འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.12.2024 |
༄༅། །འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།
སྨན་རམས་པ་ཡེ་ཤེས་རྡོ་རྗེ།
ཨོཾ་ཨཐ།
ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།
ཉོན་མོངས་ནད་སེལ་སངས་རྒྱས་སྨན་གྱི་བླ།།
གངས་ཅན་དབུས་ན་མཁས་གྲུབ་སྐྱེས་ཆེན་ཚོགས།།
ཚེ་རབས་རྗེས་བཟུང་སྒོ་གསུམ་ཕྱག་གྱིའོ།།
སྨན་པའི་གཟུགས་སུ་བློ་རྨོངས་བླུན་པོ་བདག།
འཆད་རྩོད་རྩོམ་པའི་ལེགས་བཤད་དབུལ་ན་ཡང་།།
མྱུ་གུ་གཞོན་ནུར་ཆུ་ཐིགས་སྨན་བཞིན་དུ།།
འཚོ་བྱེད་བློ་གསར་ཕན་ཕྱིར་ཅུང་ཟད་སྤེལ།།
ལྷན་སྐྱེས་རྨའི་ཡ་གྱལ། མན་ངག་རྒྱུད་འབྲས་ནད་ལེའུར། དང་པོ་འབྲས་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། ཞེས་དང་། སྡེ་སྲིད་ལྷན་ཐབས་ལས། གཉན་རིམས་ཤ་རུས་རྩར་བེམ་འབྲས་ཞེས་པ།། རྒྱུ་ནི་གཉན་ཚད་སྤྱི་དང་འདྲ་བ་ལ།། དྲག་ཤུལ་རྐྱེན་དང་ས་བདག་ཀླུ་གཉན་འགྲས།། ངན་ཁྲག་ཆུ་སེར་རྐུན་བུ་ལ་སོགས་པ།། རླུང་བསྒྲིལ་ལུས་ཀྱི་ལྷན་སྐྱེས་སྲིན་དང་བསྡོངས།། ཞེས་གསུངས་པའི་གཉན་འབྲས་ནི། གཉན་རིམས་ཕྱི་ཤ་རུས་རྩ་ཡི་གནས་དང་། ནང་དོན་སྣོད་སོགས་ཀྱི་གནས་སུ་བེམ་པོར་སྐྲངས་ཤིང་དབྱིབས་འབྲས་བུ་འདྲ་བ་འབྱུང་བའི་ནད་ཅིག་ཡིན། དབྱེ་བ་བསྟན་པ་ལ། དབྱེ་བ་གནས་དང་ཉེས་པའི་རིགས་ཀྱི་དབྱེ།། གནས་ཀྱི་དབྱེ་བ་བསྟན་པ་ལ། གནས་ཀྱིས་དབྱེ་ན་ཕྱི་འབྲས་ནང་འབྲས་གཉིས།། ཕྱི་ལ་ཤ་རུས་རྩ་ཡི་འབྲས་དང་གསུམ།། ནང་འབྲས་གློ་སྙིང་མཆིན་མཆེར་མཁལ་མ་དང་།། ཕོ་བ་རྒྱུ་ལོང་གཞང་དང་ལྒང་པ་དགུ།། ཉེས་པ་རིགས་ཀྱི་དབྱེ་བ་བསྟན་པ་ལ།། དེ་རིགས་རླུང་མཁྲིས་ཁྲག་དང་བད་ཀན་དང་།། མཚོན་དང་བྱེ་འབྲས་དབྱེ་བ་བཅོ་བརྒྱད་བཤད།། ཕྱི་འབྲས་ཤ་འབྲས་ཉུང་བཤེར་འཁྱགས་པ་འདྲ།། རུས་འབྲས་རུས་པ་མདོག་འགྱུར་རྩི་ཉམས་ཟོས།། ཡང་ན་རུས་སྟེང་ལྕགས་ཀྱི་གཟེར་གཏབ་འདྲ།། རྩ་འབྲས་སྐྲངས་ཤིང་སྦྲུལ་ནག་ཁྲོས་པ་འདྲ།། ཁོང་འབྲས་སྐྲན་ལྟར་རེག་པ་སྲ་བའམ།། མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ།། སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར།། སྨན་དཔྱད་ཟླ་རྒྱལ་ལས།། ཤ་འབྲས་རྩ་འབྲས་རུས་འབྲས་དང་།། འདྲེ་འབྲས་ཁྲག་འབྲས་རླུང་འབྲས་སོ།། ཞེས་དབྱེ་བ་དྲུག་བསྟན་ཡོད། སྟག་ཚང་བས། འགྲམས་འཁྲུགས་དྭངས་མ་མ་སྨིན་པར།། ཁྲག་ངན་རྒྱས་ཏེ་རྩ་མིག་བྱེར།། རླུང་གི་བསྒྲིལ་ནས་བེ་འབྲས་ལྟར།། སྲ་ཞིང་མཁྲེགས་འགྱུར་འབྲས་ཞེས་བཤད།། ཅེས་གསུངས་སོ།།
