སྨན་རྩིས་དྲ་བ། - ཐུགས་འབུམ་མཁའ་སྔོན།

ལེའུ་དང་པོ། གླེང་གཞི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.01.2023
ཐུགས་འབུམ་མཁའ་སྔོན། >>




༄༅། །བདུད་ར
ྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་

བཞུགས་པ་དབུ་ཕྱོགས་ལེགས།།

 

 

  ལེའུ་དང་པོ། གླེང་གཞི། 

ཞང་ཞུང་སྐད་དུ། འཚོ་ཅི་དེ་ཤིན་ཙ་རི་ཤེ་འབའ་མུ་ཏིང་བིན།

བོད་སྐད་དུ། གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་ཞེས་བྱ་བའོ།།

རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་བའི་དོན་མཛད་གཤེན་རབ་མཆོག། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་སྔལ་(བསྔལ)སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །ནམ་མཁའི་མདོག་ཅན་བསྟན་པའི་གཙོ་ལ་བསྟོད། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོང་གསུམ་གྱི་འཇིག་རྟེན་རྒྱ་ཆེ་ཞིང་གྲངས་མང་པའི་ནང་ནས། མི་འཇེད་པའི་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་མིག གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ་དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་པའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡང་(ཡངས)ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་(ལྟད)མོ་ཕུན་གསུམས་(སུམ)འཚོགས་(ཚོགས)འཔ(པ)། རི་བོ་དང་རི་བྲན་(ཕྲན)དང་། རྒྱ་མཚོ་དང་ནེའུ་ཐང་དང་། ཆུ་བོ་དང་ཆུ་བྲན་(ཕྲན)དང་། ལུ་མ་དང་ལྡིང་ཀ་དང་། དཔག་བསམ་དང་(གྱི)ནག(ནགས)ཚལ་དང་། མེ་ཏོག་དང་། སྨན་དང་། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་དྭགས་དང་། གཅན་གཟན་དང་། འདབ་ཆགས་དང་། ཆུ་གནས་དང་། གཡུང་དྭགས་དང་། མི་ནོར་དང་། ཡུལ་མཁར་དང་། ལོངས་སྤྱོད་ཕུན་གསུམ་(སུམ)འཚོགས་(ཚོགས)པ་རུ་མངའ་འོ། །དེ་ཡང་ངོ་མཚར་ཆེ་བའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་མོ་དེའི་དབུས་སུ། རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང་ཞེས་བྱ་བ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་གྱི་གདན་ས་སྟེ། དབུས་སུ་རི་གཡུང་དྲུང་དགུ་བརྕེགས་ཞེས་བྱ་བ། རིན་པོ་ཆེ་སྣ་དགུ་ལས་གྲུབ་པ། དཔག་ཚད་ལྔ་བཅུ་རྩ་གཅིག་གི་འཁོར་བ། བང་རིམ་ཐེག་པ་རིམ་དགུ་མཚོན