འདྲའི་ཉམས་ཞིབ་ཏོག་ཙམ་བྱེད་ཐུབ་ན་ཡག་པོ་མེད་འགྲོ་བསམ་པ་དྲན་སོང༌། དེ་དང་ཆབས་ཅིག་ཁྱེད་རང་ཚོ་སོ་སོས་ཉམས་ཞིབ་བྱས་པ་དེ་སོ་སོ་གཅིག་པུའི་བློ་ལ་ངེས་བསྡད་པ་མ་ཡིན་པར་མང་པོ་ཞིག་ལ་ཕན་ཐོགས་ཡོང་བར་དེབ་འབྲི་རྩོམ་བྱེད་རྒྱུ་ནི་ཞེ་དྲག་གལ་ཆེན་པོ་རེད། ཕན་ཐོགས་ཆེན་པོ་ཞེ་དྲག་ཡོད་རེད། དེ་འདྲ་ཡིན་པ་ཡིན་དུས་ཁྱེད་རང་ཚོ་མི་གཅིག་གཉིས་ཀྱིས་དེབ་བྲིས་པ་བྱུང་འདུག ཞེ་དྲག་ཡག་པོ་རེད། སྔོན་ལ་ཚིག་སྦྱོར་བཟང་པོ་ཧ་ལས་པ་ཚད་ལོངས་པ་ཡོད་མེད་ལ་མ་ལྟོས་པར་དོན་དག་དེ་འཁྱོལ་པོ་ཞིག་གི་ཐོག་ནས་དེབ་གཟུགས་ག་ཚོད་མང་མང་བྱུང་བ་ཡིན་ན་དེའི་ཚོད་ཀྱིས་ཕན་ཐོགས་དང་ཡར་རྒྱས་འགྲོ་རྒྱུར་ཕན་གྱི་རེད། འདི་ཁྱཻད་རང་ཚོར་འབོད་བསྐུལ་བྱེད་རྒྱུ་ཡིན། ཁྱེད་རང་ཚོ་དེབ་བྲིས་མཁན་ཚོ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེ་དྲག་ཡག་པོ་རེད། ཁྱེད་རང་ཚོས་ལེགས་བཤད་ཀྱིས་རྩོམ་བཞག་པ་འདི་ཕན་ཐོགས་ཆེན་པོ་ཞེ་དྲག་ཡོད་རེད། ཡག་པོ་བྱུང་འདུག དེ་ནས་ཁྱེད་རང་གཞོན་སྐྱེས་ཚོས་ད་ལྟ་སློབ་སྦྱོང་བྱེད་མུས་དང༌། སློབ་སྦྱོང་གང་ལ་གང་འཚམས་ཐོན་བསྡད་པ་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་རེད། སློབ་སྦྱོང་བྱེད་རྒྱུ་དེ་སོ་སོའི་ལྟོ་གོས་ཀྱི་མདུན་ལམ་ཞིག་ཡིན་བསམ་པ་དཻ་རྐྱང་པ་མིན་པ་བྱས། ག་ཚོད་ཐུབ་ཐུབ་ཀྱི་ཆོས་དང་འབྲེལ་བའི་ཐོག་ནས་གཞན་ཕན་རྒྱ་ཆེན་པོ་སྒྲུབ་རྒྱུ་འདི་དམིགས་བསལ་ཐབས་ཤེས་ཟེར་ནའང་མི་འདུག ལམ་ཟེར་ན་ཡང་མི་འདུག དེ་འདྲ་ཞིག་ཡིན་བསྡད་པ་དེའི་ངོས་འཛིན་དང་འབྲེལ་བའི་ཐོག་ནས་གང་ལྟར་ཇི་ཙམ་གྱི་བསམ་པ་བཟང་པོའི་ལྷག་བསམ་ག་ཚོད་བྱུང་བ་དེའི་ཚོད་ཀྱིས་སོ་སོས་ཉིན་རེ་བཞིན་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་ཡིན་ན་ཡང་འདྲ། གང་ལྟར་སྒོ་གསུམ་གྱི་བྱ་བ་གང