སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༩། རོ་དང་ཞུ་རྗེས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>


ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།

 དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །སྦྱོར་བ་སྨན་གྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ།

ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །སྦྱོར་བ་སྨན་གྱི་གནས་ལ་བསླབ་བྱ་ན། །རོ་དང་ཞུ་རྗེས་ནུས་པ་སྦྱར་ཐབས་བཞིལས །དང་པོ་རོ་ལ་རྟེན་དང་དབྱེ་བ་དང༌། ངོ་བོ་དང་སྡེ་ཚན་དང་ལས་དང་རྣམ་པ་ལྔལས

དང་པོ་སྨན་གྱི་རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་བར་འགྱུར་ཏེ། དེ་ཡང་ས་ཡིས་གཞི་རྟེན་པར་བྱེད་ཆུས་རླན་པར་བྱེད་མེ་ཡིས་དྲོདསྐྱེད་པར་བྱེད །རླུང་གིས་བསྐྱོད་ཅིང་འཕེལ་རྒྱས་སུ་བྱེད་ནམ་མཁས་མི་འགག་པར་གོ་ཕྱེ་བས། །དེས་ལྔ་བསྐྱེད་པར་གྱུར་ཀྱང་འབྱུང་བ་ལྔ་ཤས་ཆེ་ཆུང་གི་ཕལ་ཆེར་རོ་གཅིག་པ་མིནཔས་རོ་དྲུག་ངེས་ལ དེ་ཡང་རྒྱུ་ཡི་སྒོ་ནས་འབྱུང་བ་ས་ཆུ་གཉིས་ཤས་ཆེ་བས་རོ་མངར་བ་དང་མེ་ས་གཉིས་ཤས་ཆེ་བས་རོ་སྐྱུར་བ་དང་ཆུ་མེ་གཉིས་ཤས་ཆེ་བས་རོ་ལན་ཚྭ་བ་དང་ཆུ་དང་རླུངགཉིས་ཤས་ཆེ་བས་རོ་ཁ་བ་དང་ །མེ་རླུང་གཉིས་ཤས་ཆེ་བས་རོ་ཚ་བ་དང་ས་རླུང་གཉིས་ཀྱིས་རོ་བསྐ་བ་བཅས་རོ་དེ་ལྟར་འབྱུང་བ་དྲུག་སྐྱེདདོ

དེ་ཡང་འབྱུང་བཞི་དབང་གིས་ས་ཤས་ཆེ་བས་སྨན་ནི་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམསྟེ་ནུས་པ་དྲུག་དང་ལྡན བྱེད་ལས་ལུས་མཁྲང་ལ་བརྟས་པ་དང་གོང་བུར་སྡུད་པར་བྱེད་ཅིང་རླུང་ནད་སེལ། །ཆུ་ཤས་ཆེ་བའི་སྨན་གྱི་ནུས་པ་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེནཔ་སྟེ་ནུས་པ་དྲུག་ལྡན བྱེད་ལས་ལུས་བརླན་ཞིང་རེག་བྱ་འཇམ་ལ་སྡུད་པར་བྱེད་ཅིང་མཁྲིས་པའི་ནད་སེལ། །མེ་ཤས་ཆེ་བའི་སྨན་གྱི་ནུས་པས་ནི་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོབ་སྟེ་ནུས་པ་བདུན་ལྡན བྱེད་ལས་ལུས་དྲོད་སྐྱེད་ལ་ལུས་ཟུངས་སྨིན་ཅིང་ཁྲག་མདོག་དམར་བ་སོགས་བྱེད་ལས་བད་ཀན་སེལ། །རླུང་ཤས་ཆེ་བའི་སྨན་གྱི་ནུས་པ་ནི་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམཔ་སྟེ་ནུས་པ་དྲུག་ལྡན བྱེད་ལས་ལུས་སྲ་ཞིང་བསྐྱོད་པ་དང་ལུས་ཟུངས་བདུན་ཀུན་ལ་ཁྱབ་པར་བྱེད་ནད་བད་མཁྲིས་སེལ། །ནམ་མཁའ་ཤས་ཆེ་བ་ནི་འབྱུང་བཞིའི་སྨན་ལ་སྤྱིར་ཁྱབ་སྟེ། ནུས་པ་ལུས་ཀྱི་བུ་ག་ཁོང་སྟོང་ཡངས་པའི་གོ་སྐབས་འབྱེད་ཅིང་འདུས་པའི་ནད་སེལ།

