སྨན་རྩིས་དྲ་བ། - སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.12.2024
སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ། >>


༄༅། །སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

སྐར་རྩིས་པ་བསྟན་འཛིན་སྙན་གྲགས།

 

༄༅། །ཨེ་ཡིག་སྟོང་ཉིད་ཀུན་གསལ་མཐིང་གི་གཞིར།།

ཝྃ་ཡིག་སྒྱུ་འཕྲུལ་ཡེ་ཤེས་འོད་ལྔའི་མདངས།།

སྦྱོར་མཛད་ཁྱབ་བདག་དུས་ཀྱི་འཁོར་ལོ་དང་།།

གཉིས་སུ་མེད་པ་བསྟན་འཛིན་རྒྱ་མཚོར་འདུད།།

 

ཅེས་བཆོད་པ་བརྗོད་པས་མདུན་བསུས་ཏེ་སྐབས་སུ་བབས་པ་བརྗོད་བཞི་བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ་ཞེས་པ་འདི་མདོར་བསྡུས་སུ་བརྗོད་པར་བྱའོ།།

བརྗོད་གཞི་འདིར་གནས་སྐབས་ཀྱི་ཕན་ཡོན་དང་འབྲས་བུ་བརྗོད་པ་དང་། མཐར་ཐུག་གི་ཕན་ཡོན་དང་འབྲས་བུ་བརྗོད་པ་གཉིས་ལས།

དང་པོ་། གནས་སྐབས་ཀྱི་ཕན་ཡོན་དང་འབྲས་བུ་བརྗོད་པ་ནི། སྤྱིར་གནོད་བཅུད་ཀྱི་འཇིག་རྟེན་ཁམས་འདི་ཉིད་འབྱུང་བ་ལྔ་ལ་རྟེན་ནས་གྲུབ་ཡིན། དེ་ཡང་ལུས་ཅན་རྣམས་ལ་ལུས་སེམས་ཀྱི་ནད་གཉིས་ཡོད་པ་ལས་ལུས་ཀྱི་ནད་དེ་དག་སྨན་དང་སེམས་ཀྱི་རྣམ་རྟོག་གི་ནད་དེ་དག་རྩིས་ཀྱིས་སེལ་དགོས་པར་བཤད་ཡོད། དེ་ལྟ་བུའི་ལུས་སེམས་ཀྱི་ནད་དེ་དག་གི་རྩ་བ་ཡང་མ་རིག་པ་ལ་ཐུག་ཡོད་པ་གཅིག་གྱུར་ཡིན།

དེ་བཞིན་དུ་སྨན་རྩིས་གཉིས་ཀའི་བཤད་གཞི་རྩ་བ་གཅིག་ནི་འབྱུང་བ་ལྔ་ལ་ཐུག་ཡོད། སྣང་སྲིད་སྣོད་བཅུད་མཐའ་དག་གི་ཆགས་གནས་འཇིག་གསུམ་དང་བདེ་སྡུག་གི་རྒྱུ་འབྱུང་བ་ལྔ་ལ་ཐུག་ཡོད་པའི་ལྟ་གྲུབ་ལ་ཁྱད་པར་མེད། དེ་ཡང་སྨན་གཞུང་ལས། །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།  །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།  །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པུར་འབྲེལ།། དེ་བཞིན། རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།། རྩིས་གཞུང་ལས། །འགྲོ་བའི་གཙོ་བོ་རྐང་གཉིས་མི་ལུས་འདི། །འབྱུང་བ་ལས་གྲུབ་རྣམ་རྟོག་ཉོན་དབང་གིས། །འདུས་པའི་ནད་དང་གདོན་གྱི་ཡེ་འབྲོག་འབྱུང་། །ཚེ་འདིར་ལེགས་ཉེས་སྐྱིད་སྡུག་འབྱུང་བས་བྱེད། །དེ་ཕྱིར་འབྱུང་བ་བརྩི་བ་ཤིན་ཏུ་གཅེས།།