རྒྱུ་རྐྱེན། རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས།། ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང།། རྐྱེན་དུས་གདོན་ཟས་སྤྱོད་བཞི་པོ་རང་གི་གནས་ནས་གཞན་གྱི་གནས་སུ་ཕྱིན་པ་དང་། ཁ་ཟས་དྭངས་སྙིགས་མ་སྨིན་པར་མྱགས་ཞུ་དྭངས་སྙིགས་ལེགས་པར་འབྱེད་པ་སོགས་ཀྱིས་ངན་ཁྲག་རྒྱས་ཏེ་རྩ་མིག་ལ་བྱེར་བ་ལ་ཉེས་པ་རླུང་གིས་གོང་བུར་བསྒྲིལ་ནས་རང་བཞིན་ལྷན་ཅིག་ཏུ་ལུས་སྟོད་སྨད་ཆ་ཤས་ངེས་མེད་དུ་སྐྲངས་པ་སྲ་མཁྲེགས་ཅན་ཆེ་ཆུང་ངེས་མེད་འབྱུང་བའོ།། འབྲི་གུང་པས། རྣག་དང་ཆུ་སེར་དཀྱིལ་དུ་འབྲས་ལྟར་སྐྱེས་པའོ།།
ལོ་ངོ་གཉིས་སྟོང་ལྷག་ནས་རིས་སུ་མ་མཆིས་པའི་འགྲོ་བ་ནད་པར་ཕན་ཐོགས་བསྒྲུབ་པའི་རང་རེ་བོད་ཀྱི་གསོ་བ་རིག་པ་འདི་ནི། དུས་རབས་དང་མཉམ་པའི་ནད་གཞི་གང་ལའང་སྨན་བཅོས་ཐུབ་ཀྱི་ཡོད་ཀྱང་། དུས་རབས་གསར་རྙིང་ནད་རིགས་ཇི་སྙེད་ཅིག་རང་རེ་གཞུང་ལ་ཡོད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། ཉེས་པ་རླུང་མཁྲིས་བད་ཀན་གསུམ། ནད་ཚ་གྲང་གཉིས། ལྷན་ཐབས་ཀྱི་གཉན་རིམས་བཅོ་བརྒྱད་ལ་སོགས་དེང་རབས་ཀྱི་ནད་གཞི་སྣ་ཚོགས་དང་རང་གི་ལག་གཡས་གཡོན་ཕན་ཚུན་སྦར་མོ་བཀབ་པ་ལྟ་བུ་ནད་གསར་རྙིང་དབར་ངོས་འཛིན་དཀའ་བ་མིན་ནམ་སྙམ།
གནའ་མོའི་གཞུང་ནང་མེད་པའི་ནད་རིགས་ཚབས་ཆེན་དུ་མ་ཞིག་སྤྱི་ཚོགས་ནང་བྱ་སྤྱོད་མི་གཙང་བ་དང་། ཉོན་མོངས་གདོན་གྱིས་བཏབ་པ་ལྟ་བུ་རང་རྒྱལ་གཞན་ཕམ། རང་གཅེས་པར་འཛིན་པའི་མེ་ཕུང་བློ་ལ་འདོད་ཆགས་དང་། ཞེ་སྡང་། ང་རྒྱལ། ཕྲག་དོག འགྲན་སེམས། རང་གི་དགོས་མཁོ་སྒྲུབ་ཆེད་སྲིད་པའི་ལྷ་ཀླུ་གཞི་བདག་དབང་བས་ས་གཉན་སློག རི་གཉན་བསྙིལ། ཆུ་གཉན་དཀྲུགས་ཤིང་གཉན་བཏུབ། རང་གི་ལྕེ་བྲོ་བ་སྲུང་ཆེད་རང་བཞིན་འབྱུང་བའི་ཁམས་ལ་གནས་པའི་འབུ་སྲིན་ཉ་སྦལ་བྱ་བྱིའུ་རི་དྭགས་སྒོ་ཕྱུགས་སེམས་ཅན་གྱི་སྲོག་འཕྲོག་པ། ཟས་གོས་གནས་མལ་སོགས་གང་ཡང་ཚན་རིག་ཕྱིའི་དངོས་པོ་ཡར་རྒྱས་མཐུན་རྐྱེན་ལ་བརྟེན་ནས་འཕྲལ་གྱི་བདེ་བ་ཕུགས་ཀྱི་བདེ་བར་འཁྲུལ་ནས་འདོད་རྔམ་འགྲན་སེམས་དབུལ་ཕྱུག་བར་གསུམ་ལ་མི་ཚེར་མ་ཚང་བ་མ་འདང་བ་མ་ཐོབ་པ་སྡུག་བསྔལ་བྱིས་པའི་རྩེད་ར་ཆགས་ཤིང་། རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན།། བདེ་ཉིད་སྡུག་བསྔལ་རྒྱུ་ཕྱིར་ཆོས་ལ་འབད།། འཁོར་བ་ཁབ་ཀྱི་རྩེ་མོ་ན་བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་པ་བཞིན་འཁོར་བའི་རྩེད་རྭར་བྱ་གཞག་གང་ཡང་རང་ཉིད་བདེ་བ་བསྒྲུབ་གཏོགས་ཡིན།
དེ་ལྟར་བདེ་བ་སྡུག་བསྔལ་ལུས་ཀྱི་གྲིབ་མ་ལྟ་བུ་མཉམ་པོར་ཡོད་བསྡད་པ་ཡིན། དེས་ན་གོང་གི་བཤད་ཟིན་རྒྱུ་མཚན་དང་དུས་འདིར་རང་ལུགས་དང་ཕྱི་ལུགས་དབར་གྱི་ནད་གསར་རྙིང་ཕན་ཚུན་ནད་ངོས་འཛིན་སྟངས་ལ་ཁྱད་པར་ཡོད་སྲིད་པས། གནའ་མོ་རང་རེ་གཞུང་ལ་བཤད་པ་ལྷན་སྐྱེས་རྨའི་ཡ་གྱལ་འབྲས་ནད། སྡེ་སྲིད་ལྷན་ཐབས་ལས་གསུངས་པའི་གཉན་འབྲས། རྒྱུད་བཞིའི་མན་རྒྱུད་འབྲས་ནད། འདིའི་རིགས