དེ་བས་སྨན་རོ་རེ་ལ་དངོས་དང་འགའ་ཟུང་སྦྱར་བའི་དབང་དུ་གྱུར་བ་ལས། །ས་སྟེང་འདི་ན་སྨན་མིན་ཅི་ཡང་ཡོད་མ་ཡིནཤེས་ན་ཐམས་ཅད་སྨན་ཡིན་པས་སོ སྐྱུག་པ་གྱེན་དུ་འདྲེན་པའི་སྨན་ནི་མེ་དང་རླུང་ཡིན་ཏེམེའི་ཆོས་ཉིད་གྱེན་དུ་འབར་བ་དང་རླུང་ནི་གཡོ་བས་འབྱིན་པ་སྨན་གྱི་རོ་ཕལ་ཆེར་ཚ་བ་མང་ སྦྱངས་པ་ཐུར་དུ་འགྲོ་བའི་སྨན་ནི་ས་དང་ཆུ་ལས་བྱུང་བའི་ཕྱིརས་སྲ་བརྟན་དང་ཆུ་འཐུར་དུ་འབབ་པ་ཆོས་ཉིད་ཡིན་ལ བཤལ་སྨན་གྱིས་སྐྱུགས་ནི་དན་སླ་ཞིང་དཀྲུགས་ནས་སྨན་མ་ཞུ་བའི་གནས་ན་ཡོད་པའི་དབང་གིས་ཡིན་ལ། ཞུ་ནས་ས་ཆུའི་ནུས་པས་སྐྱུགས་པ་མི་སྲིད་དོ། སྦྱོང་བྱེདབཀྲུ་སྨན་ཕལ་ཆེར་དང་པོའི་རོ་མངར་བ་ལས་འབྱུང༌མང་ངོ

རོ་ནི་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ། དེ་རྣམས་སྦྱོར་ཚུལ་གོ་རིམ་བཞིན་དུ་མ་ལོག་པར་བྱས་ན་ལུས་འཚོ་བར་བྱེད་ཅིང་སྟོབས་ཆེན་པོ་དང་ལྡན་པ་ཡིནནོ རོ་དེ་དག་གི་ངོ་བོ་ནི་ལྕེ་ལ་གསལ་བས་རོ་ཞེས་བྱབར་བཏགས་ཏེ །དེ་ཡང་མངར་བའི་རོ་དེ་ལྕེ་ཡིས་མྱངས་པའི་ཚེ། །ཁ་ལ་ཆགས་ཤིང་ཞིམ་པས་སྲེད་པ་སྐྱེ། །སྐྱུར་བ་སོ་བརྩེ་བཞིན་སྡུད་ཁ་ཆུ་འཛག །ལན་ཚྭ་རེག་ན་ཚ་ཞིང་མཆིལ་མ་འདུ། །ཁ་བ་ཁ་ཡི་དྲི་སྦྱོང་ཡི་ག་ལྡོག །ཚ་བ་ཁ་ལྕེ་བསྲེག་ཅིང་མིག་ཆུ་འཛག །བསྐ་བ་ལྕེ་རྐན་ལ་ཆགས་རྩུབ་སྙམ་བྱེད།

རོ་དྲུག་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་སོ་སོ་སྨན་གྱི་སྡེ་བསྟན་པལས དང་པོ་མངར་བ་ནི་ཤིང་མངར་རྒུན་འབྲུམ་གུར་ཀུམ་ཅུ་གང་དང༌། །དོང་ག་ར་མཉེ་ཉེ་ཤིང་ལྕ་བ་དང༌། །ཀ་ར་བུ་རམ་སྦྲང་དང་ཤ་མར་སོགས། །དེ་དང་དེ་འདྲ་མངར་བའི་སྨན་སྡེ་ཡིན།

གཉིས་པ་སྐྱུར་བ་ནི་སེ་འབྲུ་སྟར་བུ་བསེ་ཡབ་སྐྱུ་རུ་ར། །རྒྱ་ཤུག་ད་ཏྲིག་ཞོ་དར་ཆང་དང་རྩབས། །དེ་དང་དེ་འདྲ་ལ་སོགས་སྐྱུར་བའི་སྡེ།

