སྨན་རྩིས་དྲ་བ། - འཕྲོད་བསྟེན།

སྤྲེའུ་འབྲུམ་གཉན་རིམས།(Mpox)

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.09.2024
འཕྲོད་བསྟེན། >>


སྤྲེའུ་འབྲུམ་གཉན་རིམས། (Mpox)

ཕྱི་ལོ་ ༢༠༢༤  ཟླ་ ༨ ཚེས་ ༡༤ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྤྲེའུ་འབྲུམ་གཉན་རིམས་དེ་རྒྱལ་སྤྱིའི་དོ་ཁུར་བྱེད་དགོས་པའི་མི་མང་འཕྲོད་བསྟེན་གྱི་ཛ་དྲག་གཉན་རིམས་(PHEIC)ཤིག་ཡིན་པར་གསལ་བསྒྲགས་བྱས་པ་རེད། གཉན་རིམས་དེ་ཨཕ་རི་ཀའི་ནང་གི་ཀོང་གོ་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་མི་གྲངས་ ༡༥༦༠༠ ལྷག་ལ་འགོས་ཁྱབ་བྱུང་བ་དང་། འདས་གྲོངས་སུ་ཕྱིན་པ་ ༥༣༠ ལྷག་ཟིན་ཡོད། གཉན་རིམས་འདི་སྔོན་ཆད་ཕྱི་ལོ་ ༢༠༢༢ ནས ༢༠༢༣ བར་ཡོངས་ཁྱབ་ཏུ་རྒྱལ་སྤྱིའི་སྟེང་ཁྱབ་གདལ་ཆེན་པོ་སོང་ཡོད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྲེའུ་འབྲུམ་ནད་འདི་གཉན་རིམས་ཤིག་ཡིན་པར་གསལ་བསྒྲགས་གནང་བ་ནས་བཟུང་། རྒྱ་གར་འཕྲོད་བསྟེན་ལྷན་ཁང་ནས་ཛ་དྲག་གནས་བབ་ཀྱི་ཉེན་བརྡ་རིམ་པ་མཐོ་ཤོས་དེ་ཡང་གསལ་བསྒྲགས་གནང་ཡོད། གཉན་རིམས་ཁྱབ་གདལ་འགོག་སྲུང་ཡོང་ཆེད་རྒྱལ་ཁབ་ཀྱི་འཕྲོད་བསྟེན་སྡེ་ཚན་ཚང་མར་ཉེན་བརྡ་བཏང་བ་དང་སྦྲགས། སྔོན་འགོག་དང་སྟངས་འཛིན་གྱི་ལམ་སྟོན་ཡང་གནང་ཡོད། ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་རྒྱ་གར་དུ་ཁྱོན་བསྡོམས་ནད་པ་གྲངས་ ༣༠ ངོས་འཛིན་བྱུང་ཡོད། མཐའ་མཇུག་གི་ནད་པ་དེ་ནི་ཕྱི་ལོ་ ༢༠༢༤ ཟླ་ ༣ ནང་ངོས་འཛིན་བྱུང་ཡོད། རྒྱ་གར་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༧ ནང་སྤྲེའུ་འབྲུམ་གཉན་རིམས་ཀྱི་ནད་པ་ཐོག་མ་དེ་ཐོན་པ་སྙན་སེང་ཞུས་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱོན་ཡོངས་ནས་ཕྱི་ལོ ༢༠༢༢ ལོ་ནས་བཟུང་རྒྱལ་ཁབ་ ༡༡༦ ནང་སྤྲེའུ་འབྲུམ་གཉན་རིམས་ཀྱི་ནད་པ་གྲངས་ ༩༩,༡༧༦ དང་། འདས་གྲོངས་སུ་ཕྱིན་པ་ ༢༠༨ བྱུང་བར་གསལ་བསྒྲགས་གནང་ཡོད།