དེ་ཡང་བཻ་དཀར་ལས། དེ་ནས་ནང་གི་འབྱུང་བ་ནི། །ནམ་མཁའ་ཀུན་ཁྱབ་ཐོག་མ་ལ། །གྲུབ་པའི་འབྱུང་བའི་དྭངས་མ་སེམས། །དེ་ཉིད་རླུང་གི་རྟར་ཞོན་ཏེ།། འགྲོ་བའི་མཇལ་དུ་འཇུག་པར་བྱེད། །རླུང་དང་ཤིང་ཁམས་མཐུན་པ་ཡིས། །རྩ་རྒྱུས་གཉིས་ཀྱི་རྩ་གཞི་ཆགས། །ཆུ་ཁམས་ཁྲག་དང་ཆུ་སེར་ཡང་། །རྩ་རྒྱུས་ལ་བརྟེན་རིམ་བཞིན་ཆགས། །ལྕགས་ཁམས་རུས་པ་ས་ཁམས་ཤ །མེ་ནི་དྲོད་ཡིན་ཀུན་ལ་ཁྱབ། །རྩ་རྒྱུས་རྫོགས་ནས་ཡན་ལག་དང་། །རིམ་བཞིན་ཉིང་ལག་རྫོགས་པར་ཚང་། ཞེས་ནང་གི་འབྱུང་བ་བསྟན་པ་དང་། བར་རམ་གསང་བའི་འབྱུང་བ་ནི། །གསང་བའི་འབྱུང་བ་དོན་སྣོད་ལ། །གྲུབ་སྟེ་དེ་ཡང་འདི་བཞིན་ཡིན། །སྙིང་ཁམས་མེ་ལ་གློ་བ་ལྕགས། །མཆིན་པ་ཤིང་ལ་མཁལ་མ་ཆུ། །མཆེར་པ་ས་ཁམས་སེམས་ཉིད་མཁའ།། ཞེས་གསང་བའམ་བར་གྱི་འབྱུང་བ་བསྟན་པ་དང་། ཕྱི་ཡི་སྣོད་ཀྱང་འབྱུང་བ་ལྔ། །ནང་གི་ཕུང་ཁམས་འབྱུང་བ་ལྔ། །དོན་དང་གནོད་ཀྱང་འབྱུང་བ་ལྔ། །སྤར་ཁ་བརྒྱད་ཀྱང་འབྱུང་བ་ལྔ། །སྨེ་བ་དགུ་ཡང་འབྱུང་བ་ལྔ། །ལོ་སྐོར་བཅུ་གཉིས་འབྱུང་བ་ལྔ། །གཟའ་ཆེན་བརྒྱད་ཀྱང་འབྱུང་བ་ལྔ། །རྒྱུ་སྐར་ཉེར་བརྒྱད་འབྱུང་བ་ལྔ། །ཕྱོགས་བཞི་མཚམས་བརྒྱད་འབྱུང་བ་ལྔ། །ལ་སོགས་འབྱུང་ལྔར་མ་འདུས་མེད།། ཐམས་ཅད་འབྱུང་བ་ལྔ་ལས་གྲུབ་པའི་རྒྱུ་མཚན་དེས་ཕྱིར་ན། འབྱུང་རྩིས་ཟླ་འོད་ལས། དེ་ཕྱིར་འབྱུང་འདུས་ཕུང་པོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་བཞིས་སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། ཅེས་གསུངས་པ་ལྟར་སྨན་དང་རྩིས་གཉིས་ཀས་འབྱུང་བ་ལྔ་ཆ་མ་སྙོམས་ན་ལུས་སེམས་གཉིས་ལ་ནད་དང་བར་ཆད་སོགས་ཀྱི་བདེ་སྡུག་འབྱུང་བ་གཅིག་གྱུར་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།