་ནི་དེང་སྐབས་ཀྱི་འབྲས་ནད་ཚབས་ཆེན་དང་ཁྱད་པར་ཆེན་པོ་ཡོད་སྲིད་སྙམ། རྒྱུ་མཚན་ནི་དུས་རབས་མང་པོའི་འགྱུར་བས་ནད་དེའི་རྐྱེན་ཟས་སྤྱོད་ལ་སོགས་པ་གནའ་མོ་ཟས་གོས་གནས་མལ་དང་བསྡུར་ན། དེང་འདིར་ཟས་གོས་གནས་མལ་གང་ལའང་བག་མེད་ལོངས་སྤྱོད་ཐལ་བ། ཟས་གོས་གནས་མལ་གང་ལའང་ཚན་རིག་གི་དུག་ཤེད་ཆེ་བའི་རྫས་སྦྱོར་སྣ་ཚོགས་བཅོས་མའི་བཟའ་བཏུང་ཚད་ལས་འདས་པ། སྲོག་ཆགས་འབུ་སྲིན་ཟས་རིགས་ཚད་ལས་འདས་པ། སྒོ་ཕྱུགས་རི་དྭགས་ཀྱི་ཤ་རིགས་ཚད་ལས་འདས་པ། བཅོས་མའི་རྫས་སྦྱོར་དུས་བཀག་ཤོག་ཆག་ཟས་རིགས་ཚད་ལས་འདས་པ། འཛམ་གླིང་མི་འབོར་གཞིར་བཟུང་ས་ཞིང་གི་འབྲུ་རིགས་ཤིང་འབྲས་ལོ་ཏོག་གང་ལའང་འབུ་སྐྱོན་མི་བྱུང་ཐོན་འབབ་འབོར་ཆེན་ཡོང་ཆེད་དུག་ཤེད་ཆེ་བའི་རྫས་སྦྱོར་སྨན་ཁུ་མང་པོ་བེད་སྤྱད་པ། རང་གི་ཁང་ཁྱིམ་གོས་མལ་སོགས་གང་ཡང་ཚན་རིག་བཅོས་མའི་རྫས་སྦྱོར་གྱིས་བསྒྲུབ་བཞག་པ། སྣོད་བཅུད་ཀྱི་འཇིག་རྟེན་ཁམས་དེ་ཉིད་ཆགས་འཇིག་ཉེས་ཚབས་ཆེ་བའི་སྔར་མེད་མཁའ་རླུང་འབག་བཙོག་སོགས་ལྔ་བརྒྱའི་སྙིགས་མའི་དུས་དེར་རྐྱེན་ངན་དུ་མ་ཡིས་དུག་ཅན་སྲིན་འབུ་དུག་གི་བསྐྱེད་པ་ལྟ་བུ། སྔར་མེད་པའི་ནད་རིགས་ཚབས་ཆེན་དུ་མ་དར་དང་དར་བཞིན་ཡོད་ཅིང་། དེས་ན་དུས་འདིར་རང་ལུགས་དང་ཕྱི་ལུགས་དབར་འབྲས་ནད་རིགས་ལ་ཕན་ཚུན་ནད་ཤུགས་ཚབས་ཆེ་ཆུང་མ་ཚད་གནའ་སྔ་མོ་འབྲས་ནད་དང་ད་ལྟ་གཅིག་མཚུངས་ངོས་འཛིན་གནང་ན་ཡང་། གནའ་སྔ་མོའི་རྐྱེན་ཟས་སྤྱོད་སོགས་ཉམ་ཆུང་བས་ནད་གཞི་ཡང་བཅོས་སུ་སླ་བ། ནད་ཚབས་ཆུང་བའི་ནད་མནར་མཁན་ཡང་ཉུང་ཤས་ལས་མེད་པ། དེང་རབས་ཕྱི་ལུགས་ཀྱི་འབྲས་ནད་ནི་མི་བཅུ་ནང་ནས་གཅིག་ལ་འབྲས་ནད་ཡོད་པ། དེ་ཡང་ནད་གཞི་ཚབས་ཆེ་བ་བཅོས་དཀའ་བ་དང་། ཕྱི་ལུགས་ཡིག་ཆ་ཁག་ལ་བཅོས་ཐབས་མེད་པ་ཡང་བཤད་ཡོད། ཕྱི་ལུགས་ལ་འབྲས་ནད་རིམ་པ་བཞིའི་སྒོ་ནས་ནད་གཞི་ཚབས་ཆེ་ཆུང་དབྱེ་བར་བྱེད་ཅིང་། འབྲས་ནད་རིམ་པ་དང་པོ་གཉིས་པ་ནི་ཚབས་ཆུང་ཞིང་བཅོས་ཐབས་སླ་བར་བཤད། འབྲས་ནད་རིམ་པ་གསུམ་པ་དང་བཞི་པ་ནི་ཉེན་ཚབས་ཆེ་ཞིང་ནད་གཞི་གནས་དང་པོ་དེ་ཉིད་ལུས་ཀྱི་གནས་གཞན་དོན་ལྔ་སྣོད་དྲུག་སྟོད་སྨད་བར་གསུམ་དང་ནུ་མ་བུ་སྣོད་གཞང་སོགས་ལ་ཁྱབ་པ་དང་། དུས་ངེས་ཅན་དུ་འཆི་བ་དང་། བཅོས་ཀྱང་སེང་དྲག་ངེས་པ་མེད་པ་དང་། འཆི་ཞགས་བཅིངས་པའི་ནད་གཞི་ཚབས་ཆེན་ཞིག་ཡིན།
འབྲས་ནད་བཅོས་ཐབས་སྐབས་ནང་ཚན་དགོས་མཁོ།