་པ། ཐོག་(ཐེག)དགུ་སྤྱོད་པ་སའི་གྲུབ་གནས་ཕུན་སུམ་ཚོགས་པ། རྩི་ཤིང་ནགས་ཚལ་མེ་ཏོག་ཕུན་གསུམ་(སུམ)ཚོགས་པ། སྨན་དྲི་བཟང་གི་ཚལ་དང་། མཚོ་མོ་དང་སྨན་ཆུ་འབབ་པ། རྕེ་ལ་ཤེལ་གྱི་རྡོ་རིང་གཡུང་དྲུང་དགུ་བརྩེགས་ཀྱི་ཚུལ་ཆགས་པ། ཡས་མར་གྱི་དཔངས་ལ་དཔག་ཚད་བཅུ་གསུམ་འདུག་པ། མཐའ་སྐོར་དུ་འཁོར་མོ་གླིང་མཚོ་བྱ་བ་འཁྱིལ་བ། ལོག་(ལོགས)བཞི་ལ་ཆུ་བོ་ཆེན་པོ་བཞི་འབབ་པ། དེའི་ཕྱི་རིམ་དུ་ནང་གི་གླིང་ཆེན་བཅུ་གཉིས། དེའི་ཕྱི་རིམ་དུ་བར་གྱི་གླིང་ཕྲན་བཅུ་གཉིས། དེའི་ཕྱི་རིམ་དུ་ཕྱི་ཡི་ཡུལ་ཆེན་བཅུ་དྲུག་སོགས་ཀུན་གྱིས་བསྐོར་བའི་ཚུལ་དུ་ཆགས་ཏེ། དེ་ཡང་དབུས་ཀྱི་རྒྱལ་ས་ཕོ་བྲང་གླིང་བརྒྱད་ན། ཤར་ཕྱོགས་སུ་ཤམ་པོ་ལྷ་རྕེ། བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང་། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བར་པོ་སོ་བརྒྱད། ཤར་བྱང་དུ་གཤེན་རབ་སྐུ་ཚད། བྱང་ནུབ་ཏུ་རྣམ་དག་དཀར་པོ། ནུབ་ལྷོ་རུ་ཐེའུ་རང་འབྱུང་། ལྷོ་ཤར་དུ་བདེ་བ་རང་གྲུབ་དང་བརྒྱད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུང་འཁྲུངས་པ་དང་། བསྟན་པ་སྤེལ་བ་དང་། བོན་འཁོར་བསྐོར་བ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་མཛད་པའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་ལྷའི་ཕོ་བྲང་ཀྱི་(གི)བཀོད་པའོ། །དེའི་ཕྱི་རིམ་དུ་འཁོར་ཡུག་ར་བ་རིམ་བདུན་ནི་རིན་པོ་ཆེན་(ཆེ)ནྲ་(ན)ཆུ་དང་རྩི་ཤིང་མེ་ཏོག་གི་ར་བ་དང་བདུན་གྱིས་བསྐོར་བའོ། །དེའི་ཕྱི་རིམ་དུ་ནང་གི་གླིང་ཆེན་བཅུ་གཉིས་ནི། ཤར་དུ་གཡུང་དྲུང་བཀོད་པའི་གླིང་། དེའི་གཡས་ན་དགའ་ལྡན་ལྷའི་གླིང་། གཡོན་ན་འདུལ་བ་ཁྲིམས་ཀྱི་གླིང་། བྱང་ན་གནོད་སྦྱིན་ནོར་གྱི་གླིང་། དེའི་གཡས་སུ་གསེར་དངུལ་རིན་ཆན་(ཆེན)གླིང་། གཡོན་དུ་གང་འདོད་བཀྲ་ཤིས་གླིང་། ནུབ་ཏུ་མི་གཡོ་བསམ་གཏན་གླིང་། དེའི་གཡས་ན་དགེ་རྒྱས་ཡོན་ཏན་གླིང་། གཡོན་ན་ཚད་མེད་བྱམས་པའི་གླིང་། དེའི་གཡ་(གཡས)ལྷོ་རུ་ཚད་མེད་བྱང་ཆུབ་གླིང་། དེའི་གཡས་ན་བདུད་འདུལ་སྔགས་ཀྱི་གླིང་དང་། གཡོན་ན་སྦྱིན་པ་མཐའ་རྒྱས་གླིང་། དེ་བཅུ་གཉིས་ནི་སྟོན་པས་བོན་གྱི་འཁོར་ལོ་བསྐོར་བ་དང་། འཁོར་སྡེ་བཞི་ཡ་བརྒྱད་ཀྱི་ཁྲིམས་བསྲུང་བ་ནང་། དཀའ་བ་བསྐྱེད་པ་དང་། བསྒོམ་བསྒྲུབ་བྱེད་པའི་གནས་སོ། །དེའི་རྒྱབ་