དེ་བཞིན་སྨན་པས་ནད་ངོས་འཛིན་བརྟག་ཐབས་ཀྱི་གཙོ་བོ་རྩ་ཡིན་ཞིང་། རྩ་བརྟག་སྐབས་སུ་རྩ་བལྟ་བའི་དུས་དང་། རྒྱུན་རྩ། དུས་བཞི་ཁམས་ལྔ་འབྱུང་བ་བརྩི་ཚུལ་དཔེ་ན། རྒྱ་ཟླ་དང་པོའི་དབུགས་ཐོབ་ཉིན་དེ་ངོས་འཛིན་ཐུབ་པ་དགོས། དེ་ནས་བཟུང་སྟེ། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་བ་དབོ་དང་ནག་པས་ནམ་ཚོད་འཛིན། །བྱིའུ་ཅོ་ཀ་རང་སྐད་འབྱིན་པའི་དུས། །བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། །ཅོ་ཀའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། ཞེས་གསུངས་པ་དང་། ཆུ་མདོའི་སྐབས། གཡས་གསུམ་ལྷ་ས་མི་ས་གདོན་གྱི་ས། །གཡོན་གསུམ་དུར་ས་ཁང་ས་ཞིང་གི་ས། དབུས་གསུམ་ཕ་མེས་རང་དང་བུ་ཚའི་ས། །ལིང་དགུ་པོའི་ས་དེར་གཟུགས་བརྙན་བརྟག ། ཅེས་པ་སོགས་འབྱུང་རྩིས་ཀྱི་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ངོ་མཚར་རྩ་བདུན་སོགས་བལྟ་བ་ལ་རྩིས་གཞུང་ནས་བཤད་པའི་དུས་བཞི་ཁམས་ལྔའི་རྩ་མ་ནོར་བར་རྟོགས་དགོས་པ་ནང་ལུས་ཀྱི་ཤིང་རྩ་དར་བ་ཕྱི་རོལ་གྱི་ཤིང་རྩི་རྒྱས་པ་ལ་ལྟོས་དགོས་པས། དེ་ལྟར་ཕྱི་ནང་གི་འབྱུང་བ་འཕོ་འགྱུར་ལ་ལྟོས་ནས་གསོ་བྱའི་ནད་ངོས་ཟིན་དགོས། དེར་བརྟེན་ཕྱི་རོལ་འཕོ་འགྱུར་དང་ངོས་འཛིན་ཚུལ་བཞིན་ཤེས་ཐུབ་པ་དགོས་ཤིང་། དེ་བཞིན་དུ་སྨན་སྦྱོར་དང་། སྨན་འཐུ་སྒྲུབ། སྨན་གཏོང་བ། མེ་བཙའ། མེ་བུམ། གསེར་ཁབ། ཏེལ་པ། ཁྲག་གཏར་བ་ལ་སོགས་པ་སྨན་དཔྱད་བྱེད་པའི་སྐབས་བླ་གནས་དང་ཚེས་གྲངས་བཟང་ངན་སོགས་རྩིས་པའི་རྩིས་འབྲས་ཀྱི་ལམ་སྟོན་ལྟར་སྤང་བླང་བྱེད་ཐུབ་ན་ཕན་འབྲས་ཆེ་བ་ཡོད།།

དེ་ལྟར་སྨན་རྩིས་གཉིས་ཟུང་དུ་འབྲེལ་བའི་ཕན་འབྲས་ནི། སྨན་པས་ནད་ངོས་འཛིན་བྱེད་པར་ཕན་ཐོགས་དང་། ནད་པར་སྨན་དང་ཟས་སྤྱོད་སྤང་བླང་ཚུལ་བཞིན་སློབ་སྟོན་བྱེད་པའི་ཕན་ཐོགས་ཡོད་པའི་ཐོག་ནད་པར་ནད་ལས་མྱུར་དུ་གྲོལ་བའི་ཕན་ཐོགས་ཡོད་པ་མ་ཟད། འབྲས་བུ་ནད་མེད་བདེ་བ་ཐོབ་པར་གྱུར་རོ།། སྐར་རྩིས་པས་ཀྱང་སྨན་གྱི་གཞུང་ལུགས་ཤེས་ན་བརྩི་བྱ་ཞིག་ལ་ཚེ་རབས་ལས་རྩིས་དང་ནད་རྩིས་སོགས་བསྐོར་བའི་སྐབས། བརྩི་བྱའི་གང་ཟག་དེར་ཟས་སྤྱོད་སློབ་སྟོན་བྱེད་རྒྱུའི་ཕན་ཐོགས་ཡོད་པ་མ་ཟད། བརྩི་བྱའི་བར་ཆད་མྱུར་དུ་སེལ་བའི་ཕན་ཐོགས་ཀྱང་ཡོད། དེར་བརྟེན་བརྩི་བྱ་ལ་ནད་གདོན་བར་ཆད་སྔོན་འགོག་ཐུབ་པ་དང་། ལུས་སེམས་བདེ་ཐང་བྱུང་ན་འབྲས་བུ་བདེ་སྐྱིད་འབྱུང་བ་ཡིན།།

