༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ།།
དང་པོ། རྩ་བའི་རྒྱུད།
༡ |
༤ |
||
༢ |
༥ |
||
༣ |
༦ |
གཉིས་པ། བཤད་པའི་རྒྱུད།
༡ |
༡༢ |
༢༣ |
|||
༢ |
༡༣ |
༢༤ |
|||
༣ |
༡༤ |
༢༥ |
|||
༤ |
༡༥ |
༢༦ |
|||
༥ |
༡༦ |
༢༧ |
|||
༦ |
༡༧ |
༢༨ |
|||
༧ |
༡༨ |
༢༩ |
|||
༨ |
༡༩ |
༣༠ |
|||
༩ |
༢༠ |
༣༡ |
|||
༡༠ |
༢༡ |
|
|
||
༡༡ |
༢༢ |
|
|
གསུམ་པ། མན་ངག་རྒྱུད།
༡ |
༣༢ |
༦༣ |
|||
༢ |
༣༣ |
༦༤ |
|||
༣ |
༣༤ |
༦༥ |
|||
༤ |
༣༥ |
༦༦ |
|||
༥ |
༣༦ |
༦༧ |
|||
༦ |
༣༧ |
༦༨ |
|||
༧ |
༣༨ |
༦༩ |
|||
༨ |
༣༩ |
༧༠ |
|||
༩ |
༤༠ |
༧༡ |
|||
༡༠ |
༤༡ |
༧༢ |
|||
༡༡ |
༤༢ |
༧༣ |
|||
༡༢ |
༤༣ |
༧༤ |
|||
༡༣ |
༤༤ |
༧༥ |
|||
༡༤ |
༤༥ |
༧༦ |
|||
༡༥ |
༤༦ |
༧༧ |
|||
༡༦ |
༤༧ |
༧༨ |
|||
༡༧ |
༤༨ |
༧༩ |
|||
༡༨ |
༤༩ |
༨༠ |
|||
༡༩ |
༥༠ |
༨༡ |
|||
༢༠ |
༥༡ |
༨༢ |
|||
༢༡ |
༥༢ |
༨༣ |
|||
༢༢ |
༥༣ |
༨༤ |
|||
༢༣ |
༥༤ |
༨༥ |
|||
༢༤ |
༥༥ |
༨༦ |
|||
༢༥ |
༥༦ |
༨༧ |
|||
༢༦ |
༥༧ |
༨༨ |
|||
༢༧ |
༥༨ |
༨༩ |
|||
༢༨ |
༥༩ |
༩༠ |
|||
༢༩ |
༦༠ |
༩༡ |
|||
༣༠ |
༦༡ |
༩༢ |
|||
༣༡ |
༦༢ |
|
|
བཞི་པ། ཕྱི་མ་རྒྱུད།
༡ |
༡༠ |
༡༩ |
|||
༢ |
༡༡ |
༢༠ |
|||
༣ |
༡༢ |
༢༡ |
|||
༤ |
༡༣ |
༢༢ |
|||
༥ |
༡༤ |
༢༣ |
|||
༦ |
༡༥ |
༢༤ |
|||
༧ |
༡༦ |
༢༥ |
|||
༨ |
༡༧ |
༢༦ |
|||
༩ |
༡༨ |
༢༧ |
འགྲོ་བ་མི་རྣམས་ཚེ་རིང་བར་བྱེད་པ་དང། ནད་མེད་བདེ་་བླག་ཏུ་འཚོ་ཞིང་གནས་བར་བྱེད་པའི་ཐབས་མཆོག་ཁྱད་དུ་འཕགས་པ་བོད་གངས་ཅན་གྱི་གསོ་བ་རིག་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་རྩ་བ། དཔལ་ལྡན་རྒྱུད་བཞིའམ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་བཤད་པར་བྱ་བ་ལ། སྤྱིར་གསོ་བ་རིག་པ་ནི་འགྲོ་བ་རྣམས་མི་ན་བ་ཡུན་རིང་དུ་གནས་པར་བྱེད་པ་དང། ན་བ་རྣམས་ནད་ཀྱི་སྡུག་བསྔལ་ལས་བྲལ་ཏེ་ནད་མེད་བདེ་བའི་དཔལ་ལ་འགོད་པར་བྱེད་པའི་རིག་པ་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང། འདི་ལ་མཁས་པ་རྣམས་ཀྱིས་ཡུལ་ལུང་སོ་སོའི་ཁྱད་ཆོས་དང་མཐུན་པའི་བསྟན་བཅོས་མང་དུ་བརྩམས་པ་ལས། རང་ཅག་ཁ་བ་ཅན་པ་ཉིད་དང་ཉེ་བར་འཚམ་པའི་གསོ་རིག་གི་གཞུང་ཁྱད་པར་དུ་འཕགས་པ། དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད།
མཁས་པ་འགའ་ཞིག་གིས། རྗེ་བཙུན་གཡུ་ཐོག་པ་ཆེན་པོས་ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང། སོ་མ་རྭ་ཛ་སོགས་རྒྱ་ནག་ནས་བསྒྱུར་བའི་གཞུང་དང། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་པའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་པར་བཞེད་པ་དང། འགའ་ཞིག་གིས། བདག་ཅག་གི་སྟོན་པ་སྨན་རྒྱལ་གྱི་སྐུར་བཞེངས་ནས་རྗེས་སུ་གནང་བའི་བཀའ་དངོས་སུ་བཞེད་པ་དང། ཡང་འགའ་ཞིག་གིས། བཀའ་དངོས་ཡིན་ཀྱང། སྔོན་སློབ་དཔོན་པདྨས་བསམ་ཡས་དབུ་རྩེར་གཏེར་དུ་སྦས་པ། གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མར་བཞེད་པ་སོགས་འདོད་ཚུལ་སྣ་ཚོགས་པ་སྣང་ཡང།