་དང་གང་བསྒྲུབས་པ་དེ་ལྷག་བསམ་གྱིས་ཟིན་པའི་ཐོག་ནས་བྱེད་པ་ཡིན་ན་དགེ་བ་རླབས་པོ་ཆེ་བསགས་རྒྱུ། ཚོགས་རླབས་པོ་ཆེ་བསགས་རྒྱུར་ཕན་ཐོགས་ཞེ་དྲག་ཡོད་རེད། ང་རང་ཚོའི་བོད་པའི་སྨན་གཞུང་དེ་རྩ་བ་ནང་ཆོས་དང་གནས་ཚུལ་ཁག་ཁག་རེད། དེ་ནམ་རྒྱུན་ངས་ཁག་ཁག་རེད་ཅེས་ཟེར་བསྡད་ཀྱི་ཡོད། ཆོས་ཆོས་རེད། དཔེར་ན་ཆུ་ཆུ་རྐྱང་ཞིག་ལ་སྔགས་ཀྱིས་བྱིན་རླབས་བརྒྱབས་པའི་བཟོ་འདྲ་པོ་ཞིག་ཡྀན་པ་ཡིན་ན་ཆོས་དང་འབྲེལ་ནས་ཡོང་བསྡད་ཀྱི་ཡོད་རེད། ང་ཚོའི་སྨན་གཞུང་དེ་འདྲ་མ་རེད། རྫས་མི་འདྲ་བ་མི་འདྲ་བ། རྫས་སོ་སོའི་ནུས་པ་མི་འདྲ་བ། མི་འདྲ་བ་དེའི་ཐོག་ནས་ཡོང་གི་ཡོད་རེད། ཡང་སྨན་སྒྲུབ་ལྟ་བུ་བྱས་ནས་ནུས་པ་ཆེ་རུ་འགྲོ་བ་ལྟ་བུའི་ཆོས་དང་འབྲེལ་བ་དེ་འདྲ་ཕྲན་བུ་ཕྲན་བུ་ཡོང་གི་ཡོད་ན་མ་གཏོགས་གཞན་ཚན་རིག་རང་བྱས་ནས་འགྲོ་བསྡད་མཁན་ཆགས་ཀྱི་ཡོད། གཞི་རྐང་ང་རང་ཚོའི་གསོ་བ་རིག་པ་ཚན་རིག་གཞི་ལ་བཞག་པའི་སྔོ་ཡིན་ན་ཡང་འདྲ། གང་ལྟར་སྨན་རྒྱུ་རིགས་འདྲ་མི་འདྲ་འདི་དག་ལ་སྔགས་ཀྱིས་བྱིན་གྱིས་རླབས་བྱས་ནས་ནུས་པ་བཏོན་པ་རེད་ཟེར་གྱི་ཡོད་པ་མ་རེད། རང་བཞིན་སྐྱེ་དངོས་རང་ལ་རྫས་ཀྱི་ནུས་པ་ཡོད་བསྡད་པ་དེ་ཕར་བསྲེས་ཚུར་བསྲེས་བྱས་ནས་སྨན་བཅོས་བྱེད་ཡོང་དུས་ཁེ་མི་ཁལ་(Chemical)ཟེར་མཁན་དེ་ཡོང་གི་ཡོད་མེད་གང་ཤེས་མ་གཏོགས་ང་རང་ཚོས་རྫས་ཀྱི་ནུས་པའི་ཐོག་ནས་འགྲོ་གི་ཡོད་བསྡད་པ་ཤེས་གསལ་རེད། མི་མང་པོ་ཞིག་གིས་བོད་ཀྱི་སྨན་ཟེར་ལབ་དུས་བྱིན་རྟེན་འདྲ་པོ་ཞིག་བསྲེས། བླ་མ་ཚོས་བྱིན་རླབས་འདྲ་ཞིག་བྱས། དེ་ནས་སྔགས་དང་བྱིན་རླབས་འདྲ་པོའི་ཐོག་ནས་ཡོང་བསྡད་པའི་སྨན་ལ་ངོས་འཛིན་བྱེད་ཀྱི་འདུག་པ་དེ་མ་རེད། ང་ཚོའི་དེ་རྦད་དེ་ཁག་ཁག་རེད། དེ་འདྲ་ཡིན་པ་ཡིན་དུས་རྩ་བ་ཁག་ཁག་རེད། དེ་ཡིན་ཡང་སྤྱིར་བཏང་