སྤྲེའུ་འབྲུམ་གཉན་རིམས་ཟེར་བའི་ནད་གཞི་འདི་ནི་གསར་པ་ཞིག་མིན་ཡང་། དེ་ནི་སྤྲེའུ་འབྲུམ་དུག་སྲིན་(Mpox virus)ཞེས་པའི་དུག་སྲིན་གྱིས་རྐྱེན་བྱས་པའི་ནད་གཞི་ཞིག་ཡིན། དུག་སྲིན་འདི་ནི་འབྲུམ་པ་(Smallpox)སློང་རྐྱེན་དུག་སྲིན་གྱི་རིགས་གྲས་ཤིག་ཡིན། སྤྱིར་བཏང་སྤྲེའུ་འབྲུམ་གཉན་རིམས་འདི་ནི་ནད་ཚབས་ཆུང་ཆུང་ཞིག་ཡིན་ནའང་། སྤྲེའུ་འབྲུམ་གཉན་རིམས་ཕོག་པའི་མི་ལ་ནད་གཞི་ཚབས་ཆེན་རིགས་ཀྱང་སློང་སྲིད། སྤྱིར་སྤྲེའུ་འབྲུམ་གཉན་རིམས་ཕོག་པའི་ནད་པར་ཐོར་སིབ་འདོན་པའི་སྟེང་ནད་རྟགས་གཞན་ཡང་འབྱུང་། ཐོར་སིབ་ཀྱི་ནད་རྟགས་དེ་དྲག་སྐྱེད་མ་བྱུང་གོང་ལ་ཐོར་སིབ་དེ་རྨ་འབྲུམ་ལྟ་བུའི་རིམ་པ་མང་པོ་ཞིག་ཏུ་འགྱུར། སྤྲེའུ་འབྲུམ་གཉན་རིམས་དང་རྒྱ་འབྲུམ་གཉན་ནད་(Chickenpox)དབར་འབྲེལ་བ་གང་ཡང་མེད། སྤྲེའུ་འབྲུམ་གཉན་རིམས་ལ་ཁུངས་ལྡན་གྱི་བཅོས་ཐབས་ཤིག་མེད་ནའང་། སྤྱིར་བཏང་ནད་གཞི་རང་ངོས་ནས་དྲག་སྐྱེད་ཡོང་གི་ཡོད།

 

བྱུང་རབས་ལོ་རྒྱུས།

སྤྲེའུ་འབྲུམ་གཉན་རིམས་ནི་ཉམས་ཞིབ་ཆེད་དུ་བཀག་ཉར་བྱེད་པའི་སྤྲེའུའི་ཁྲོད་དུ་འབྲུམ་ནད་དང་འདྲ་བའི་ནད་གཞི་ཐེངས་གཉིས་ཙམ་ཁྱབ་པའི་རྗེས་སུ་ ༡༩༥༨ ལོར་ཐོག་མར་གསར་དུ་རྟོགས་པ་ཞིག་ཡིན། མིང་ལ་སྤྲེའུ་འབྲུམ་ནད་ Mpox(Monkeypox) ཅེས་བཏགས་ཀྱང་ནད་གཞི་འདིའི་འབྱུང་ཁུངས་དངོས་ད་དུང་ཡང་ཤེས་རྟོགས་ཐུབ་མེད། སྨན་བཅོས་ཚན་རིག་པ་ཚོས་ཨཕ་རི་ཀའི་ཙིག་སོ་ཅན་གྱི་སྲོག་ཆགས་དང་མི་མ་ཡིན་པའི་མཐོ་རིམ་སྲོག་ཆགས་སྤྲེའུས་དུག་སྲིན་འདི་ཉར་ཚགས་བྱས་ནས་མི་ལ་འགོས་སྲིད་པའི་དོགས་པ་བྱེད་བཞིན་ཡོད།

ཕྱི་ལོ་ ༡༩༧༠ ལོར་ཨཕ་རི་ཀའི་ནང་གི་ཀོང་གོ་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་ནང་གཉན་རིམས་འདི་ཐོག་མར་གསར་རྙེད་བྱུང། དེའི་རྗེས་ཕྱི་ལོ་ ༢༠༢༢ ལོར་གཉན་རིམས་འདི་རྒྱལ་སྤྱིའི་ཐོག་ཁྱབ་གདལ་སོང་ཡོད། དེའི་སྔོན་དུ་རྒྱལ་ཁབ་གཞན་དུ་སྤྲིའུ་འབྲུམ་གཉན་རིམས་ཤིན་ཏུ་དཀོན་པ་དང་། དེ་ཡང་གཙོ་བོ་ཨ་རི་སོགས་སུ་ནད་ཡམས་ཁྱབ་ཡུལ་ནས་སྲོག་ཆགས་ནང་འདྲེན་བྱས་པ་དང་འགྲུལ་བཞུད་བྱེད་པ་སོགས་དང་ཤིན་ཏུ་འབྲེལ་ཆགས་ཡོད།