གསུམ་པ་ལན་ཚྭ་ནི་རྒྱམ་ཚྭ་རྒྱ་ཚྭ་ལྕེ་མྱང་ཚྭ་དང་ནི། །རྭ་ཚྭ་ཁ་རུ་ཚྭ་དང་ཙབས་རུ་ཚྭ། །ཟེ་ཚྭ་ལྦ་ཚྭ་མཛེ་ཚྭ་ཐལ་ཚྭ་དང༌། །ཤིང་ཚ་ཡ་བཀྵ་ར་བུལ་ཏོག་རྣམས། །དེ་དང་དེ་འདྲ་ལ་སོགས་ལན་ཚྭའི་སྡེ།

བཞི་པ་ཁ་བ་ནི་ནིམ་པ་ཏིག་ཏ་བོང་ང་དཀར་པོ་དང༌། །ཧོང་ལེན་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །གླ་རྩི་མཁྲིས་པ་སྐྱེར་པ་བ་ཤ་ཀ །བྲག་ཞུན་ཀྱི་ལྕེ་རེ་སོན་ལ་སོགས་པ། །དེ་དང་དེ་འདྲ་ཁ་བའི་སྨན་སྡེ་ཡིན།

ལྔ་པ་ཚ་བ་ནི་ན་ལེ་ཤམ་དང་བཅའ་སྒ་པི་པི་ལིང༌། །སྒ་གཤེར་ཤིང་ཀུན་སྲུབ་ཀ་ལྕེ་ཚ་བ། །དྭ་བ་བཙོང་དང་སྒོག་སྐྱ་ལ་སོགས་པ། །དེ་དང་དེ་འདྲ་ཚ་བའི་སྨན་སྡེ་ཡིན།

དྲུག་པ་བསྐ་བ་ནི་ཙན་དན་ཨ་རུ་ར་དང་བ་རུ་ར། །ལེའུ་ཉི་ཤུ་པར་ཨ་རུ་ར་རོ་ལྔ་ལྡན་དུ་གསུངས་ནས་འདིར་བསྐ་བའི་རོ་རྐྱང་པར་བཞག་པ་འགལ་ལོ་ཞེས་ན་བསྐ་བ་ཤས་ཆེ་བའི་དབང་གིས་དེ་ལྟར་བཞག་གོ །ཨུཏྤལ་ག་དུར་སྨག་དང་མོན་ཆ་ར། །འོམ་བུ་ལ་སོགས་དེ་འདྲ་བསྐ་བའི་སྡེ།

མདོར་ན་ག་བུར་མངར་ཁ་ལྡན་ཆུ་མ་ཙི་ལ་མངར་སྐྱུར་ལྡན་པ་ལ་སོགས་པ་ཡི། །ལྡན་པའི་རོ་རྣམས་དེ་ལས་བསྒྲེས་ཏེ་དཔྱད།

ནད་གང་སེལ་བ་རོ་ཡི་ལས་བསྟན་པ། རོ་མངར་བས་རླུང་མཁྲིས་དང་སྐྱུར་བས་བད་རླུང་དང་ལན་ཚྭ་བས་རླུང་རྐྱང་པ་དང་ཚ་བས་རླུང་དང་བད་ཀན་ལྡན་པས་ནད་འཇོམས་ཤིང༌། རོ་ཁ་བས་མཁྲིས་པ་རྐྱང་པ་དང་མངར་བས་མཁྲིས་རླུང་དང་བསྐ་བས་བད་མཁྲིས་ལྡན་པ་སེལ། རོ་ཚ་བས་བད་ཀན་རྐྱང་པ་དང་སྐྱུར་བས་བད་མཁྲིས་ལྡན་པ་དང་ལན་ཚྭས་བད་ཀན་དང་རླུང་ལྡན་པ་སེལ་བར་བྱེདདོ དེ་ལྟར་རྐྱང་པ་དང་ལྡན་པ་མ་སྦྱར་ནས་འདུས་པ་ནི། རྐྱང་པ་གསུམ་ལྷན་ཅིག་ཏུ་སྦྱར་རམ་ལྡན་གསུམ་རྐྱང་གསུམ་དྲུག་ཀ་གཅིག་ཏུ་སྦྱར་ཡང་བཏུབ་ཅེས་འགྲེལ་པ་འབུམ་ཆུང་གསལ་སྒྲོན་ནོར་བུའི་ཕྲེང་པ་ལས་བཤད་པ་ལྟར་རོ།