མཐར་ཐུག་གི་ཕན་ཡོན་དང་འབྲས་བུ་ནི། སྨན་རྩིས་པ་གང་ཡང་རུང་བ་བྱང་ཆུབ་ཀྱི་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་གང་གི་ལམ་དུ་འཇུག་ཀྱང་། སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དུ་སློབ་དགོས་པ་མ་ཟད། གཞན་རིག་པའི་གནས་མཐའ་ཐག་ལ་སློབ་དགོས་ཀྱི་ཡོད། ཁྱད་པར་གསང་སྔགས་ཀྱི་ལམ་དུ་སྨན་རྩིས་གཉིས་ངེས་པར་དུ་ཟུང་འབྲེལ་སློབ་དགོས་ཀྱི་ཡོད། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། ཞེས་གསུངས་པའི་དོན་ཏེ། ལྷུན་པོའམ་འཇིག་རྟེན་ཁམས་གྱི་དཔངས་སུ་དཔག་ཚད་འབུམ་གསུངས་པ་ནི་ལུས་ཀྱི་སྒལ་ཚིགས་ཀྱི་དཔངས་ཁྲུ་གང་དང་ཆ་མཚུངས་པ་དང་། འཇིག་རྟེན་གྱི་ཁམས་འབུམ་ཁྲག་བཞིར་གསུངས་པ་དེ་ལུས་ཀྱི་ཁྲུ་བཞི་དང་ཆ་མཚུངས་ཞིང་། གཞན་དཀྱིལ་འཁོར་གྱི་བཞི་ཆའི་ཚད་མཉམ་ཞིང་། དེ་བཞིན་ལུས་ཀྱི་རྩ་འཁོར་གྱི་གནས་ལུགས་དང་། ཕྱི་རོལ་ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོད་ཀྱི་གནས་ལུགས་དང་བསྟུན་ནས་རྩ་རླུང་ཐིག་ལེའི་གནད་དུ་བསྣུན་པའི་དགོས་པའི་བསྟན་པ། དེའི་ཕྱིར་སྨན་རྩིས་གཉིས་ཟུང་འབྲེལ་དུ་བསླབས་དགོས་པའི་ཕན་ཡོན་དང་འབྲས་བུ་ནི། སྨན་བསླབས་པས་ལུས་ཀྱི་གནས་ལུགས་ངོས་འཛིན་ཐུབ་པའི་ཕན་ཐོགས་དང་། རྩིས་བསླབས་པས་ཕྱི་རོལ་གཟའ་སྐར་གྱི་འགྲོད་པ་ཤེས་པའི་ཕན་ཐོགས་ཡོད་པ་མ་ཟད། དེ་གཉིས་ཟུང་འབྲེལ་དུ་ཤེས་ན་ཕྱི་རོལ་གཟའ་སྐར་གྱི་འགྲོད་པའི་རླུང་རྣམས་ནང་ལུས་ཀྱི་རྩ་འཁོར་རྣམས་སུ་རླུང་དང་ཐེག་ལེ་འཕོ་འགྱུར་ངོས་འཛིན་ཐུབ་པའི་ཕན་ཐོགས་ཡོད། དེ་ཡང་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་ལམ་གྲོལ་བའི་རིམ་པ་ནི། །སོ་སོར་སྡུད་དང་བསམ་བཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། རྗེས་སུ་དྲན་དང་ཏིང་འཛིན་ཏེ། སྦྱོར་བ་ཡན་ལག་དྲུག་ཏུ་འདོད།། ཅེས་གསུངས།

དེ་ཡང་འདི་ལྟར་ཇི་སྲིད་གློ་བུར་འཁྲུལ་རྐྱེན་ལས་བྱུང་བའི་ཡུལ་སྣང་གི་སེམས་མ་འགགས་པ་དེ་སྲིད་དུ་རང་བཞིན་འོད་གསལ་སྔོན་དུ་མི་བྱེད་དོ། སྲོག་ཨ་ཝ་དྷཱུ་ཏཱིར་མ་ཚུད་པར་གཉིས་སྣང་གི་སེམས་མི་འགག་སྟེ། ཇི་སྲིད་རོ་རྐྱང་གཉིས་སུ་རླུང་རྒྱུ་བ་དེ་སྲིད་དུ་ཡུལ་སྣང་གི་སེམས་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། གང་གི་ཚེ་རོ་རྐྱང་གི་རྒྱུ་བ་འགགས་ནས་སྲོག་ཨ་ཝ་དྷཱུ་ཏཱིར་ཚུད་པ་དེའི་ཚེ། ཡུལ་སྣང་གི་གློ་བུར་གྱི་སེམས་མ་ལུས་པར་འགགས་པས་རང་བཞིན་འོད་གསལ་གྱི་སེམས་སྡོན་དུ་འགྱུར་རོ། མདོར་བསྡུས་དང་པོ་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། བཅད་དང་དབྱེ་བའི་ཐབས་ཀྱི་མི་མཐོང་སྟེ། །གཙུབས་ཤིང་གཙུབས་སྟན་ལག་པས་བསྲུབས་པ་ལས། །དེ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡིས། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། འབྲས་བུ་ནི། དེ་ཁོ་ན་ཉིད་རྡོ་རྗེའི་བཞིའམ་བསྙེན་སྒྲུབ་ཡན་ལག་བཞིའི་གནད་བཅིངས་པས་སྦྱང་བྱ་གནས་སྐབས་བཞིའི་དྲི་མ་བཞི་སེལ་ལ། སྦྱངས་འབྲས་དྲི་བྲལ་གྱི་རྡོ་རྗེ་བཞི་མངོན་དུ་བྱེད་པའི་རྒྱུ་མཚན་གྱིས་སོ།།

དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གསང་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་མཚོན་བྱེད། ལེགས་སྦྱར་གྱི་ལཉྫའི་ཡེ་གེ་ཧཾཀྵམལཝརཡཾ། བཅས་ཡི་གེ་བདུན་དང་། ཟླ་ཚེས།  ཐིག་ལེ།  སྲོག་ཡིག་ཨ་མཚོན་པའི་ནཱ་ད་དང་བཅས་པའི་ཡི་གེ་བཅུ་བརྩེགས་མར་གནས་པའོ། 

སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར་པོ།  ཉི་མ་དམར་པོ།  སྒྲ་གཅན་སྔོན་པོ།  དུས་མེ་སེར་པོ་བཅས་ཀྱི་གདན་བཞིར།

རླུང་།  མེ།  ཆུ། ས་སྟེ་འབྱུང་བ་རིམ་བརྩེགས་ཀྱི་རང་མདོག་དང་དེའི་སྟེང་དུ།

༡  རླུང་གི་ས་བོན་ཡ་ནག་པོ། 

༢  མེའི་ས་བོན་ར་དམར་པོ།  

༣  ཆུ་ཡི་ས་བོན་ཝ་དཀར་པོ།  

༤  སའི་ས་བོན་ལ་སེར་པོ།  

༥  མ་འདོད་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་མདོག་ལྔ་ལྡན་ནམ་བརྟན་པ་རི་རྒྱལ་གྱི་ས་བོན་ཕྱོགས་མདོག་སྟེ་ཤར་ནག  ལྷོ་དམར།  བྱང་དཀར།  ནུབ་སེར།  དབུས་ལྗངས་གུའོ། 

༦  གཡོ་བ་འདོད་གཟུགས་དང་སྣ་ཚོགས་པདྨའི་ས་བོན་ཀྵ་ལྗང་གུ། 

༧  གཟུགས་མེད་བཞི་ནི་ས་བོན་ཧ་མགོ་བོ་དང་བཅས་པ་སྔོན་པོ། 

༨  ཟླ་ཚེས་ནཱ་ད་ལྡན་པ་སྲོག་ཟླ་བའི་ས་བོན་དཀར་པོ།   

༩  ཐིག་ལེ་རོ་ཉི་མའི་ས་བོན་དམར་པོ། 

༡༠  ནཱ་ད་ནམ་མཁའི་ས་བོན་སྔོན་པོས་མཚོན་པའོ། 

ཡང་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི། ཡ་ར་ལ་ཝ་སྟེ་རི་རབ་གཞལ་ཡས་ཁང་བཅས་པ་མ་ཟད། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ།   ཐུགས་དཀྱིལ་གྱི་ལྷ་རྣམས་ཧ།   བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ། བརྟེན་པའི་ལྷ་ཚོགས་མཚོན་པར་བྱེད་པ་སོགས་འབྲེལ་བཤད་དུ་མ་འབྱུང་ཞིང་། འདི་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་གཅིག་ཏུ་བསྡུས་པའི་སྙིང་པོའམ་མཚོན་བྱེད་ཡིན་པས། ཕྱོགས་བཞི་མཚམས་བརྒྱད་དང་སྟེང་འོག་གཉིས་བཅས་ཕྱོགས་བཅུ་གང་དུ་ཁ་ཕྱོགས་ཀྱང་ འབྱུང་བའི་བཅུད་གསོ་བ་དང་གནོད་པ་མཐའ་དག་ལས་བསྲུང་བར་བྱེད། ཁྱད་པར་དུ་གཙུག་ལག་དང་། སྤྱི་ཚོགས་ཀྱི་ཚོགས་ཁང་། མི་ཚང་སྒེར་གྱི་སྒོ་སོགས་སུ་བཏགས་པས་ས་དཔྱད་ངན་པ་གནོན།  གཟའ་སྐར་ངན་པའི་གནོད་པ་སྲུང་།  ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག། ཡང་སྔ་རབས་དུར་རྡོའི་ངོགས་སུ་རྣམ་བཅུ་དབང་ལྡན་བརྐོས་པ་མང་པོ་མཐོང་རྒྱུ་ཡོད། དེ་ཡིས་ས་དཔྱད་ངན་པ་ལས་བསྲུང་བ་དང་སྐྱོབ་པར་བྱེད་པ་མ་ཚད། ཤི་བོའི་བླ་བདེ་བ་དང་། གསོན་པོའི་སྲོག་ཡུན་དུ་འཚོ་བར་ཕན་ཡོན་གསུངས་ཡོད།  དེ་བཞིན་མཐོང་ཐོས་དྲན་རེག་ཐམས་ཅད་གནས་སྐབས་བཀྲ་ཤིས་ཤིང་དགེ་བར་བྱེད་པ་དང་། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ། མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་འཐོབ་པའི་རྒྱུ་རུ་འགྱུར་ཞེས་གསུངས་སོ།།

 

གཟའ་སྐར་དང་འབྱུང་བས་ལུས་སེམས་གཉིས་ལ་ཕན་གནོད་ཀྱི་བྱ་བ་བྱེད་ཚུལ།

སྣ་གཡས། 

v མཁའ་ལ་དུས་མེ་འཆར་བའི་ཚེ། གཡུལ་ཞུགས་པའམ་ནད་པ་འཆི། ནད་མེད་ནད་ལྡང་ཤིན་ཏུ་ངན།

v  རླུང་ལ་ཉི་གནས་གཡུལ་དུ་ཕམ། གཞན་ལ་ཉོན་མོངས་ཅན་དུ་གྱུར།

v   མེ་ལ་ས་སྐྱེས་གཡུལ་རྨ་འོང་། ཀུན་ལ་རིམས་ཁྲག་ངན་པར་བཤད། །ཅེས་པ་ལྟར།

 