དེང་རབས་འཛམ་གླིང་ཕྱི་དངོས་པོའི་མཐུན་རྐྱེན་གང་ས་ཅི་ཐད་ནས་ཚན་རིག་གི་ཉམས་ཞིབ་ཐོག་བསྒྲུབ་ཡོད་པ་དང་། ཚན་རིག་གི་རིག་རྩལ་ཚད་མཐོ་བས་འཛམ་གླིང་གི་གླིང་གཟའ་ཟླ་བ་མིག་དམར་སོགས་ལ་འཕུར་བསྐྱོད་བྱས་ཐུབ་ཀྱང་འབྲས་ནད་དེར་དུས་ད་ལྟའང་སྨན་བཅོས་མཐིལ་ཕྱིན་པ་མེད་པས། ནད་པ་དབུལ་ཕྱུག་བར་གསུམ་གྱི་ནད་དེར་འཇིགས་སྐྲག་དངངས་ཚབས་སེམས་གདུང་ཆེན་པོ་ཡོད་པ། ནད་དེ་བཏབ་ན་དུས་ཚོད་མྱུར་པོ་ངེས་ཅན་ཅིག་ནང་འཆི་རྒྱུ་ཡིན་པ་ཡོངས་གྲགས་དང་། སྨན་བཅོས་ཐབས་ཤེས་ཡོད་རྒུ་གནང་ཡང་ནད་སེང་དྲག་ཡོང་དང་མི་ཡོང་ཐེ་ཚོམ་ཡིན་པ་མ་ཚད་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ། ནང་མི་བུ་ཕྲུག་གཉེན་ཚན་དེ་དག་ལའང་སེམས་འཚབ་ཡོང་གི་ཡོད་པ། མདོར་ན་ནད་པ་དང་གཉེན་འཁོར་ཚང་མ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོའི་ནང་ལྷུང་བ་ལྟ་བུ་དེ་ནས་ཐར་མ་ཐར་གནས་སྐབས་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱིས་གཟིར་བ་ཡིན། འཛམ་གླིང་མི་རིགས་ཆོས་ལུགས་གང་ཡང་ནད་གཞི་འདིའི་ཐོག་སེམས་གདུང་སྡུག་བསྔལ་བྱེད་སྟངས་དང་སྨན་བཅོས་ཀྱི་དྲག་བསྐྱེད་ཇི་ཙམ་ཡོད་མེད་ཡོངས་གྲགས་གཅིག་མཚུངས་ཡིན་ཅིང་། གཞན་ཡང་འབྲས་ནད་བཅོས་ཐབས་སྐབས་རྒྱུ་མཚན་གནད་འགག་བསམ་བློ་དགོས་པ་ནི་ནད་པ་དེར་འཆི་ཞགས་ཀྱིས་བཅིངས་པའི་ན་ཚ་སྡུག་བསྔལ་གྱིས་ཉིན་ནས་ཉིན་དང་། བདུན་ཕྲག་ནས་བདུན་ཕྲག་དང་། ཟླ་བ་ནས་ཟླ་བ་ཤ་སྐམ་རུས་སྐམ་ལུས་སེམས་གཉིས་ཀ་ཟད་པར་བྱེད་པའི་རྒྱུ་མཚན་གྱིས་མདངས་ནི་སེམས་ལ་སྡུག་བསྔལ་ཟད་དེ། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་དེ། སྙིང་ལ་གནས་ཤིང་ཚེ་གནས་གཟི་མདངས་བཀྲག་དང་ལྡན་པ་བྱེད། ལུས་སྟོབས་ཀྱི་སྙིང་པོ་མདངས་ཇི་ཙམ་ཉམས་ན་དེ་ཙམ་ཚེ་ལ་བར་ཆད་ཆེ་ཞིང་། ཕྱི་ལུགས་སུ་འབྲས་ནད་ཀྱི་ཕྲ་ཕུང་གིས་ལུས་ཀྱི་ཕྲ་ཕུང་བདེ་ཐང་ཅན་དེ་ཚོ་གང་མྱུར་དབང་བསྒྱུར་བྱས་ཏེ། དཔེར་ན་འོ་མར་དུག་བསྲེས་པ་ལྟ་བུ། ནད་གཞི་ཇེ་སྡུག་ཏུ་ཚབས་ཆེན་ཁྱབ་འགྲོ་བ་ནི་གོང་གི་རྒྱུ་མཚན་གཉིས་ཀྱིས་ཕན་ཚུན་འགྲོགས་ངན་བྱས་ཏེ་མེ་འབར་ཤིང་བསྣན་ལྟ་བུ་ནད་ཀྱི་མེ་ཕུང་ཆེན་པོ་ཡིན་པ་ཤེས་ན་གསོད་ཐབས་པོ་བརྒྱལ་ཁར་རྨོ་སྦུད་རྒྱབ་བཤད་པ་བཞིན་ནོ།།
བོད་སྨན་གྱི་འབྲས་ནད་ནད་གཞིའི་རྒྱུ་རྐྱེན་རྒྱུ་མཚན་བསམ་བློ་གཞིར་བཞག་གིས་དམིགས་བཀར་འབྲས་ནད་རིམ་པ་དང་པོ་ནས་བཞི་པ་བར་གྱི་དོན་ལྔ་སྣོད་དྲུག་ནུ་མ་བུ་སྣོད་ལུས་ཀྱི་སྟོད་སྨད་ཕྱི་ནང་གང་དུ་ཁྱབ་ཡོད་ཀྱང་། དེ་གཞིར་བཟུང་སྨན་མཉམ་ནད་པའི་ཕོ་བ་དང་ཟུངས་གསོ་པའི་སྨན་ཟླ་བདུད། དྭངས་བཙོ། བཙོ་བཀྲུ་སོགས་དང་། རླུང་སྨན་ཚངས་ལྷ། ཨར་ཀླུ ཨར་ཚེས་སོགས་བཏང་ན་ཕན་པ་ཆེ། ཕྱི་ལུགས་ལའང་འབྲས་ནད་བཅོས་ཐབས་རིགས་གཅིག་ལ་ Immunotherapy ཞེས་གལ་ཆེན་རྩིས་ཏེ་སྨན་བཅོས་གནང་གི་ཡོད་ཀྱང་། རང རེ་གསོ་བ་རིག་པའི་བཅོས་ཐབས་འདི་ལྟ་བུ་སྔ་ས་ནས་ཡོད་བསྡད་པ་ཡིན།