ཁྱད་པར་རོ་མངར་བས་འཕྲོད་ཅིང་ཟུངས་སྟོབས་སྐྱེད། །རྒས་བྱིས་སྐེམ་པོ་གྲེ་བ་གློ་ལ་ཕན། །ལུས་བརྟས་རྨ་འབྱོར་མདངས་བཀྲ་དབང་པོ་གསལ། །ཚེ་རིང་འཚོ་བྱེད་དུག་དང་རླུང་མཁྲིས་སེལ། །བསྟེན་དྲགས་བད་ཀན་ཚིལ་སྐྱེད་མེ་དྲོད་འབྲི། །ལུས་སྦོམ་གཅིན་ནད་ལྦ་བ་རྨེན་བུ་སྐྱེད།

རོ་སྐྱུར་བས་དྲོད་སྐྱེད་ཡི་ག་འབྱེད་པ་དང༌། །ཚིམ་འདྲུལ་གཅོད་བྱེད་འཇུ་ཞིང་རེག་པ་སེལ་སྐྱུར་བའི་དུག་ལུམ་བྱུགས་པ་སོགས་ཀྱིས་ཚད་པ་ཞི །རླུང་འགགས་རྒྱུ་ཞིང་བསྟེན་དྲགས་ཁྲག་མཁྲིས་སྐྱེད། །ལུས་ལྷོད་རབ་རིབ་མགོ་འཁོར་སྐྱ་རྦབ་འོར། །མེ་དབལ་གཡན་པ་ཐོར་བུ་སྐོམ་ནད་དང་རིམས་སྐྱེད།

རོ་ལན་ཚྭས་ལྟེ་བ་སྲ་ཞིང་རླུང་ནད་ལྟ་བུའི་རླུང་འཁྱིལ་བ་དང་དྲི་མ་འགགས་པ་མར་འབྱིན་པ་དང༌། །དུགས་ཀྱིས་རྔུལ་འདོན་པ་དང་དྲོད་སྐྱེད་ཡི་ག་འབྱེད། །བསྟེན་དྲགས་སྐྲ་འབྱི་སྐྲ་དཀར་གཉེར་མ་མང༌། །སྟོབས་འབྲི་ཤ་སྐོམ་མཛེ་མེ་དབལ་ཁྲག་མཁྲིས་སྐྱེད།

རོ་ཁ་བས་ཡི་ག་འཆུས་དང་སྲིན་དང་སྐོམ་དད་དུག །མཛེ་དང་བརྒྱལ་དང་རིམས་རློན་སྐྱུགས་མཁྲིས་པ་འཇོམས། འདྲུལ་སྟེ་རུལ་བའི་རྣམ་པ་ཅན་ལུས་ལ་ཡོད་པ་དང་ཚིལ་ཞག་རྐང་མར་བཤང་གཅི་རྣམས་སྐེམ།ཡིད་གཞུངས་ནུ་མའི་ནད་དང་སྐད་འགགས་སེལ། །བསྟེན་དྲགས་པས་ཟུངས་འཛད་རླུང་དང་བད་ཀན་སྐྱེད།

རོ་ཚ་བས་ལྐོག་ནད་གག་པ་མཛེ་འོར་སེལ། །རྨ་འཇིག་དྲོད་སྐྱེད་འཇུ་བྱེད་ཡི་ག་འབྱེད། །ཚིལ་དང་འདྲུལ་བག་སྐེམ་སྦྱོང་རྩ་སྦུབས་འབྱེད། །བསྟེན་དྲགས་ན་ཁུ་བ་སྟོབས་ཟད་ལུས་འཁུམས་འདར། །བརྒྱལ་ཞིང་རྐེད་པ་རྒྱབ་སོགས་ན་བར་བྱེད།

རོ་བསྐ་བས་ཁྲག་མཁྲིས་ཚིལ་དང་འདྲུལ་བག་སྐེམ། །རྨ་འཚོ་ཚིལ་དང་ལྤགས་མདོག་དྭངས་པར་བྱེད། །བསྟེན་དྲགས་བེ་སྣབས་འཁྱིལ་དང་བཤང་བ་སྲི། །ལྟོ་སྦོ་སྙིང་ནད་སྐེམ་དང་རྩ་སྒོ་འགག