 

དུག་སྲིན་གྱི་རིགས།

སྤྲེའུ་འབྲུམ་དུག་སྲིན་ལ་རིགས་གཉིས་ཡོད་དེ། རིགས་དང་པོ་དང་། རིགས་གཉིས་པ་བཅས་ཡིན།

དུག་སྲིན་རིགས་དང་པོས་ནད་གཞི་ཚབས་ཆེན་རིགས་དང་དེའི་རྐྱེན་པས་འཆི་བའང་མང་དུ་འབྱུང་། ནད་འདི་ཁྱབ་གདལ་བྱུང་བ་འགའ་ཞིག་ལ་ནད་པ་འདས་གྲོངས་སུ་ཕྱིན་པའི་བརྒྱ་ཆ་ ༡༠ ཙམ་ཡོད། འོན་ཀྱང་ཉེ་ཆར་ཁྱབ་གདལ་ཕྱིན་པའི་སྐབས་འཆི་ཚད་ཀྱི་བརྒྱ་ཆ་དམའ་བོ་ཡིན། ཁྱད་པར་དུ་དུག་སྲིན་རིགས་དང་པོ་ནི་ཨཕ་རི་ཀའི་དབུས་ཁུལ་དུ་ཁྱབ་གདལ་དུ་སོང་བའི་ནད་གཞི་ཞིག་ཡིན།

དུག་སྲིན་རིགས་གཉིས་པ་ནི་ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་སྟེང་ཁྱབ་གདལ་གཏོང་མཁན་དེ་ཡིན། དུག་སྲིན་འདི་ལས་འབྱུང་བའི་ནད་ཡམས་གོང་ལས་ཚབས་ཆུང་བ་དང་ནད་ཅན་བརྒྱ་ཆ་ ༩༩་༩ གསོན་ཐུབ། དུག་སྲིན་རིགས་གཉིས་པ་ནི་ཨཕ་རི་ཀའི་ནུབ་ཕྱོགས་སུ་ཁྱབ་གདལ་སོང་ཡོད།

ད་ལྟའི་ཆར་འཛམ་གླིང་ནང་རྒྱ་ཁྱབ་འགྲོ་བཞིན་པའི་ནད་ཡམས་འདི་ནི་ཨཕ་རི་ཀའི་ནུབ་ཕྱོགས་སུ་མཆེད་པའི་ཉེན་ཚབས་ཆུང་བའི་དུག་སྲིན་རིགས་གཉིས་པའི་གྲས་ཤིག་ཡིན།

 

ནད་རྟགས།
སྤྲེའུ་འབྲུམ་གཉན་རིམས་ལ་ནད་རྟགས་མི་འདྲ་བ་སྣ་ཚོགས་ཡོད། འགའ་ཞིག་ལ་ནད་རྟགས་ཚབས་ཆེན་མེད་པ་དང་། ལ་ལར་ཚབས་ཆེན་འབྱུང་རྗེས་སྨན་ཁང་དུ་སྨན་བཅོས་ལྟ་སྐྱོང་དགོས་པའི་རིགས་ཀྱང་ཡོད། དུག་སྲིན་འགོས་ཀྱང་བདུན་ཕྲག་ཁ་ཤས་རིང་ནད་རྟགས་མི་མངོན་པའི་གནས་སྟངས་ཀྱང་ཡོད། སྤྲེའུ་འབྲུམ་གཉན་རིམས་ཀྱི་ཐོག་མའི་ནད་རྟགས་ནི།

  • ལུས་ལ་ཚད་པ་རྒྱས་པ།
  • ཐོར་སིབ་འདོན་པ།
  • རྨེན་བུ་སྐྲངས་པ།
  • གྲང་ཤུམ་བྱེད་པ།
  • མགོ་ན་བ།
  • ཤ་སྒྲིམ་གཟེར་བ།
  • ལུས་ངལ་བ། བཅས་ཡིན།