ཕྱི་ལུགས་འབྲས་ནད་ནད་གཞི་འཕེལ་སྟངས་དང་དྲག་བསྐྱེད་དཀའ་བས་རྫས་འབྱོར་གྱིས་སྨན་བཅོས་ཧ་ཅང་ཤུགས་ཆེན་གནང་སྐབས་ཕོ་མཆིན་མཁྲིས་པ་བཤལ་སྐྱུག་ལུས་ངལ་མི་བདེ་བ་སོགས་ཟུར་ཕོག་དཀའ་ངལ་རིགས་ལ་བོད་སྨན་གཏོང་ན་ཕན་ཆེ། དེ་མ་ཟད་གློ་གཅོང་ TB/MDR/XDR སྨན་བཅོས་སྐབས་ལའང་ཕྱི་ལུགས་སྨན་བཅོས་ཟུར་ཕོག་རིགས་ལ་བོད་སྨན་གཏོང་ན་ཕན་པ་ཆེན་པོ་ཡོད།
དེ་ཡང་བོད་སྨན་གྱི་འབྲས་ནད་དྲག་སྐྱེད་ཇི་ཙམ་ཡོད་མེད་ཞུས་ན། བོད་སྨན་བཅོས་ཐབས་ཆེད་ཕེབས་མཁན་འབྲས་ནད་ནད་པ་ཕལ་ཆེར་རིམ་པ་གསུམ་པ་བཞི་པ་དང་ནད་ལོག་བརྒྱབ་མཁན། དཔལ་འབྱོར་དཀའ་ངལ་ཡོད་བསྡད་པ། འབྲས་ནད་རིམ་པ་དང་པོ་ནས་བཞི་པ་བར་ནད་པ་མང་པོ་ཞིག་དྲག་སྐྱེད་རེ་བར་ཕྱི་ལུགས་སྨན་ཁང་གི་སྨན་པ་ཚོས་སྨན་བཅོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དྲག་སྐྱེད་རེ་བ་དེ་ཙམ་མེད་སྐབས། ནད་པ་འདི་རིགས་བོད་སྨན་བསྟེན་གཏུགས་ཆེད་ཕེབས་སྐབས་ནད་པ་དང་ནད་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་པོ་འགྱུར་ཟིན་ཞིག་ཡིན་ཙང་། བོད་སྨན་གྱིས་དྲག་བསྐྱེད་ཆེན་པོ་ཡོང་དང་མི་ཡོང་ཐེ་ཚོམ་ཡིན་ཡང་། བོད་སྨན་བཅོས་སྐབས་གཟུགས་གཞིའི་རྨང་གཞིའི་གནས་སྟངས་བདེ་རུ་གཏོང་བ་དང་། འབྲས་ནད་ཀྱང་དྲག་སྐྱེད་གང་འཚམ་ཡོང་བ་དང་ཚེ་བསྲིང་བ་སོགས་བོད་སྨན་གྱིས་ཕན་བསྐྱེད་ཡོང་བཞིན་ཡོད།
འབྲས་ནད་ཙམ་མ་ཡིན་པར་རྒྱ་གར་དང་ཕྱི་རྒྱལ་ནད་པ་རྣམས་ནད་གཞི་དྲག་བསྐྱེད་དཀའ་བ་མང་ཐག་ཅིག་ཕྱི་ལུགས་སྨན་ཁང་དུ་སྨན་པ་འདྲ་མིན་བསྟེན་ནས་དྲག་བསྐྱེད་མེད་སྐབས། ཐ་མ་བོད་སྨན་ལ་བསྟེན་གཏུགས་ཕེབས་སྐབས་ཕན་པ་མང་པོ་ཡོད་པ། མི་ཕན་ཡང་མང་པོ་ཡོད་པ། ཅུང་ཟད་ཕན་པ་ཡོད་པ། དྲག་བསྐྱེད་གང་འཚམ་བྱུང་བ་སོགས་སྣ་ཚོགས་ཡོད།
རྒྱ་གར་དང་། ཕྱི་རྒྱལ་ཁག ཧི་མཱ་ལ་ཡའི་ཁུལ་དང་། བོད་རིགས་འབྲས་ནད་ཕོག་པའི་ནང་མིས་བོད་པའི་སྨན་པ་ལ་ཕྱི་ལུགས་ཀྱི་སྨན་བཅོས་ཀེ་མོ་བཤགས་གཅོད་དང་། སྨན་འདྲ་མིན་སོགས་བོད་སྨན་མཉམ་གཏོང་དགོས་ཡོད་དང་མེད། མཚམས་བཞག་ན་འགྲིག་གི་ཡོད་དང་མེད་ཅེས་བཀའ་འདྲི་གནང་སྐབས། སྨན་པ་རང་ཉིད་ལ་མིང་ཤས་མི་ཡོང་བ་དང་། སྨན་རྩིས་ཁང་ཚོགས་པ་ལ་མིང་ཤས་མི་ཡོང་བ་གནང་རྒྱུ་གལ་ཆེན་ཡིན། ཕྱི་ལུགས་སྨན་བཅོས་འདྲ་མིན་ངས་མི་ཤེས་པས་ཕྱི་ལུགས་སྨན་ཁང་སྨན་པར་བཀའ་དྲི་གནང་ན་ལེགས། ཡིན་ན་ཡང་ད་ལྟ་བོད་སྨན་ལ་བཅོས་ཐབས་རེ་བ་གནང་གི་ཡོད་དུས་ Chemo གཏོང་སྐབས་བོད་སྨན་ཉིན་ཤས་མཚམས་བཞག དེ་ནས་བོད་སྨན་མཆོད་ན་འབྲས་ནད་ནད་གཞི་དང་ཀེ་མོ་ཟུར་ཕོག་ལའང་ཡག་པོ་ཡོད་ཅེས་གསུངས་གནང་ན་རྒྱུ་མཚན་ཡོད།
དེ་བཞིན་འབྲས་ནད་ལས་མྱུར་ཏུ་དྲག་ཐབས་སུ་ཕྱི་ལུགས་སྨན་མཉམ་སྨན་ལུགས་འདྲ་མིན་རིགས་ཨཱཡུརྦེད་དང་། ཧེ་མེའོ་པེ་ཐི། ཡུ་ནཱ་ནི། བོད་སྨན་སོགས་གཏོང་ན་འགྲིག་མིན་བཀའ་འདྲི་གནང་ན་གཙོ་བོ་ནད་པའི་གཟུགས་གཞི་དང་ན་ཚོད་ལ་དཔགས་ཏེ་སྨན་ཐུན་མང་བས་ཉིན་རེར་གཏོང་དཀའ་བ་དང་། ཕྱི་ལུགས་སྨན་མཉམ་བོད་སྨན་ཁ་ཚང་མཆོད་ན་ཕན་ཐོགས་གསལ་པོ་ཡོད་པ་ཤེས་ཐུབ་པ་ཡིན།