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་གི་ཐོག་ནས་སྨན་གྱི་ལག་ལེན་བཀལ་རྒྱུ་ཡོང་གི་ཡོད་རེད། དེ་བྱུང་ན་ཡག་པོ་ཞེ་དྲག་རེད། དེ་འདྲ་ཡིན་པ་ཡིན་དུས་སོ་སོའི་བསམ་བློའི་འགྲོ་སྟངས་འདི་ཆོས་ཕྱོགས་ཀྱི་ཐོག་ནས་བསླབ་བྱ་བཟང་པོ་ཡོད་བསྡད་པ་དེ་ཚོ་སོ་སོའི་རྒྱུད་ལ་ཚང་བ་ཞིག་བྱེད། དེ་བྱུང་ན་སྨན་སྦྱིན་དེ་ཡང་ཕན་ཐོགས་ཆེ་བ། སོ་སོ་སྒེར་ངོས་ལ་ཡིན་ན་ཡང་དངོས་གནས་རང་ཆོས་ཉམས་ལེན་བྱེད་པར་འགྲོ་གི་རེད། གཞན་ཕན་རྒྱ་ཆེ་བ་དང་རླབས་ཆེ་བ་ཡོང་ཐུབ་པ། སྤྱིར་བཏང་ང་རང་ཚོར་བཤད་རྒྱུན་ཡོང་བ། ཨེམ་ཆི་ཁ་ཤས་ཐུགས་མཁྱེན་པ་རྒྱས་པོ་ཞེ་དྲག་ཡོད་རེད་དེ་མི་ལ་ཞེ་དྲག་རང་ཕན་གྱི་མ་རེད། གང་ཡིན་ཟེར་ན་ཐུགས་སེམས་ཡག་པོ་རང་ཡོད་མ་རེད། ཏོག་ཙམ་གནག་སིལ་སིལ་ཡོད་རེད་བཤད་ཡོང་བ། ཤེས་སོང་ངམ། སྨན་པ་གཅིག་གཅིག་ཐུགས་སེམས་བཟང་པོ་ཞེ་དྲག་རེད། སྨན་ས྄ུས་ལེན་ན་ཡང་ཞེ་དྲག་ཕན་གྱི་རེད་ཟེར་བཤད་སྲོལ་ཡོང་བ། དེ་ཏག་ཏག་ཡོད་མེད་གང་ཤེས་ཏེ་གང་ལྟར་ང་རང་ཚོ་སོ་སོ་སྨན་པའི་ངོས་ནས་ཆ་བཞག་ན་ཡང་བསམ་པ་རྣམ་དག་གི་ཕན་སེམས་ཀྱི་བསམ་པ་བཟང་པོའི་ཐོག་ནས་ནད་གསོ་རྒྱུ་ལ་སྐྱབས་མེད་མགོན་མེད་ཉམ་ཐག་འ་ཆད་འུ་ལ་ཐུག་བསྡད་མཁན་ཞིག་མ་གཏོགས་རྒྱགས་པ་སྐྱིད་པོ་བྱས་ནས་སྨན་པའི་སར་ཡོང་གི་ཡང་མ་རེད། འུ་ཐུག་ནས་ཡོང་མཁན་སྐྱབས་མེད་མགོན་མེད་དེ་ལ་ཁྱེད་རང་ཚོས་དངོས་གནས་རང་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་མཚམས་འདིར་ཞལ་ཤོབ་དང་སྦྲགས་ལས་བསྡོམས་ནང་རྫིག་པོ་ཞེ་པོ་ཞིག་བཀོད་འདུག རང་གཅེས་འཛིན་ཁྱོན་ནས་མེད་པ་དང་གཞན་གཅེས་འཛིན་ཞེ་པོ་གཅིག་བཤད་འདུག འདི་འདྲ་རང་ཡིན་མིན་གང་ཤེས་ཏེ་གང་ལྟར་རང་གཅེས་འཛིན་ལྔ་བཅུ་བྱུང་ན་ནི་དྲུག་ཅུ་དེ་མེད་ན་ཡང་ལྔ་བཅུ་ཡོད་བསྡད་པ་ཞིག