འདིར་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཞེས་སུ་གྲགས་པ་འདིའི་བྱུང་བ་ཅུང་ཟད་ཙམ་ཞིག་རང་གི་འདོད་ཚུལ་ལྟར་བརྗོད་ན། དེ་ཡང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཐུགས་བསྐྱེད་དུས་སུ་སྨིན་ནས་མཁས་པའི་སྙན་གྲགས་ཆེས་ཆེར་རྒྱས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་ཡི་སྨན་པ་རུ་དབང་བསྒྱུར། སྐབས་དེར་རྗེ་བཙུན་གཡུ་ཐོག་ཆེན་པོས། སྔ་དར་བོད་ཀྱི་གསོ་བ་རིག་པའི་གཞུང་གདམས་རྣམས་རྩ་བ་རུ་བཟུང་། དེའི་ཁར་ཁ་ཆེ་ཟླ་བ་མངོན་པར་དགའ་བ་སོགས་ནས་ཞུས་པའི་མན་ངག་རྣམས་དང་། རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མྱོང་བྱང་རྣམས་ཀྱིས་བསྣན་ཁ་ཅི་རིགས་པར་མཛད་ནས་<<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད།>>ཅེས་བྱ་བའི་གཞུང་འདི་ཉིད་བརྩམས་པར་མཛད། གཞུང་འདི་ལ་ཁ་ཆེ་ཟླ་བ་མངོན་པར་དགའ་བའི་ཞལ་ལས་གསུངས་པའི་མན་ངག་མང་པོ་ཞིག་གིས་བསྣན་ན་མཛད་པས་མཛད་བྱང་ཡང་། ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་རབ་གྲགས་པ། །སློབ་དཔོན་ཟླ་བ་མངོན་པར་དགའ་བ་ཡིས། །ཞེས་པ་སོགས་བཀོད་པར་མཛད། གནས་སྐབས་རྒྱུད་འདི་སྤེལ་བའི་དུས་ལ་མ་བབས་པར་མཁྱེན་ནས། བསམ་ཡས་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་པར་གྲགས།
རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་དགུང་ལོ་ལྔ་བཅུར་ཕེབས་པའི་སྐབས་སུ་སྐུ་འཁོར་བུ་སློབ་དང་བཅས་པ་ཀོང་པོ་སྨན་ལུང་དུ་ཕེབས། དེར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བའི་སྨན་གྱི་སློབ་གྲྭ་ཞིག་གསར་དུ་ཕྱག་བཏབ། སྣོད་ལྡན་གྱི་སློབ་མ་རྣམས་ལ། ཉིད་ཀྱིས་མཛད་པའི་<<བུ་དོན་མ>>ཞེས་པའི་བཤད་ཁྲིད་བསྐྱངས། གཞུང་དེ་ཉིད་ནི་གོང་སྨོས་<<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་>>ལ་གཞི་རུ་མཛད་ནས། སློབ་བུ་རྣམས་ཀྱི་དོན་དུ་མཛད་པ་ཡིན་པས་མཚན་ཡང་བུ་དོན་མ་ཞེས་སུ་གྲགས།
དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་གྲྭ་མངོན་དབང་ཕྱུག་འབར་བས་<<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་>>ཀྱི་དཔེ་གཏེར་ནས་བཞེས། གནས་བརྟན་དར་མ་གྲགས་དང་། སྟོད་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་བར་དུ་ཆིག་བརྒྱུད་ཀྱིས་སྤེལ། གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཤད་སྲོལ་ཐམས་ཅད་ཀྱི་གཞུང་ལག་ལེན་དང་བཅས་པའི་གདམས་ངག་ཡོངས་རྫོགས་ཀྱི་བཀའ་བབས། <<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་>>ཉིད་རྩ་བར་བཟུང་། དེའི་སྟེང་དུ་སྙིང་པོ་བསྡུས་པ་རྩ་འགྲེལ་དང་། དེ་མིན་སྔར་ཡོད་བོད་ཀྱི་སྨན་གཞུང་ལག་ལེན་དང་བཅས་པས་ཁ་བསྐང་། གཡུ་ཐོག་རྙིང་མ་ནས་བཟུང་མི་རབས་བཅུ་གསུམ་བར་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན། བདེ་གཤེགས་སྨན་གྱི་བླ་མས་དངོས་སུ་ཞལ་གཟིགས། ལུང་བསྟན། དབུགས་དབྱུང་། སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་བ་དང་། ཞུ་ལན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་རྫོགས་གསུངས་པ་དག་པའི་གཟིགས་པ་ཉིད་གཞིར་བཞག་སྟེ་བཀའ་དངོས་དང་ཁྱད་པར་མ་མཆིས་པའི་གཞུང་<<བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་>>དམ་དཔལ་ལྡན་<<རྒྱུད་བཞི་>>ཞེས་སུ་གྲགས་པའི་གསོ་དཔྱད་ཀུན་གྱི་རྒྱལ་པོ་འདི་ཉིད་རྩོམ་སྒྲིག་གནང་བ་ཡིན་ནོ།། །།