སྣ་གཡོན།

v སྟོང་པ་སྒྲ་གཅན་དགྲ་ལས་རྒྱལ། རི་བོར་དར་ཕྱར་ཀུན་ལ་བཟང་།

v རླུང་ལ་ཟླ་བར་དགྲ་ནི་ཕམ། དཀར་ཕྱོགས་ཞི་རྒྱས་ལས་ལ་བཟང།

v མེ་ལ་ལྷག་པར་དགྲར་རྨ་འབྱུང་།

v ཆུ་ལ་པ་སངས་དོན་ཆེན་རྙེད།

v ས་ལ་འཇུག་རིང་དགྲ་དབང་འདུ། ཅེས་གསུངས་སོ། །

 

གཞན་ཡང་རྒྱ་ནག་གི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་དག་པ་གསེར་གྱི་མདོ་ཐིག་ལས། །དང་པོ་སྲིད་ནས་བར་དུ་ཆགས། །ཐ་མ་འཇིག་ཀྱང་འབྱུང་བས་འཇིག །འབྱུང་བ་བྱ་བའི་དབང་པོ་ཆེ། །འགྲོ་བ་རིགས་དྲུག་སེམས་ཅན་གྱི། །རྐྱེན་དང་རྒྱུ་དང་ས་བོན་རྣམས། །ཞེས་སོགས་དང་། གསོ་རིག་རྒྱུད་བཞི་ལས། རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །ཞེས་པ་སོགས་མདོ་རྒྱུད་བསྟན་བཅོས་ཀུན་ལས་རྒྱ་ཆེར་གསུངས་པ་དེ་དག་འདིར་མི་སྤྲོ་ལ།  རྣམ་དཔྱོད་ཀྱི་མིག བློ་གྲོས་ཀྱི་ནོར། ཤེས་འདོད་ཀྱི་མོས་པ་དང་ལྡན་པ་རྣམས་ཀྱིས་ནི། མདོ་ཕལ་པོ་ཆེ་དང་། དྲན་པ་ཉེར་བཞག་དང་། དགའ་བོ་མངལ་འཇུག་གི་མདོ་དང་། དུས་འཁོར་གྱི་རྒྱུད་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་དང་། འཇིག་རྟེན་གདགས་པ། མངོན་པ་གོང་འོག  གཞན་ཡང་གསོ་རིག་གི་གཞུང་དང་། གཙུག་ལག་རྩིས་ཀྱི་གཞུང་ལུགས་རྣམས་སུ་གཟིགས་པར་ཞུ།

མདོར་ན་འབྱུང་བ་ནམ་མཁའ་ནི་གཞན་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་པས་འབྱུང་བ་གཞན་ཀུན་གྱི་གྲོགས་སུ་གྱུར་པ་ཡིན་ལ།  ས་ཆུ་མེ་རླུང་བཞི་ནི་གཅིག་གིས་གཅིག་ལ་གེགས་བྱེད་པ་ཡིན་པས་འགལ་བ་ཡིན་ལ། གཅིག་ལ་གཅིག་རྟེན་གྱིས་རྒྱུན་ནུས་མཚུངས་སུ་འགྲོགས་པ་ཡིན་པས་གྲོགས་སམ་ཟླ་བོ་ཡིན་པ་སྟེ། འགལ་ཟླ་གཅིག་འདུས་ཀྱི་སྒོ་ནས་ཕྱི་ནང་སྣོད་བཅུད་ཐམས་ཅད་ཆགས་པ་དང་། གནས་པ་དང་། འཇིག་པའི་རྒྱུ་བྱེད་པ་ཡིན་ནོ།། དེས་ན་རང་བྱུང་ཁམས་དང་རང་བྱུང་ཁོར་ཡུག་གཉིས་ནི་སྤྱི་དང་བྱེ་བྲག་གི་ཁྱད་ཙམ་ལས་དོན་དུ་ངོ་བོ་བདག་གཅིག་ཏུ་གྲུབ་པ་ཡིན་པ་དང་།  ནང་བཅུད་སེམས་ཅན་གྱི་རྣམ་ཤེས་དང་ཚེ་སྲོག་གི་རྟེན་གཞི་གྱུར་པའི་ལུས་ཀྱི་ཕུང་པོའང་འབྱུང་བ་ལྔ་འདུས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་ཁམས་དྲུག་ལྡན་གྱི་མི་ལུས་ཞེས་གྲགས་ལ། རྒྱུད་བཞི་ལས།  ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། ཞེས་གསོ་བྱ་ལུས་དང་། གསོ་བྱའི་ནད་དང་། གསོ་བྱེད་གཉེན་པོ་གསུམ་ཡང་འབྱུང་བ་ལྔ་ལ་བརྟེན་པའི་ཕྱིར་བདག་གཅིག་འབྲེལ་ཡིན་ནོ།།

