ྋགོང་ས་མཆོག་གིས་མཛད་པའི་བདེ་གཤེགས་བདུན་གྱི་གསོལ་འདེབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2014 |
༄༅། །ྋགོང་ས་མཆོག་གིས་མཛད་པའི་བདེ་གཤེགས་བདུན་གྱི་ཐུགས་དམ་བསྐུལ་བའི་གསོལ་འདེབས།
༄༅། །གང་ཞིག་སྨྲ་བས་སྟོན་པ་བླ་ན་མེད།།
རྒྱལ་བ་རྟེན་ཅིང་འབྲེལ་བར་འདོམས་མཛད་ཅིང་།།
སྙིགས་མའི་འགྲོ་ལ་ལྷག་པར་བརྩེ་བ་ཡི།།
བཅོམ་ལྡན་ཤྰཀྱའི་རྒྱལ་པོར་གུས་ཕྱག་འཚལ།།
མཚན་ལེགས་སྒྲ་དབྱངས་རྒྱལ་པོ་གསེར་བཟང་པོ།།
མྱ་ངན་མེད་མཆོག་ཆོས་བསྒྲགས་སྨན་གྱི་བླ།།
བདེན་ཚིག་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་པ།།
བདེ་བར་གཤེགས་པ་བདུན་ལ་གུས་ཕྱག་འཚལ།།
མ་རིག་མུན་སེལ་སྒྲོན་མེ་འགོག་ལམ་ཆོས།།
འཇམ་དཔལ་སྐྱབས་གྲོལ་ལ་སོགས་ཚོགས་ཀྱི་མཆོག།
གཞན་ཡང་ཕྱག་བྱར་འོས་པའི་ཡུལ་ཀུན་ལ།།
རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི།།
མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས།།
དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས།།
འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ།།
སྔོན་ཚེ་བདག་སོགས་སྙིགས་མའི་འགྲོ་བའི་སླད།།
ཐུགས་བསྐྱེད་སྨོན་ལམ་ཇི་ལྟར་མཛད་པ་བཞིན།།
དེང་འདིར་བདག་སོགས་མོས་གུས་གདུང་བ་ཡིས།།
ཇི་ལྟར་གསོལ་བའི་དོན་འདི་འགྲུབ་པར་མཛོད།།
བདེ་བ་འདོད་ཀྱང་མི་ཤེས་རྨོངས་པའི་མཐུས།།
སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས་པ་ཡི།།
ཚུལ་འདི་དགོངས་ལ་སྔོན་གྱི་ཐུགས་བསྐྱེད་ལྟར།།
སྲིད་པའི་གདུང་བ་མྱུར་དུ་ཞི་བར་མཛོད།།
ཉོན་མོངས་ཉེས་སྤྱོད་བག་མེད་གྱུར་པ་ཡིས།།
ནད་རིམས་ལ་སོགས་ལུས་ཀྱི་རྒུད་པ་དང་།།
འཇིགས་ཤིང་སྐྲག་དང་འབྱུང་བ་འཁྲུགས་པ་སོགས།།
སྣོད་བཅུད་རྒུད་ཚོགས་ཞི་བར་བྱིན་གྱིས་རློབས།།
བདག་སོགས་འགྲོ་ཀུན་སྐྱེ་ཞིང་སྐྱེ་བ་རུ།།
དལ་འབྱོར་རྟེན་ཐོབ་ཆོས་འབྱོར་དགེ་དགས་འཚོ།།
ཕྱོགས་མཐས་གཏུགས་པའི་སྙིང་རྗེས་རྒྱུད་སྦྱངས་ཏེ།།
དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ཨོཾ་ནམོ་བྷགཝཏེ། བྷཻཥཛྱེ་གུརུ་བཻཌྰུརྱ་པྲབྷ་རྰཛྰཡ། ཏཐྰགཏྰཡ། ཨརྷཏེ་སམྱཀ་སཾབུདྡྷྰཡ། ཏདྱཐྰ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧྰ་བྷཻཥཛྱེ། བྷཻཥཛྱེ། རྰཛྰ་སམུདྒཏེ་སྭྰཧྰ། ཞེས་གཟུངས་རིང་དང་།
ཏདྱཐྰ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧྰ་བྷཻཥཛྱེ། བྷཻཥཛྱེ། རྰཛྰ་སམུདྒཏེ་སྭྰཧྰ། ཞེས་གཟུངས་ཐུང་ཅི་མང་བཟླ་བར་བྱའོ།།
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།
བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།
ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།
ཆོས་དང་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས།།
ཞེས་པ་འདི་ནི་༢༠༡༣ ལོའི་ཟླ་༧ པའི་ཚེས་༣ ཉིན་ཝི་ཏེ་ནམ་གྱི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་བསྐུལ་བ་ལྟར་སྨན་བླའི་རྗེས་གནང་སྐབས་རྒྱུན་ཁྱེར་བདེ་གཤེགས་བདུན་གྱི་གསོལ་འདེབས་འདི་བཞིན་དུས་འདིར་དོན་ཡོད་པར་མཐོང་སྟེ་ཤྰཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏྰ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་༢༢༤༠ ཆུ་སྤྲེལ་༥ ཚེས་དང་། སྤྱི་ལོ་༢༠༡༣ ཟླ་༧ ཚེས་༢ ལ།།
མཐའ་མའི་འདོན་ཐེངས་།: 24.11.2014 ཉིན། 11:42 AM
<< སྔ་མ།