ྋགོང་ས་མཆོག་གིས་མཛད་པའི་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.11.2014 |
༄༅། །སྙིགས་མའི་མགོན་པོ་བཅོམ་ལྡན་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས་འཛམ་གླིང་གདུང་བ་ཀུན་སེལ་
ཞེས་བྱ་བ་བཞུགས་སོ།།
སྤངས་རྟོགས་མཐར་ཕྱིན་རྟེན་འབྱུང་ལེགས་འདོམས་པ། །
ཟླ་མེད་སྟོན་པ་སྟོབས་བཅུའི་དཔལ་མངའ་ཞིང་། །
ཆེར་སྙིགས་འགྲོ་བ་དམན་ལ་བརྩེ་བ་ཅན། །
བཅོམ་ལྡན་ཤྰཀྱའི་རྒྱལ་པོར་གུས་ཕྱག་འཚལ། །
མཚན་ལེགས་དཔལ་དང་སྒྲ་དབྱངས་རྒྱལ་པོའི་ཞབས། །
གསེར་བཟང་མྱ་ངན་མེད་མཆོག་ཆོས་གྲགས་ཞབས། །
མངོན་མཁྱེན་བཻཌྰུརྱ་ཡི་འོད་རྒྱལ་པོ། །
བདེར་གཤེགས་སྨན་བླའི་ཚོགས་ལ་གུས་ཕྱག་འཚལ། །
འགྲོ་བའི་སྡུག་ཀུན་གཅོང་ནད་ཞི་བའི་སྨན། །
མ་རིག་མུན་པ་སེལ་བའི་སྒྲོན་མེ་མཆོག །
སྐྱབས་ཀྱི་ཕུལ་གྱུར་ཐེག་གསུམ་འགོག་ལམ་ཆོས། །
ཀུན་ལ་སྒོ་གསུམ་གུས་པས་ཕྱག་བགྱི་འོ། །
འཇམ་དཔལ་སྐྱབས་གྲོལ་ལ་སོགས་ཕྱོགས་བཅུ་ཡི། །
འཕགས་དང་སོ་སྐྱེའི་དགེ་འདུན་ཇི་སྙེད་དང་། །
གཞན་ཡང་ཕྱག་བྱར་འོས་པའི་ཡུལ་ཀུན་ལའང་། །
ཕྱག་འཚལ་བསྟོད་ཅིང་སྐྱབས་སུ་མཆི་བར་བགྱིད། །
ཆེས་སྙིགས་འགྲོ་བའི་དོན་དུ་ཐུགས་བསྐྱེད་མཐུ། །
ཆེས་ཆེར་བདོ་བ་བཅོམ་ལྡན་མཆེད་བརྒྱད་ཀྱིས། །
དེང་འདིར་བདག་སོགས་མོས་གུས་གདུང་བའི་བློས། །
ཇི་ལྟར་གསོལ་བའི་དོན་འདི་འགྲུབ་པར་མཛོད། །
བདག་གཞན་བདེ་བ་འདོད་པ་མཉམ་ཉིད་ཀྱང་། །
དེ་རྒྱུ་མི་ཤེས་སྡུག་བསྔལ་རྒྱུ་ཁོ་ནར། །
རྟག་པར་དལ་མེད་རྒྱུགས་པའི་ཚུལ་གཟིགས་ལ། །
སྙིགས་མའི་རྒུད་པ་རྒྱུ་བཅས་ཞི་བར་མཛོད། །
འཇིག་རྟེན་ཁམས་སུ་གནོད་བྱེད་རྐྱེན་ངན་རིགས། །
སྣ་ཚོགས་ཆུ་གཉེར་བཞིན་དུ་ལྡང་འདི་དག །
མིང་ཙམ་ལྷག་མར་གྱུར་ཏེ་འགྲོ་བ་ཀུན། །
ཆོས་འབྱོར་བདེ་དགས་རྟག་ཏུ་འཚོ་བར་ཤོག །
ལས་ཉོན་སྤྱི་དང་ལུས་སེམས་བག་མེད་མཐུས། །
བསྐྱེད་པའི་སྔར་མེད་འབྱུང་འཁྲུགས་ནད་ཀྱི་མིང་། །
ཐོས་པ་ཙམ་གྱིས་དངངས་ཤིང་སྐྲག་བྱེད་པ། །
མཐའ་དག་རྩད་ནས་ཞི་བར་བྱིན་གྱིས་རློབས། །
བདག་སོགས་འགྲོ་ཀུན་སྐྱེ་ཞིང་སྐྱེ་བ་རུ། །
དལ་འབྱོར་རྟེན་ཐོབ་ཐེག་པ་མཆོག་གི་ལམ། །
ཚུལ་བཞིན་རྒྱུད་ལ་སྨིན་པའི་རྐྱེན་ཚང་སྟེ། །
དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །
བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །
ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། །།
ཞེས་པ་འདི་ནི་མང་ཐོས་སྒྲུབ་ལ་བརྩོན་པ་དད་དམ་འགྱུར་བ་མེད་པའི་སེར་སྨད་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་གིས་ཇི་ལྟར་བསྐུལ་བ་དུས་འདིར་དོན་ཕན་ཡོད་པར་མཐོང་སྟེ། ཤྰཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རྒྱལ་ལོ་ ༢༡༣༡ ཤིང་སྤྲེལ་ཟླ་༡༠ ཚེས་༡༥ ཕྱི་ལོ་ ༢༠༠༤ ཟླ་༡༡ ཚེས་༢༦ བཟང་པོ་ལ།།
༄༅། །ྋགོང་ས་མཆོག་གིས་མཛད་པའི་བདེ་གཤེགས་བདུན་གྱི་ཐུགས་དམ་བསྐུལ་བའི་གསོལ་འདེབས་ལྟ་ཀློག་བྱེད།
མཐའ་མའི་འདོན་ཐེངས་།: 24.11.2014 ཉིན། 11:44 AM
<< སྔ་མ།