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་། འཇའ་ཚོན་འོད་འབར་གྱི་ཤིང་དང་། མྱུར་མཛེས་པའི་རྕི་ཤིང་གིས་བསྐོར་བའོ། །དེའི་ཕྱི་རིམ་དུ་བར་གྱི་གླིང་ཕྲན་བཅུ་གཉིས་ནི། ཤར་དུ་རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང་། ཆུ་བོ་ན་ར་འཛའ་ར་འབབ་པའོ། །དེའི་གཡས་སུ་གསེར་གླིང་རྒྱུད་ཀྱི་གླིང་། གཡོན་དུ་ཟངས་གླིང་བཀྲ་ཤིས་གླིང་། བྱང་ན་དམངས་རིགས་རྡོལ་བའི་གླིང་། ཆུ་བོ་པག་ཤུ་འབབ་པའོ། དེའི་གཡས་ན་སྟོབས་ཆེན་བརྒྱད་ཀྱི་གླིང་། གཡོན་ན་གཙུག་རྗེ་རྒྱལ་པོའི་གླིང་། ནུབ་ན་བྲམ་ཟེ་གཙང་མའི་གླིང་། །ཆུ་བོ་གྱིམ་ཤོང་འབབ་པའོ། །དེའི་གཡས་ན་བྲམ་ཟེ་ཧོས་མོ་གླིང་། གཡོན་ན་འབྲི་མིག་དགུ་སྐོར་གླིང་། །ལྷོ་རུ་རྗེས་(རྗེ)རིགས་བཀོད་པའི་གླིང་། ཆུ་བོ་སིནྡྷུ་བབ་(འབབ)པའོ། །དེའི་གཡས་ན་དྲང་སྲོང་འགྲོ་འདུལ་གླིང་། གཡོན་ན་མུ་ཏིག་ངུར་བུའི་གླིང་ངོ་། །དེ་བཅུ་གཉིས་ན་སྟོན་པའི་འཁོར་ཡེ་གཤེན་སུ་(སུམ)བརྒྱ་དྲུག་ཅུའི་གསས་མཁར་སུམ་བརྒྱ་དྲུག་ཅུའི་བོན་གྱི་འཁོར་ལོ་བསྐོར་བའི་ཞིངས་(ཞིང)ཁམས་སོ། །དེ་རྒྱབ་འཁོར་མོ་གླིང་གི་མཚོ་ཞེས་པས་བསྐོར་བའོ། །དེའི་ཕྱི་རིམ་ན་ཡུལ་ཆེན་པོ་བཅུ་དྲུག་ཡོད་དེ། ཤར་དུ་དམུ་ཨ་པ་ད་(དཱ)རིའི་ཡུལ། དེའི་གཡས་གཡོན་དུ། བྲག་སེང་གེ་རྒྱབ་བསྣོལ་དང་། རི་ལྷ་རི་སྤོས་མཐོན་ཤེལ་གྱི་བྲག་ཕུག་དགུ་བརྒྱུད་དང་། འགྲོ་བ་འདུལ་བ་མཆོད་རྟེན་གྱི་གླིང་ལ་སོགས་སོ། །(ཤར་)བྱང་ན་ཀ་རྟ་ཤེལ་གྱི་བྲག་ཕུག་གོ། བྱང་དུ་ཡུལ་འོད་མ་བྱམས་སྐྱ། དེའི་གཡས་གཡོན་ན། ཧ་ནུ་མ་རྟའི་གླིང་དང་། སྣང་བསྒྱུར་སྒྱུ་མའི་གླིང་ངོ་། །བྱ་བ་(བྱང་ནུབ)ན་ཀ་ར་ཤ་ཀའི་ཡུལ་ལོ། །ནུབ་ན་རྒོད་རྗེ་ཀ་རྩེ་རྒྱ་ཡི་ཡུལ། དེའི་གཡས་གཡོན་ན། རྒྱལ་མོ་ཕྲོམ་གྱི་གླིང་དང་། མཁའ་འགྲོ་མི་ཀུན་གྱི་གླིང་ངོ་། །ནུབ་ལྷོ་ན་གཙུག་རུམ་འབར་བའི་སྒྲུབ་གནས། ལྷོ་ན་ཡུལ་ཁྲི་དང་འཇམ་བ། དེའི་གཡས་གཡོན་སྨྲ་མའི་གྲོང་བདུན་གྱི་གླིང་དང་ཕྲ་མོ་གླིང་དྲུག་གི་ཡུལ་ལོ། །ལྷོར་(ལྷོ)ན་གསས་རྗེ་ཧོས་ཀྱི་ཡུལ་ཡོད་དོ། །དེ་རྒྱབ་མྱུར་བདལ་པའི་རྒྱ་མཚོ་དང་། ཟངས་རི་ལ་མེ་འབར་བ་དང་། ལྕགས་རི་ལ་ཆུ་འབྲུག་པའི་འཁོར་ཡུག་དང་། གངས་དབལ་སོ་མདུང་རྕེའི་ར་བས་བསྐོར་བ་དེ་ལྟབུའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་དེ་ནི་ལྷ་རི་སྤོ་(སྤོས) མཐོན་ལ་སོགས་རི་དབང་སུམ་བརྒྱ་དྲུག་བཅུ་(ཅུ)། མུ་ལེ་སྟོང་འཇམ་ལ་སོགས་མཚོ་སྨན་སུམ་བརྒྱ་དྲུག་ཅུ། གཡུང་དྲུང་ལྗན་(ལྗོན)ཤིང་ལ་སོགས་དཔག་བསམ་ལྗོན་ཤིང་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་སྐྱེས་ཤིང་། འབིག་བྱེད་ཞེས་པ་གདག་(གདགས)རི་ཡི་ཕྱོགས་རྣམས་སུ་ཉི་མའི་སྟོབས་དང་ལྡན་པའི་གྲང་བ་སེལ་བའི་སྨན་སྣ་ཚོགས་ཀྱི་ནག་(ནགས)ཚལ་དང་། གངས་ཅན་ཞེས་པ་སྲིབ་རི་ཡི་ཕྱོགས་རྣམས་སུ་ཟླ་བའི་སྟོབས་དང་ལྡན་པའི་ཚ་བ་སེལ་བའི་སྨན་སྣ་ཚོགས་ཀྱི་ནག་(ནགས)ཚལ་དང་སྔོ་ལྡུམ་སྐྱེས་ཤིང་། དྲི་བསུང་གི་ཕྱོགས་སུ་ནད་གདོན་མ་ལུས་ཞི་བར་བྱེད་པ་ཡོད་དོ། །གཞན་ཡང་རྡོ་ཐམས་ཅད་ལ་ཅོང་ཞི་དང་མཚལ་ལ་སོགས་རྡོ་སྨན་སུམ་བརྒྱ་དྲུག་ཅུ། ས་ཐམས་ཅད་ལ་བྲག་ཞུན་ལ་སོགས་པ་སྨན་སུམ་བརྒྱ་དྲུག་ཅུ། ཆུ་ཐམས་ཅད་ལ་སྨན་ཆུ་རིགས་ལྔ་དང་། ཆུ་ཚན་རིགས་ལྔ་དང་ཆུ་སྨན་གྱི་རིགས་ཐ་དག་དང་། ཡིད་བཞིན་ནོར་བུ་ལ་སོགས་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་སྣ་ཚོགས་དང་། གསེར་དངུལ་ལ་སོགས་བཞུ་བའི་ཁམས་ཀྱི་རིན་ཆེན་སྣ་ཚོགས། གླང་པོ་དང་གླ་བ་སོགས་འདབ་ཆགས་རི་གཡུང་གཅན་གཟན་ཆུ་གནས་སོགས་སྲོགས་(སྲོག)ཆགས་ལས་བྱུང་བའི་ཤ་ཁྲག་རུས་ལྤགས་(པགས)བུབ་(བུབས)རིལ་སྨན་དུ་གྱུར་པ་ཐ་དག་དང་། ཚྭ་སྣའི་རིགས་ཀྱི་སྨན་ཐམས་ཅད་ས་ཆུ་རྡོ་ཤིང་ཀུན་ནས་བྱུང་བ་དང་། རིན་པོ་ཆེ་སྣ་དགུ་ཡི་བྲག་རི་དང་། རི་ཡི་ཁ་དོག་ཀྱི་(གིས)བསྒྱུར་བའི་མཚོ་དང་། མཚོ་ཡི་རང་བཞིན་ལས་བྱུང་བའི་བྱེ་མ་དང་བྱེ་མ་བདལ་བ་ལས་བྱུང་བའི་ཐང་ལ་སོགས། ངོ་མཚར་གྱི་ལྟས་(ལྟད)མོ་རྩ་གསུམ་ལྷ་ལས་ཀྱང་དགུ་འགྱུར་དུ་ཆེ་བ་ཉིན་དང་མཚན་མོའི་སྣང་བ་མེད་པ། ཅིར་ཡང་སྤྲུལ་སྐུའི་བདེ་ཆེན་གྱི་ཞིང་ཁམས་སམ། སྟག་གཟིགས་(གཟིག)ཤམ་བྷ་ལའམ། མཚན་ཡོངས་སུ་གྲགས་པའི་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ་དེའི་དབུས་ཀྱི་རི་གཡུང་དྲུང་དགུ་བརྩེགས་ཀྱི་གསོས་བདུད་རྩི་སྨན་གྱི་ནག་(ནགས)ཚལ་གྱི་དཀྱིལ་དུ་རིན་པོ་ཆེ་སྣ་དགུ་ལས་གྲུབ་པའི་སངས་རྒྱས་སྨན་ལྷའི་ཕོ་བྲང་ཆེན་པོ་ལྕགས་རི་དཔག་ཚད་བཞི་ཡི་འཁོར་བ། དྲི་ཞིམ་པ་དང་ངད་གདང་(ལྡང)བས་དཔག་ཚད་རྒྱང་གྲགས་སུ་ཁྱབ་པ་དེའི་དབུས་སུ་གདན་འཁོར་ལོ་རྕིབ་(རྩིབས)ལ་དགུ་དང་སྤོས་ཀྱི་གླང་པོ་བརྒྱད་བསྣོལ་གྱི་ཁྲི་ལ། སྟོན་པ་གཤེན་རབ་མི་བོ་ཉིད། སྐུ་མདོག་རིན་པོ་ཆེ་བེེ་ཌཱུརྱའི་མདོག་ལྟ་བུ་འོད་ཟེར་