དེའི་ཐོག་ནས་ཧུར་ཐག་འབད་ཐག་ཡག་པོ་ཞིག་བྱས་ན་དཔེ་ཡག་པོ་ཡོང་གི་རེད། དེ་འདྲ་ཡིན་པ་ཡིན་དུས་ཐོག་མར་དམའ་རིམ་ནས་ཡར་སྦྱོང་བརྡར་བྱེད་པའི་དུས་ནས་ངས་འདི་ཆོས་ལ་འགྲོ་ཐུབ་པ་ཞིག་དང་གཞན་ཕན་ལ་འགྲོ་ཐུབ་པ་ཞིག་བྱེད་ཀྱི་བསམ་པའི་ཀུན་སློང་བཅོས་རྒྱུ་དེ་གལ་ཆེན་པོ་རེད་འདུག ངས་སྨན་ཞིག་བསླབས། མཇུག་ཏུ་ཕོག་ཅིག་རག་གི་རེད། ལས་ཀ་འདི་འདྲ་ཞིག་ཡོང་གི་རེད་བསམ་པ་ལྟ་བུ། ཡང་ངས་སྨན་རྩིས་ཁང་ནས་སྨན་ཏོག་ཙམ་བསླབས། ཏོག་ཙམ་ཤེས་སོང་ན་ཕྱི་རྒྱལ་ཁུལ་ལ་དེ་རིང་ཁེ་ས་བོད་པའི་སྨན་ལ་དོ་སྣང་བྱེད་མཁན་ཏོག་ཙམ་འདུག དེ་གར་ཕོགས་འདྲ་ཞིག་རག ཤེས་ལ་མ་ཤེས་ཐོག་ལ་བོད་པའི་མིང་འཁྱེར་ནས་གཅིག་བྱས་ན་གཅིག་ཡོང་གི་རེད་བསམ་པ་ལྟ་བུའི་བསམ་བློ་གཏོང་མཁན་ཡོད་ཀྱི་མ་རེད་ལ། དེ་འདྲ་བྱས་ན་མགོ་ལོག་རེད། ཤེས་སོང་ངམ། སློབ་སྦྱོང་འདིར་བྱས། ཤེས་ལ་མ་ཤེས། ཚོད་ཐིག་ལ་མ་ཐིག ཉམས་མྱོང་ཡོངས་སུ་མ་རྫོགས་པའི་ངང་ནས་ཕྱི་རྒྱལ་ལ་ཕྱིན། ཁུངས་ཐུབ་པ་ཞིག་དང་དངོས་གནས་ཚད་ལོངས་པ་ཞིག་བྱུང་ན་ཡག་པོ་ཞེ་དྲག་རེད། དེ་ཡང་མེད་པ་བྱས། ད་ག་སེ་འདོད་རྔམས་ཀྱི་ཐོག་ནས་ཕྱིན་པ་ཡིན་ན་དཔེ་ཐབས་སྡུག་རེད། བོད་ཀྱི་རིག་གཞུང་ལ་ཡང་མཐར་ཐུག་དེར་གནོད་རྒྱུ་ཞིག་མ་གཏོགས་ཕན་གྱི་མ་རེད་ལ་སོ་སོ་སྒེར་ལ་ཡིན་ན་ཡང་ཡག་པོ་གང་ཡང་ཡོང་གི་མ་རེད། ཁུངས་ནི་འཁྱོལ་གྱི་མ་རེད། བྱས་ཙང་དེ་འདྲ་ཡིན་པ་ཡིན་དུས་སློབ་སྦྱོང་འདིར་བྱས་པ་རེད། སློབ་སྦྱོང་བྱས་པ་ནང་བཞིན་སོ་སོས་བསམ་པ་རྣམ་དག་གིས་བོད་པའི་སྤྱི་ཚོགས་ནང་དུ་ཞབས་འདེགས་བསྒྲུབ་བསམ་པ་ཞིག་གི་བསམ་པ་རྣམ་དག་བྱས། དེ་ནས་ག་ལེ་ག་ལེར་ཉམས་མྱོང་གསོག་གིན་གསོག་གིན་ཐོག་ལ་སོ་སོར་དངོས་གནས་གདེངས་འཁེལ་བ་ཞིག་དང་གང་ཅིའི་ཐོག་ལ་གཞུང་ནས་གསུངས་བཞག་པ་དང༌། སོ་སོའི་ཉམས་མྱོང་ཟུང་སྦྲེལ་གྱི་ཐོག་ནས་དངོས་གནས་རང་སྒྲོ་དོགས་ནང་ནས་ཆོད་པ་ཞིག་བྱུང་སོང་ན་ཕར་ཚུར་ག་པར་ཡིན་ན་ཡང་གདེངས་འཁེལ་བའི་ཐོག་ནས་གྲོས་བསྡུར་བྱེད་རྒྱུ་ཡོང་གི་རེད། མི་ལ་ཕན་ཐོགས་བྱེད་རྒྱུ་ཡོང་གི་རེད། འཛམ་བུ་གླིང་ག་ས་ག་ལ་གདན་གྲལ་མཉམ་གཤིབས་ཀྱིས་གསོ་བ་རིག་པའི་ཐོག་ནས་རིག་གཞུང་ཕར་ཚུར་བརྗེ་རེས་བྱེད་རྒྱུ་ཡིན་ནའང་རེད། མང་པོའི་ཐོག་ལ་བྱེད་ཐུབ་ཀྱི་རེད། ཤེས་སོང་ངམ། དེ་ཚོ་སྔོན་ལ་ཚུར་ཕྱོགས་དེར་ཧུར་ཐག་འབད་ཐག་བྱོས་དང༌། གོ་སྐབས་བཟང་པོ་རང་བཞིན་གྱིས་སླེབས་ཡོང་གི་རེད། དང་པོ་ནས་དེ་འདྲ་ཞིག་གི་ཐོག་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན་ཡག་པོ་ཡོད་མ་རེད། དེ་འདྲ་ཡིན་པ་ཡིན་དུས་ཁྱེད་རང་གཞོན་སྐྱེས་འཚར་ལོངས་ཡོང་མཁན་ཚོས་ཧུར་ཐག་འབད་ཐག་བྱེད་དགོས་ཀྱི་རེད། ང་རང་ཚོ་ཚང་མ་བོད་སྤྱི་པའི་དོན་དག་དང་འབྲེལ་ནས་ལས་ཀ་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་གཙོ་ཆེ་ཤོས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ཡོང་རྒྱུ་ང་ཚོའི་རྩ་དོན་ལ་སླེབས་ཀྱི་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འགོང་འཕེལ་ཡོང་རྒྱུ་རྩ་དོན་ཡིན་པ་ཡིན་དུས་ཙ་ནས་ཆབ་སྲིད་ཀྱི་ཐོག་ནས་འདིའི་དཀའ་ངལ་སེལ་ཐུབ་པ་ལ་ང་ཚོས་འབད་བརྩོན་བྱེད་པ་དང་ཆབས་ཅིག ཁྱེད་རང་ཚོ་མི་རེ་ངོ་རེ་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཆེན་པོ་འདིའི་ནང་ལོགས་ལ་ཐད་ཀར་འགན་འཁྲི་བ་ཞིག་དང་ཐད་ཀར་འབྲེལ་བ་ཆགས་ནས་ཡོད་བསྡད་པ་ཁྱེད་རང་ཚོར་དམིགས་བསལ་གྱི་འགན་འཁུར་ཞིག་སླེབས་ཡོང་གི་ཡོད་རེད། དེ་འདྲ་ཡིན་པ་ཡིན་དུས་ཁྱེད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱེད་དགོས་རེད། གཟབ་གཟབ་བྱེད་ཤོག་ཨང༌། ཤེས་སོང་ངམ། ང་རང་ཚོ་བཙན་བྱོལ་བྱས་བསྡད་པའི་རིང་ལ་སོ་སོའི་ངོས་ནས་བསམ་པ་རྣམ་དག་བྱེད་ཡིན་བསམ་པའི་སོ་སོའི་སེམས་ཀྱི་ནང་ལོགས་ལ་སྤོབས་པ་ཡོད་བསྡད་པ་ཞིག་དང་གདེངས་འཁེལ་བ་ཞིག་བྱུང་བ་ཡིན་ན་ང་རང་ཚོ་ཕྱིན་ཆད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་ལ་བོད་གཞིས་བྱེས་རྒྱ་ཆེ་མི་མང་འདི་དག་ཚང་མས་དགའ་བསུ་ཞུ་གི་རེད། དངོས་གནས་དགའ་པོ་ཡོང་གི་རེད། དེ་འདྲ་ཡིན་པ་ཡིན་དུས་ཁྱེད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། མཚམས་འདིར་སྨན་སློབ་མཁན་གསར་འབྱོར་ག་ཚོད་ཡོད་མེད་དང་རབ་བྱུང་ཕོ་མོ་ག་ཚོད་ཡོད་མེད་བཀའ་འདྲི་གནང་ རབ་བྱུང་ཕོ་མོ་ཚོས་རྟེན་རབ་བྱུང་གི་ཐོག་ནས་སྨན་སྦྱིན་རྒྱུ་ཟེར་མཁན་དེ་དམིགས་བསལ་གྱི་འོས་པོ་ཞིག་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་ད་ལྟ་ཕན་ལ་རྟེན་རབ་བྱུང་གི་ཐོག་ནས་གསོ་བ་རིག་པའི་གཞུང་ལུགས་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་བྱེད་ཨང་བསམ་པའི་སེམས་ཤུགས་བསྐྱེད་ནས་ཡོང་བསྡད་པ་དེ་རྗེས་སུ་ཡི་རངས་ཀྱི་གནས་རེད། ཞེ་དྲག་ཡག་པོ་རེད། བྱས་ན་ད་ག་ཡིན། འོ་རེད། རྩིས་པ་ཚོར་བསྔགས་བརྗོད་མ་ཞུས་བཞིན་སྔོན་མ་ངས་རྩིས་པ་ཚོར་ཞེ་དྲག་དོ་སྣང་སེ་མ་བྱས་ཙང་ཁྱེད་རང་ཚོ་སེམས་ཤུགས་ཆག་པའི་བཟོ་འདྲ་པོ་བྱས་སོང༌། ཁྱེད་རང་རྩིས་པ་ཚོས་བསྟན་པའི་ཞབས་འདེགས་ཆེན་པོ་སྒྲུབ་ཀྱི་ཡོད་རེད། བཀའ་དྲིན་ཆེ་ཞུ་གི་ཡིན། ཚང་མས་ཧུར་ཐག་འབད་ཐག་གནང་ཤོག་ཨང༌། ད་ག་ཡིན། ཞེས་བཀའ་བསྩལ། ཚོགས་ཁང་ནས་སྐུ་བཞེངས་གནང་སྟེ་ཆིབས་ཞལ་བསྒྱུར་ཁར་སླར་ཡང༌། ད་འོ་ན་བཞུགས་ཨང༌། ཚང་མས་ཧུར་ཐག་འབད་ཐག་བྱེད་དགོས་རེད་ད། ཤེས་སོང་ངམ། མདུན་དེར་འདྲ་ཆགས་པོ་བྱས། རྒྱབ་ལོག་དེར་དེ་འདྲ་རང་མིན་པའི་བཟོ་འདྲ་པོ་མིན་པ་བྱས། ལས་འབྲས་དཔང་འཕེར་ངོ་ལྐོག་མེད་པ་དེ་དཔེ་གལ་ཆེན་པོ་རེད། ཅེས་ཀྱང་བཀའ་སློབ་སྩལ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།