ནད་པ་ལ་ལས་ཕྱི་ལུགས་སྨན་བཅོས་ལ་འདོད་པ་མེད་པ། ལོ་ན་མཐོ་བ། དཔལ་འབྱོར་གྱི་དཀའ་ངལ་སོགས་ཀྱིས་ཤི་གསོན་གང་བྱུང་ཡང་བོད་སྨན་བསྟེན་གཏུགས་གནང་གི་ཡིན་གསུང་སྐབས། བོད་སྨན་ལ་ཆ་ཚང་སྐྱབས་བཅོལ་དུས་སྨན་པ་རང་ཉིད་ཀྱི་བཅོས་ཐབས་ཉམས་མྱོང་ཡོད་རྒུ་གཅིག་ཏུ་སྤུངས་ཏེ་སྨན་བཅོས་གནང་དགོས་པ་དང་། རང་གི་མ་ཤེས་རྣམས་ཤེས་མཁན་རྒན་པ་རྣམས་ལ་ངེས་པར་བཀའ་འདྲི་གནང་དགོས་པ་དང་། ཡང་ནད་པ་ལ་ལས་འབྲས་ནད་རིམ་པ་བཞི་པ། ལུས་ཀྱི་ཕྱི་ནང་གང་སར་ཁྱབ་བཞིན་པ་ཕྱི་ལུགས་སྨན་ཁང་ནས་ཟླ་ཤས་མ་གཏོགས་དུས་ཚོད་མེད་བཤད་པ་གཞིར་བཟུང་ནང་མི་ནས་འབྲས་ནད་སྨན་བཅོས་རེ་བ་མེད་ཀྱང་སྐབས་ཐོག་ནད་པ་དཀའ་ངལ། ལྟོ་ཁམས་མེད་པ། གཉིད་མེད་པ། ལུས་ངལ་ཆེ་བ། མལ་ནས་ལངས་མི་ཐུབ་པ། ན་ཟུག་གཏོང་བ། དབུགས་ཆད་ཁར་ཚ་ཟུག་ན་ཟུག་ཆེན་པོ་མེད་པར་ལྷོད་ལྷོད་ངང་ཚེའི་འཕེན་པ་གཏང་ཐུབ་པའི་ཆེད་དུ་སྨན་བཅོས་གནང་རོགས་ཞེས་ནད་པའི་ནང་མིའི་རེ་བ་བཞིན་དུ་སྨན་བཅོས་གང་ཡོང་གནང་སྐབས་གོང་གི་དཀའ་ངལ་རྣམས་སེལ་བ་མ་ཟད་འབྲས་ནད་ཡང་དྲག་བསྐྱེད་ཕྱིན་པའི་གནས་ཚུལ་ཡང་ཡོད།
ཡང་འབྲས་ནད་ནད་པ་རིགས་གཅིག་རིམ་པ་གསུམ་པ་བཞི་པ་སླེབས་ཟིན་པ་ལ་འབྲས་ནད་ལོག་བརྒྱབ་ཅིང་། ཕྱི་ལུགས་སྨན་ཁང་ནས་སྨན་བཅོས་ཁག་པོ་ཡིན་པ་བཤད་ཟིན་ཡང་། བོད་སྨན་མ་བསྟེན་གོང་ནས་ཁྱེད་ཚོའི་སྨན་གྱིས་འབྲས་ནད་དྲག་སྐྱེད་ཁས་ལེན་ཇི་ཙམ་བྱས་ཐུབ་ཀྱི་རེད་དམ་ཞེས་དྲི་བ་བཏང་སྐབས། འབྲས་ནད་རིམ་པ་གསུམ་པ་བཞི་པ་ཡིན་པ་དང་དེ་ཡང་ལོག་བརྒྱབ་པའི་འབྲས་ནད་རིགས་ནི་ནད་གཞི་ཚབས་ཆེན་ཞིག་ཡིན་སྟབས་བོད་སྨན་གྱི་ཟླ་ཤས་སྨན་བཅོས་མ་བྱས་བར་བཤད་ཐུབ་ཐབས་མེད་ལ་ཟླ་བ་གཅིག་གཉིས་སྨན་བཅོས་བྱས་ན་སྨན་གྱིས་ལན་འདེབས་ཡོང་གི་རེད། ཕྱི་ལུགས་སྨན་ཁང་ཁག་ནས་སྨན་བཅོས་འགྲོ་སོང་འབོར་ཆེན་བཏང་ན་ཡང་སེང་དྲག་ཁས་ལེན་བྱེད་ཐུབ་མཁན་མེད་པས་ཁྱེད་རང་བོད་སྨན་བསྟེན་གཏུགས་ཆེད་ཕེབས་པ་རེད། ཕྱི་ལུགས་སྨན་ཁང་གང་དུའང་འབྲས་ནད་བཅོས་ཐབས་རྗེས་གནས་སྐབས་དྲག་སྐྱེད་བྱུང་ཡང་། ནམ་ཞིག་ནད་ལོག་བརྒྱག་གི་ཡོད་པས་སེང་དྲག་ཐུབ་པའི་ཁས་ལེན་གནང་མཁན་གང་དུའང་མེད། དེར་བརྟེན་ཕྱི་ལུགས་སྨན་པས་བདུན་ཤས་ཟླ་ཤས་ལས་ཚེ་མི་གནས་པར་བཤད་པ་དེ་ཡིན། དེ་ལྟར་ཡང་བོད་སྨན་གྱི་སྨན་བཅོས་འགོ་འཛུགས་ན་ནད་གཞི་དྲག་སྐྱེད་ཆེན་པོ་ཡང་ཡོང་སྲིད་པ་མ་ཟད་བོད་སྨན་གྱིས་ཚེ་སྲིང་ཐུབ་པ་ཡོང་དང་ཡོང་བཞིན་པ་ཡིན་ཞེས་ལན་འདེབས་འཇམ་ལ་ཚ་ནན་རྒྱག་བཞིན་ཡོད།