ཁ་དོག་སྔོན་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་གྱི་འབྱུང་བ་ཆུ་ཡི་ནུས་པ་གསོ་ཞིང་། ཁྲག་གི་ཁོར་རྒྱུག་ཚད་ལྡན་དུ་བྱེད། ཁ་དོག་སེར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་ས་ཡི་ནུས་པ་བསྐྱེད་ཅིང་། ལུས་ཁམས་བདེ་བར་བྱེད་པའི་ཕན་ཡོན་བཅས་རླུང་དར་འཛུགས་མཁན་རང་གི་འབྱུང་བའི་ཁམས་གང་གི་ནུས་པ་ཉམས་ཤིང་མི་བདེ་བ་བྱུང་ན་འབྱུང་བའི་ཁ་དོག་གང་དེའི་རླུང་དར་བཙུགས་ན་ཁམས་དེའི་ནུས་པ་གསོ་ཞིང་བདེ་བར་ཡོང་བ་ལ་ཕན་པར་བཞེད་པ་ལྟར་ཡིན། རླུང་རྟའི་སྤྱིའི་ཕན་ནུས་ནི་རང་ཉིད་ཀྱི་འབྱུང་བའི་ཁམས་ཀྱི་ནུས་ཤུགས་རྒུད་པ་ཡིན་ན་གསོ་བ་དང་། ཉམས་པ་ཡིན་ན་སྐྱེད་པ། ཆད་པ་ཡིན་ན་བསྲིངས་པ། འཁྲུག་པ་ཡིན་ན་སྙོམས་པ་སོགས་ཀྱི་གལ་ཆེའི་ནུས་པ་ཞིག་ཡོད་པར་འདོད་པ་ལས་དེ་ནི་བོད་མིའི་མཛེས་ཆོས་དང་འབྲེལ་བའི་གནད་དོན་ཞིག་རྩ་བ་ནས་མ་ཡིན། དེའི་ལོགས་སུ་གསལ་བའི་རི་མོ་སྟག་སེང་ཁྱུང་འབྲུག་རྟ་མཆོག་ནོར་བུ་རིན་པོ་ཆེ་བརྒྱན་པས་རི་མོ་འདི་དང་། གཟུངས་སྔགས་རྣམས་ཀྱང་གཙོ་བོ་འབྱུང་བ་གསོ་བའི་ཐབས་ཤིག་ཡིན། དེ་ནི་བོད་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་རྒྱུ་མཚན་ཡང་འདི་ལྟར་ཡིན།།

སྟོང་ཉིད་རྟོགས་པས་འགྱུར་མེད་བདེ་བ་ཆེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ལས་ཀྱི་རླུང་། །དེ་སྙེད་འགོག་ཅིང་སྒྲིབ་པའི་བག་ཆགས་རྣམས། མྱུར་དུ་སྦྱངས་ཏེ་སྐུ་བཞི་མངོན་གྱུར་ཤོག། །།



མཐའ་མའི་འདོན་ཐེངས་།: 06.12.2024 ཉིན། 10:18 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།