ཕྱོགས་བརྒྱར་ལྷག་(ལྷགས)པ། དབུ་ལ་རིན་པོ་ཆེ་ཡི་ཟེ་པྲོག་གསོལ་བ། ཕྱག་གཡས་ན་མཐིང་གི་ཆགས་ཤིང་གསེར་གྱི་གཡུང་དྲུང་རིས་ཅན་དང་། གཡོན་པས་མཉམ་བཞག་གི་སྟེང་དུ་སྨན་གྱི་རྒྱལ་པོ་ཨ་རུ་ར་རྣམ་པར་རྒྱལ་བའི་སྡོང་པོ་འབྲས་བུ་དང་བཅས་པ་འཛིན་པ། ཐུགས་ལ་འོད་ཟེར་གྱི་སྤྲོ་བསྡུ་མཛད་ཅིང་བདུད་རྕི་སྨན་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་མདུན་གྱི་ནམ་མཁའ་ལ་སྨན་གྱི་ལྷ་སུམ་ཅུ་རྩ་གསུམ་གསལ་ལ་རང་བཞིན་མེད་པ། སྣང་ལ་དངོས་པོ་མེད་པར་མངོན་གསུམ་དུ་གསལ་བ། དེ་ལ་འཁོར་ནང་འཁོར་དང་། བར་འཁོར་དང་ཕྱི་འཁོར་གསུམ་སྟེ། ནང་འཁོར་ནི་གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྨ་ལོ་དང་། གཡུ་ལོ་དང་། གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་དང་། ལྷ་ཡི་དྲང་སྲོང་མངོན་པར་ཤེས་པ་དང་། བདེན་པར་སྨྲ་བ་དང་། རིག་པར་སྨྲ་བ་དང་། ངེས་པར་སྨྲ་བ་དང་། ཡིད་ལས་སྤྲུལ་པ་དང་། ཡིད་ལས་འབྱུང་བ་དང་། ཡིད་ལས་སྐྱེས་པ་དང་། ཡིད་ལས་གྲུབ་པ་ལ་སོགས་དྲང་སྲོང་ཆེན་པོ་བརྒྱད་དང་། སྨན་གྱི་ལྷ་མོ་བཅུ་དྲུག་དང་། བར་འཁོར་དུ་དྲང་སྲོང་དང་། གཙང་གཙུག་དང་། དགེ་བསྙེན་དང་། བསྙེན་གནས་གྱི་འཁོར་འབུམ་ཕྲག་བཞི་དང་། གཞན་གཤེན་རབ་གཡུང་དྲུང་སེམས་དཔའ་ཁྲི་དྲུག་སྟོང་དང་། ཡེ་གཤེན་སུམ་བརྒྱ་དྲུག་བཅུ་(ཅུ)དང་། ཕྱི་འཁོར་དུ་ལྷ་ཆེན་བརྒྱད་དང་། ཀླུ་ཆེན་པོ་བརྒྱད་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོངས་བ་བཅུ་དང་། གཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྕ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། སྨྲ་ཤེས་དོན་གོ་བའི་ལྷ་མིའི་རིགས་བྱེ་བ་ཁྲག་ཁྲིག་དང་། ཡང་འཁོར་ཁམས་སུ་སེམས་ཅན་གྲངས་མེད་དག་གིས་སྟོན་པའི་གསུང་རྣམས་རང་རང་གི་སྐད་དང་མཐུན་པར་སོ་སོ་རུ་གོ་ནས་ཐམས་ཅད་ཀྱི་ཤེས་རྒྱུད་གྲོལ་ལོ། །དེ་ཡང་དྲང་སྲོང་ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་དགེ་བཅུ་དྲང་པོར་སྲོང་ཞིང་། གཞན་གྱི་སྡིག་བཅུ་འཕྲོས་གཅོད་པར་བྱེད་པས་དྲང་སྲོང་ཞེས་བྱའོ། །

གསོ་རིག་ཐུགས་འབུམ་མཁའ་སྔོན་ལས་ཐོག་མར་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།




མཐའ་མའི་འདོན་ཐེངས་།: 17.01.2023 ཉིན། 2:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།