དེ་དག་ཐམས་ཅད་མདོར་བསྡུས་ཏེ་བཤད་ན་མངར་བའི་རོ་ཡིས་རླུང་མཁྲིས་སེལ། །ནས་རྙིང་སྐམ་སའི་ཤ་རྣམས་མ་གཏོགས་པ། །ཕལ་ཆེར་བད་ཀན་སྐྱེད་པར་བྱེད་ན་ཡང༌། །གཡག་རྒོད་ཉ་ལུག་ཤ་དང་སྦྲང་རྩི་ཕན། རོ་སྐྱུར་བས་བད་ཀན་སེལ་བར་བྱེད་ཅིང་མཁྲིས་པ་སྐྱེད་ཀྱང༌། །སྐྱུ་ར་ར་ཡིས་ཁྲག་མཁྲིས་ཚ་བ་སེལ། རོ་ལན་ཚྭས་རླུང་དང་བད་ཀན་སེལ་བྱེད་ཅིང༌། །ལྕེ་མྱང་རྒྱམ་ཚ་མ་གཏོགས་ཚྭ་ཐམས་ཅད་ཀྱི་མཁྲིས་པ་སྐྱེད། །ཧ་ཅང་ཐལ་དྲགས་ལྕི་བས་བད་ཀན་སྐྱེད། །ཁ་བས་མཁྲིས་སེལ་བད་རླུང་སྐྱེད་ན་ཡང༌། །ཀ་རཉྫ་དང་སླེ་ཏྲེས་བད་རླུང་སེལ། །ཚ་བས་རླུང་དང་བད་ཀན་སེལ་བྱེད་ལ །སྒོག་སྐྱ་པི་པི་ལིང་མིན་མཁྲིས་པ་སྐྱེད། །ཧ་ཅང་ཐལ་དྲགས་ཡང་རྩུབ་རླུང་ཡང་སྐྱེད། རོ་བསྐ་བས་མཁྲིས་སེལ་ཨ་རུ་བ་རུ་ར། །མ་གཏོགས་བསྐ་བ་ཕལ་ཆེར་གྱིས་བད་རླུང་གཉིས་ལ་གནོད། དེ་དག་ཐམས་ཅད་ཞུ་རྗེས་ཕོ་བའི་མེ་དང་ཕྲད་པའི་ཚེ། །བད་ཀན་མྱག་བྱེད་མཁྲིས་པ་འཇུ་བྱེད་རླུང་མེ་མཉམ་ྱིས་རིམ་པར་ཞུ་བ་ལས།

རོ་མངར་བ་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། རོ་མངར་བ་ས་ཆུ་ལས་སྐྱེས་པ་ཞུ་རྗེས་ཀྱང་མངར་བ་ཉིད་དུ་ཞུ་བ་དང་ལན་ཚྭ་མེ་ཆུ་ལས་སྐྱེས་ཀྱང་ཞུ་བའི་ཚེ་མེ་སྟོབས་སྒྱུར་འགྲོ་བས་མངར་བ་རང་ཞུ། ས་མེ་ལས་སྐྱེས་པ་ཞུ་རྗེས་སྐྱུར་བ་ཞུ་བ་རོ་དང་མཚུངས་པ་དང་། རོ་ཁ་བ་དང་ཚ་བ་དང་བསྐ་བ་གསུམ་ཞུ་རྗེས་དེ་ཡང་ཁ་བ་ཆུ་རླུང་ལས་སྐྱེས་པས་ཞུ་རྗེས་ཀྱང་ཁ་བ་ཞུ། ཚ་བ་མེ་རླུང་ལས་སྐྱེས་ཀྱང་མེ་སྟོབས་བྲི་བས་ཁ་བར་ཞུ། བསྐ་བ་རླུང་ལས་སྐྱེས་ཀྱང་ཞུ་དུས་སྟོབས་ཆུང་འགྱུར་བས་ཁ་བར་ཞུ་བ་ཡིན་ཏེ་འདི་དག་ནི་རྒྱུ་ལ་དགོངས་པའོ།

དེས་ན་རླུང་མཁྲིས་བད་ཀན་ཉེས་པ་གསུམ་པོ་དེ་ལས་ཉེས་པ་གཉིས་གཉིས་ཞུ་རྗེས་རེ་རེས་སེལཏེ་ཉེས་པ་རླུང་དང་མཁྲིས་པ་ནི་ཞུ་རྗེས་མངར་བ་འཕེལ་བས་སེལ་བ་དང་། ཉེས་པ་བད་ཀན་དང་རླུང་ནི་ཞུ་རྗེས་སྐྱུར་བ་འཕེལ་བས་སེལ་ལ། ཉེས་པ་བད་ཀན་དང་མཁྲིས་པ་ནི་ཞུ་རྗེས་ཁ་བ་འཕེལ་བས་སེལ་ཞེས་པའོ། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རོ་དང་ཞུ་རྗེས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།