སྤྱིའི་ནད་རྟགས་ནི། ཞག་བཅུའི་ནང་ཚུད་ལུས་ཀྱི་ཡན་ལག་རྣམས་ལ་ཆུ་བུར་ཐོར་སིབ་འདོན། ཐོར་སིབ་ལ་ན་ཟུག་ལྡན་པ་དང་རྟགས་མཚན་རྣམས་རིམ་གྱིས་འགྱུར་ཞིང་མཐར་ཤུ་བའི་ལྤགས་པ་ཕྱིར་ལྷུང་། དེ་དག་ལུས་ཀྱི་རྐང་པ་དང་། ལག་པ། བྲང་། གདོང་། སྣེ་ས་ཁུད། ཁ། མཚན་མ་བཅས་ཀྱི་གནས་སུ་འབྱུང་། ཤུ་བ་སྨིན་པའི་དུས་ཡུན་ནི་བདུན་ཕྲག་ ༢ ནས་ ༤ དབར་ཡིན་ཞིང་དུས་ཡུན་དེའི་རིང་ཤུ་བའི་ལྤགས་པ་ཡང་ལྷུང་། དེ་ཡང་ལུས་ལ་རྨ་འབྲུམ་གཅིག་ནས་སྟོང་ཕྲག་འགལ་བ་ཡང་འབྱུང་སྲིད།

སྤྲེའུ་འབྲུམ་གཉན་རིམས་ནད་པར་ནད་རྟགས་ཡོངས་སུ་རྫོགས་པའི་ངེས་པ་གང་ཡང་མེད། ནད་ཅན་ཀུན་ལ་ནད་རྟགས་མི་འདྲ་བར་ཐ་དད་ཡོད་དེ། དཔེར་ན།

  • ལུས་ལ་ཐོར་སིབ་ཡོད་ཀྱང་ནད་རྟགས་གཞན་མེད་པ་དང་ཡང་ན་ནད་རྟགས་རྗེས་སུ་འབྱུང་བ།
  • ཆམ་རིམས་ལྟར་ནད་རྟགས་ཐོན་རྗེས་ཐོར་སིབ་འདོན་པ། འགར་དེ་ནམ་ཡང་མ་འདོན་པའང་ཡོད།
  • ཐོར་སིབ་ལུས་ཀུན་ལ་ཁྱབ་ཀྱང་ཁ་ཤས་ལ་རེ་ཟུང་ལས་མེད།

ཟུག་གཟེར་དང་ཚ་བ་འགོག་པའི་སྨན་བཅོས་སོགས་ཀྱི་བལྟ་སྐྱོང་གནང་ཚེ་ནད་རྟགས་ཕལ་ཆེ་བ་གཟའ་འཁོར་ཁ་ཤས་ནང་རང་ངོས་ནས་ཞི་བ་ཡིན། ཡིན་ཡང་ནད་ཅན་འགའ་ཤས་ལ་ནད་གཞི་ཚབས་ཆེན་དུ་འགྱུར་བའམ་ཡང་ན་ནད་གཞི་རྙོག་འཛིང་ཆེ་རུ་སོང་ནས་ཐ་ན་འཆི་བའི་ཉེན་ཁའང་ཡོད། ཕྲུ་གུ་དམར་འབྱར་དང་སྦྲུམ་མ། གཉན་ནད་རེག་དུག་(HIV)ལ་སོགས་ནད་འགོག་མ་ལག་གི་ནད་གཞི་རྙིང་པ་ལྡན་པའི་ནད་ཅན་རྣམས་ལ་སྤྲེའུ་འབྲུམ་གཉན་རིམས་ཚབས་ཆེན་བྱུང་བ་དང་འཆི་བའི་ཉེན་ཁ་ཡང་ཧ་ཅང་ཆེ་བ་ཡོད།

 