ཡང་ཕོ་མོ་ཡི་འབྲས་ནད་མི་འདྲ་རིགས་ཅིག་ཕྱི་ལུགས་སྨན་བཅོས་གནང་བཞིན་པའི་སྐབས་བོད་སྨན་བསྟེན་གཏུགས་ཕེབས་པ་དང་། འབྲས་ནད་རིགས་ཅིག་ཀེ་མོ་སྨན་བཅོས་སོགས་གནང་རྗེས་བོད་སྨན་བསྟེན་གཏུགས་སུ་ཕེབས་སྐབས། ཕྱི་ལུགས་སྨན་བཅོས་གནང་བཞིན་པའི་སྐབས་ཀེ་མོ་མཉམ་སྨན་མང་དག་ཅིག་གཏོང་གི་ཡོད་དུས། བོད་སྨན་ཡང་ཉིན་རེར་དུས་གསུམ་གཏོང་དཀའ་བས་ཕྲན་ནས་རིན་ཆེན་གྲང་སྦྱོར་ཉིན་ལྔའམ་བདུན་རེ་གཏོང་བཅུག་གི་ཡོད། ཕྱི་ལུགས་སྨན་བཅོས་གྲུབ་རྗེས་ནད་པའི་གཟུགས་གཞི་ན་ཚོད་ནད་གཞི་ལ་དཔགས་ཏེ་སྨན་དུས་གསུམ་མཉམ་རིན་ཆེན་རིལ་བུ་ཡང་གཏོང་གི་ཡོད། གང་ལྟར་ཕྱི་ལུགས་སྨན་བཅོས་སྔ་ཕྱི་བར་གསུམ་དང་བོད་སྨན་མཉམ་པོར་གཏོང་གནང་ན་ཕྱི་ལུགས་བཅོས་ཐབས་ཀྱི་ཟུར་ཕོག་སོགས་ལ་ཕན་ཆེ་བ་མ་གཏོགས་སྨན་ཕན་ཚུན་ནུས་པ་འཐབ་པའི་ཉེས་སྐྱོན་གང་ཡང་མ་བྱུང་། བོད་སྨན་ལ་ཕྱི་ལུགས་ Immunotherapy ལྟ་བུ་བསམ་བློ་གཏོང་རྒྱུ་ཡོད་པ་དང་། འབྲས་ནད་ལུས་ཀྱི་ཕྱི་ནང་ཤ་རུས་རྩ་ལྤགས་དོན་ལྔ་སྣོད་དྲུག་ནུ་མ་གཞང་སོགས་གང་དུ་ཁྱབ་ཀྱང་དེའི་གནས་བྱེ་བྲག་པ་ལ་སྨན་བཅོས་བསམ་བློ་གཏོང་རྒྱུ་ཡོད།
དེ་ཡང་འབྲས་ནད་ལ་ད་ལྟའི་བར་དུ་འཛམ་གླིང་ཡུལ་གྲུ་གང་དུའང་ཕྱི་ལུགས་ཀྱི་བཅོས་ཐབས་ཡར་ཐོན་བྱུང་མེད་ལ། ཕྱི་ལུགས་ཡིག་ཆ་ཁག་ལའང་འབྲས་ནད་བཅོས་ཐབས་མེད་པ་དང་། ཕྱི་ལུགས་ཀྱི་བཅོས་ཐབས་ཡོད་ཚད་བྱས་ཀྱང་གནས་སྐབས་རིང་དྲག་སྐྱེད་བྱུང་བ་ལས་ནམ་ཞིག་ལོག་བརྒྱག་གི་ཡོད། ཕྲན་གྱི་ཉམས་མྱོང་ལྟར་ན། ཕྱི་ལུགས་སྨན་ཁང་གི་འབྲས་ནད་བརྟག་དཔྱད་རིམ་པ་ཁག་ལ་འབྲས་ནད་དོགས་པའི་ངོས་འཛིན་གྱིས་བཅོས་ཐབས་བྱེད་ཀྱི་ཡོད་པ་དང་། འབྲས་ནད་གཞི་ཆུང་ལ་ཕྱི་ལུགས་ཀྱི་སྨན་བཅོས་གཤག་བཅོས་དང་རྩ་ཁབ་ Chemo ལ་སོགས་ཤུགས་ཆེ་དྲགས་པས་དྲག་སྐྱེད་ཡོང་རྒྱུ་མེད་པར་མ་ཟད་དུས་ཡུན་མི་འགོར་བར་ནད་པ་འདས་གྲོངས་སུ་འགྱུར་གྱི་ཡོད། ཕྱི་ལུགས་སྨན་པ་རིགས་གཅིག་གིས་སེམས་བཟང་དང་སྙིང་རྗེ་མེད་པར་རང་ཉིད་ཀྱི་ཡོང་འབབ་ཁོ་ན་ལ་དམིགས་ཏེ་ནད་པའི་གཟུགས་གཞི་དང་ན་ཚོད་སོགས་གང་ལའང་མ་ལྟོས་པར་ནད་གཞི་ཆུང་ངུའི་རིགས་ལ་གཤག་བཅོས་སོགས་སྨན་བཅོས་ཐལ་བས་དྲག་སྐྱེད་ལྟ་ཞོག་ནད་པ་དུས་མིན་འཆི་རྐྱེན་དུ་འགྲོ་བ་ཡིན།
བོད་རིགས་ནང་པ་ཚོར་མཚོན་ན། སྨན་བཅོས་འདྲ་མིན་བྱེད་རྒྱུ་ཡོད་པ་སྟེ་ལྷ་གསོལ་བ་དང་། མོ་ཕྱྭ་པྲ་ཕབ་པ་སོགས་དམིགས་བསལ་ཆོས་ཕྱོགས་ཀྱི་མཐུན་རྐྱེན་ཁྱད་པར་བ་ཞིག་ཡོད། མོ་ལུང་གསུང་བརྟག་ཞུ་རྒྱུ་ཡང་གལ་ཆེན་ཆགས་ཀྱི་ཡོད། རྒྱུ་མཚན་ནི་འབྲས་ནད་གཤག་བཅོས་རིགས་ཡག་པོ་འབྱུང་དང་མ་འབྱུང་། སྨན་བཅོས་རྩ་ཁབ་རིགས་ཀྱང་ཧ་ཅང་ཤུགས་ཆེ་ལ་སྨན་བཅོས་ཀྱི་འགྲོ་གྲོན་ཤིན་ཏུ་ཆེན་པོ་ཡིན་པ། འགྲོ་གྲོན་གཏོང་ཡང་དྲག་སྐྱེད་ཚད་མཐོ་བོ་མི་བྱུང་བ་སོགས་ཀྱི་རྐྱེན་གྱིས་མོ་ལུང་གསུང་བརྟག་ནི་གལ་ཆེན་པོ་ཆགས་ཡོད། ནད་གཞི་བགེགས་དབང་ལ་གཞིགས་པའི་རིམ་གྲོ་དང་། སྲོག་བླུ་སྦྱིན་གཏོང་། ཚེ་དབང་ཚེ་སྒྲུབ། གྲྭ་བཙུན་གྱི་སྡེ་ལ་བསྙེན་བཀུར། ཕྱག་དང་སྐོར་བ་བྱེད་པ། སངས་རྒྱས་ཀྱི་བཀའ་བསྒྲགས་པ་སོགས་དགེ་བའི་ལས་ལ་འབད་ན་བསོད་ནམས་དེ་ཡི་སྟོབས་ཀྱིས་ལས་སྒྲིབ་ཇི་ཙམ་ཆེ་ཡང་ནད་གཞི་ཇེ་ཆུང་དུ་འགྲོ་བ་ཡིན།