ཁྱབ་གདལ།

སྤྲེའུ་འབྲུམ་གཉན་རིམས་ཀྱི་དུག་སྲིན་ནི་གཉན་རིམས་ཕོགས་པའི་ནད་པ་དང་། དུད་འགྲོ་ཡང་ན་འབག་བཙོག་ཐེབས་པའི་ཕྱི་ངོས་ལ་རེག་པ་སོགས་ལས་འགོས་ཁྱབ་འགྲོ་གི་ཡོད། དུག་སྲིན་འདི་ལུས་ནང་འཛུལ་རྗེས་དེ་ཉིད་བསྐྱར་བཟོ་བྱེད་པ་དང་ཁྲག་བརྒྱུད་ལུས་ཡོངས་ལ་ཁྱབ་ཀྱི་ཡོད། རྒྱུན་ལྡན་དུག་སྲིན་དེ་པགས་པ་གས་ཆག་ཤོར་བ་དང་། དབུགས་རྔུབ་པ། མིག་དང་། སྣ། ཁའི་བེ་སྣབས་བཅས་བརྒྱུད་ནས་ལུས་ནང་འཛུལ་གྱི་ཡོད། ཕྱི་ལོ་ ༢༠༢༢ ལོར་འཛམ་གླིང་ཁྱོན་ཡོངས་ལ་གཉན་རིམས་དེ་དག་ཁྱབ་གདལ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་འཁྲིག་སྤྱོད་ལ་བརྟེན་ནས་འབྱུང་བར་བཤད།

གཉན་རིམས་འདིས་རྐྱེན་བྱས་པའི་རྨ་ཁ་ཚང་མ་རྨ་ཤུན་གྱིས་མ་གཡོགས་པ་དང་། རྨ་ཤུན་དེ་དག་ལྷུང་ནས་དེའི་འོག་ཏུ་པགས་པ་རིམ་པ་གསར་པ་ཞིག་མ་གྲུབ་པ། དེ་བཞིན་མིག་དང་ལུས་(ཁ། མིད་པ། མིག མོ་མཚན། བཤང་ལམ།)བཅས་སུ་དྲག་སྐྱེད་མ་བྱུང་བར་རྒྱུན་དུ་གཉན་རིམས་དེ་དག་འགོས་ནད་རང་བཞིན་ཅན་དུ་ངོས་འཛིན། དེ་ཡང་བདུན་ཕྲག་གཉིས་ནས་བཞིའི་བར་དུ་ཡིན།

སྤྲེའུ་འབྲུམ་གཉན་རིམས་ཀྱི་འགོས་ཁྱབ་ཀྱི་དུས་ཡུན་ནི། ནད་རྟགས་ཐོན་ནས་རྨ་ཐོར་རྣམས་ཡོངས་སུ་དྲག་སྐྱེད་དང་པགས་པའི་རིམ་པ་གསར་པ་ཞིག་མ་ཆགས་བར་དུ་གནས་ཀྱི་ཡོད། མི་འགའ་ཞིག་གིས་ནད་རྟགས་མ་ཐོན་གོང་གི་ཉིན་གཅིག་ནས་བཞིའི་བར་དུག་སྲིན་འགོས་ཁྱབ་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་འདི་ལ་ད་བར་ཁུངས་སྐྱེལ་ར་སྤྲོད་གང་ཡང་བྱེད་ཐུབ་མེད།

 

མི་ནས་མི་ལ་འགོས་ཁྱབ་སོང་བ།


སྤྲེའུ་འབྲུམ་གཉན་རིམས་ནི་དུག་སྲིན་ཡོད་པའི་གང་ཟག་དང་ཐག་ཉེ་པོའི་འབྲེལ་བ་འབྱུང་ན་ཕན་ཚུན་འགོས་ཁྱབ་འགྲོ་བ་ཡིན། དེ་ཡང་།

  • རྨ་ཐོར་ལྡན་པའི་ནད་པའི་ཕྱི་པགས་ལ་རེག་ཐུག (དཔེར་ན་རེག་ཐུག་དང་འཁྲིག་སྤྱོད། )
  • ཁ་དང་ཁ་སྦྱར་བ་དང་། ཡང་ན་ཁ་དང་ཕྱི་པགས་རེག་པ། (དཔེར་ན་འོ་བྱེད་པ། )
  • དུག་སྲིན་ལྡན་པའི་གང་ཟག་དང་ཤིན་ཏུ་ཉེ་བ། (དཔེར་ན་གླེང་མོལ་དང་། དབུགས་འབྱིན་རྔུབ་བྱེད་པ། )
  • མིག་དང་། ཁ། སྣ་བཅས་ཀྱི་བེ་སྣབས་ལ་རེག་པ།
  • སྦྲུམ་མའི་གནས་སྐབས་དང་ཡང་ན་བཙས་རྗེས་ཕྲུ་གུར་འགོས་ཁྱབ་བྱེད་ཐུབ།

 

 

ཕྱི་དངོས་ལ་རེག་པ།

དུག་སྲིན་འདི་ནད་ཅན་གྱིས་རེག་ཐུག་བྱེད་པའི་གྱོན་ཆས་དང་། མལ་ཆས། ལག་ཕྱིས། གློག་ཆས། ཕྱི་ངོས་སོགས་ལ་གནས་སྲིད། གཞན་གྱིས་ཅ་དངོས་དེ་དག་ལ་ལག་པ་འཆང་ཚེ་འགོས་ཁྱབ་འགྲོ་བ་ཡིན། ཁྱད་པར་དུ་དེ་དག་གི་ལུས་ལ་རྨ་ཁ་ཡོད་པ་དང་། ཡང་ན་རང་ཉིད་ཀྱི་མིག་དང་། སྣ། ཁ། བེ་སྣབས་ལྡན་པའི་སྐྱི་པགས་ལ་ལག་པ་གཙང་སེལ་མ་བྱེད་པར་འཆང་བས་འགོས་ཁྱབ་འགྲོ་བ་ཡིན། དེར་བརྟེན་ཕྱི་དངོས་དང་ཅ་དངོས་རྣམས་སྔོན་ལ་དུག་སེལ་བྱེད་པ་དང་ལག་པ་འཆང་རྗེས་ལག་པ་གཙང་སེལ་བྱེད་ཚེ་དུག་སྲིན་འགོས་ཁྱབ་ལས་སྔོན་འགོག་བྱེད་ཐུབ།

 

དུད་འགྲོ་ནས་མི་ལ་འགོས་པ།

གཉན་རིམས་ཁྱབ་གདལ་ཕྱིན་པའི་གནས་ཀྱི་སྤྲེའུ་དང་། ཤིང་སྡོང་གི་ནགས་བྱི་ལ་སོགས་ཙིག་སོ་ཅན་གྱི་སྲོག་ཆགས་བརྒྱུད་ནས་མིར་འགོས་ཁྱབ་འགྲོ་ཚུལ།

  • གཉན་རིམས་ཕོག་པའི་དུད་འགྲོའི་ཆུ་སེར་དང་། བཤང་གཅི། ཡང་ན་རྨུག་པ་དང་འབྲད་པ་སོགས་ཐད་ཀར་རེག་ཐུག་འབྱུང་བ།
  • གཉན་རིམས་ཁྱབ་པའི་གནས་སུ་རི་དྭགས་བརྒྱག་པ་དང་། རྙི་འཛུགས་པ། དུག་སྲིན་ཡོད་པའི་སེམས་ཅན་ཐོག་ལས་སྣོན་བྱེད་པ་སོགས་ཕྱི་རོལ་གྱི་ལས་དོན།
  • དུག་སྲིན་ཡོད་པའི་བདག་གཉེར་སེམས་ཅན་ཞི་མི་ལ་སོགས་དང་རེག་ཐུག་བྱུང་བ་བཅས་ཡིན།

 

 

སྔོན་འགོག

གལ་སྲིད་ཁྱེད་ལ་སྤྲེའུ་འབྲུམ་གཉན་རིམས་དོགས་གཞི་ཡོད་ཚེ་འགོག་ཁབ་བརྒྱབ་པས་ནད་ལས་སྲུང་ཐུབ། འབྲུམ་པའི་འགོག་ཁབ་ཀྱིས་ཀྱང་སྤྲེའུ་འབྲུམ་གཉན་རིམས་འགོག་སྲུང་བྱེད་ཐུབ། འགོག་ཁབ་སྟེང་སྔོན་འགོག་གྱི་ཐབས་ལམ་མི་འདྲ་བ་གཞན་ཡང་ཡོད།

  • ཉིན་ལྟར་གཙང་སྦྲ་ལེགས་པར་བྱེད་དགོས།
  • མི་དང་དུད་འགྲོའི་རིགས་ལ་རེག་ཐུག་འཛེན་ཟོན་དགོས།
  • དུག་སྲིན་ལྡན་པའི་མལ་ཆས་དང་དངོས་པོ་རྣམས་ལ་རེག་ཐུག་སྤང་།
  • དམར་ཟས་རྣམས་ལེགས་པར་བཙོས་ཏེ་བཟའ་བ།
  • ལག་པ་ཡང་ཡང་འཁྲུ་བ།
  • གྱིག་ཤུབས་དང་སོ་རགས་བེད་སྤྱོད་དེ་བདེ་འཇགས་འཁྲིག་སྤྱོད་ལག་བསྟར་དགོས།
  • གཞན་གྱི་ཉེ་འགྲམ་དུ་འགྲོ་སྐབས་ངེས་པར་ཁ་རས་གྱོན་དགོས་པ།
  • ཡང་ཡང་རེག་པའི་ཕྱི་ངོས་རྣམས་གཙང་སེལ་བྱེད་པ།
  • ནད་པར་བལྟ་སྐྱོང་བྱེད་སྐབས་ལུས་སྲུང་ཆས་(PPE)ངེས་པར་གྱོན་དགོས།
  • གལ་སྲིད་གཉན་རིམས་འགོས་པའི་དོགས་པ་དང་ཡང་ན་ནད་ཅན་དང་འབྲེལ་ཐུག་འབྱུང་ཚེ་ངེས་པར་དུ་སྨན་ཁང་ལ་བརྟག་དཔྱད་གནང་དགོས།

 

བརྟག་ཐབས།

སྤྱིར་སྤྲེའུ་འབྲུམ་གཉན་རིམས་ཕོག་ནས་ནད་མེད་བར་བདུན་ཕྲག་གཉིས་ནས་བཞིའི་བར་འགོར་གྱི་ཡོད། གལ་སྲིད་ཁྱེད་ལ་དུག་སྲིན་འགོས་ཁྱབ་འབྱུང་ཚེ་སྨན་པས་རྨ་ཐོར་དྲག་སྐྱེད་མ་འབྱུང་བར་སྨན་བཅོས་བལྟ་སྐྱོང་གནང་། སྤྱིར་སྤྲེའུ་འབྲུམ་གཉན་རིམས་ཀྱི་འཆི་བར་མེད་ཀྱང་སྐབས་འགར་དེ་ལས་ལྡོག་སྲིད། གཉན་རིམས་དེ་དག་གིས་གློ་ཚད་དང་། ཀླད་ཚད། མིག་ནད་སོགས་ཚེ་སྲོག་ལ་རྒོལ་བའི་ནད་རིགས་ཀྱི་རྒྱུ་རྐྱེན་ཡང་བྱེད་པ་ཡིན།

ངེས་པར་དུ་སྨན་པར་འབྲེལ་གཏུགས་དགོས་པའི་ནད་རྟགས་ཁག་ནི།

  • ལུས་ལ་ཚད་པ་རྒྱས་པ་དང་། ཟུག་གཟེར་འབྱུང་བ། རྨེན་བུ་སྐྲངས་པ།
  • ཐོར་སིབ་དང་རྨ་གསར་འདོན་པ།
  • དུག་སྲིན་ཡོད་པའི་གང་ཟག་དང་ཉེ་འབྲེལ་ཡོད་པ།
  • དབུགས་འབྱིན་རྔུབ་དཀའ་བ།
  • བྲང་གཟེར།
  • མཇིང་རེངས།
  • བློ་རྨོངས་ཏེ་རིག་པ་མི་གསལ་བ།
  • དྲན་པ་ཉམས་པ།
  • བརྒྱལ་གཟེར།

རང་གཞན་ཚང་མ་སྲུང་བའི་ཐབས་ལམ་ལེགས་ཤོས་ནི། འགོག་ཁབ་རྒྱག་པ་དེ་ཉིད་ཡིན། དེ་བཞིན་ནད་ཅན་དང་ཉེ་འབྲེལ་སྤོང་བ་དང་། ལག་པ་ཡང་ཡང་འཁྲུ་བ། མི་ཚོགས་ཁྲོད་ཁ་རས་གྱོན་པ་སོགས་སྔོན་འགོག་ཀྱི་ཐབས་བྱུས་རྣམས་དང་དུ་བླང་དགོས། གལ་སྲིད་ལུས་ལ་ཚད་པ་རྒྱས་པ་དང་། གྲང་ཤུམ་རྒྱག་པ། ལུས་ལ་ཟུག་གཟེར་སོགས་ཀྱི་སྔོན་རྟགས་ལྡང་ན་རྣམ་གཡེང་མེད་པར་ངེས་པར་དུ་སྨན་པར་འབྲེལ་གཏུགས་གནང་དགོས་སོ།།




མཐའ་མའི་འདོན་ཐེངས་།: 27.09.2024 ཉིན། 2:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།