སེམས་ཁམས་འཕྲོད་བསྟེན་གྱི་བསླབ་བྱ་གལ་ཆེན་ཡིན་པ།
ཕྱི་ལུགས་ཀྱི་འབྲས་ནད་ལ་ལུས་ནད་གཙོ་བོ་བཅོས་པ་ལས་སེམས་ཁམས་ཀྱི་སྨན་བཅོས་མེད་པ་ཡིན། ནད་གཞི་འདི་རིགས་ལ་ལུས་སེམས་གཉིས་ལས་སེམས་གདུང་བའི་དཀའ་ངལ་ཆེ་བས་ལུས་ཁམས་ཀྱི་ཆ་ནས་བཅོས་ཐབས་གནང་ཡང་སེམས་ཁམས་ཀྱི་བཅོས་ཐབས་གང་ཐུབ་མ་བྱས་ན་སྨན་བཅོས་དེ་ཆ་མ་ཚང་བ་ལྟ་བུར་མངོན། སྐབས་དེར་ནད་གཞི་ཛ་དྲག་ཚབས་ཆེན་ངོས་བཟུང་ནས་སེམས་ནད་བཅོས་ཐབས་བྱེད་དུས། ནད་པ་དེའི་སྔ་ཕྱི་བར་གསུམ་ལ་ཡིད་ཆེས་གནང་ས་ཆོས་ལུགས་ནང་པ་དང་། ཧིན་དུ། ཡི་ཤུ། ཁ་ཆེ་སོགས་གང་ཡིན་ཡང་། ནད་པ་རང་གི་དཀོན་མཆོག་དང་རྒྱུ་འབྲས་སོགས་ཀྱི་སྐོར་ནས་བསླབ་བྱ་གནང་ན་སེམས་ལ་ཕན་ཐོགས་ཆེ་བ་ཡོད། ནང་པ་སངས་རྒྱས་ལ་དད་པ་བྱེད་མཁན་ནད་པ་ཞིག་ཡིན་ན་རང་གི་ཚེ་འདིར་ན་ཚ་དང་། སྐྱིད་སྡུག བགེགས་བར་ཆད། ནང་མི་བུ་ཕྲུག་རྣམས་ཕུན་སུམ་ཚོགས་དང་མ་ཚོགས་སོགས་གང་བྱུང་ཡང་། དེ་དག་ཐམས་ཅད་ཚེ་སྔོན་ལས་ཀྱི་རྣམ་སྨིན་ལ་བརྟེན་ནས་འབྱུང་བ་ཡིན་པས་བསམ་བློ་ཡག་པོ་གཏོང་བཞིན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་བདག་ལ་དགོངས་སུ་གསོལ། བདག་གི་ནད་འདི་ལྟ་བུ་འགྲོ་བ་ནད་པ་སུ་ལའང་མ་གཏོང་ཞིག གཞན་ལ་ཡོད་པ་རྣམས་བདག་གི་ནད་འདི་གཅིག་པུས་འཐུས་པར་ཤོག་ཅེས་བསམ་བློ་ཡངས་པོ་དེ་ལྟར་ཡང་ཡང་བཏང་ན་ལུས་སེམས་གཉིས་ཀའི་སྡུག་བསྡལ་ཉུང་དུ་འགྲོ། ནད་ཀྱིས་འཇིགས་སྐྲག་དངངས་འཚབ་དང་། སྨན་བཅོས་འགྲོ་སོང་ཆེ་བ། སྨན་བཅོས་དྲག་སྐྱེད་འབྱུང་མི་འབྱུང་། བཟའ་ཚང་བུ་ཕྲུག་ཕ་མ་དང་བྲལ་དོགས། ནད་གཞན་དང་མི་འདྲ་བར་དུས་ངེས་ཅན་དུ་འཆི་དོགས། ཉིན་རེ་འཚོ་བའི་བྱ་གཞག་གི་སྡུག་བསྔལ་སོགས་ཀྱིས་ལུས་སེམས་མནར་བ་དང་། མདངས་ནི་སེམས་ལ་སྡུག་བསྔལ་གྱིས་ཟད་དེ།། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ།། སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པར་འགྱུར།། ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་འགྱུར།། ཞེས་གསུངས་ཡོད་ལ། ཚན་རིག་པས་ཀྱང་ Immune system མདངས་ནི་སེམས་ལ་སྡུག་བསྔལ་གྱིས་ཟད་གྱི་ཡོད་པ་བཤད། ཇི་ཙམ་མདངས་ Immune ཉམས་ན་དེ་ཙམ་འབྲས་ནད་ཕྲ་ཕུང་གིས་ལུས་ཀྱི་ཕྲ་ཕུང་བདེ་ཐང་དེ་དག་མྱུར་དུ་དབང་བསྒྱུར་བྱས་ཏེ་རིམ་པ་དང་པོ་ནས་གསུམ་བཞི་བར་ནད་འགོས་ཚབས་ཆེན་ཁྱབ་འགྲོ་བ་ཡིན་དུས། ནད་པ་སོ་སོའི་ཆོས་ལུགས་ཀྱི་དད་པ་གཞི་ལ་བཞག་ནས་སེམས་གདུང་གནང་རྒྱུ་མེད་པའི་བསླབ་བྱ་དང་། སེམས་གདུང་བྱས་ན་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་། ལུས་སེམས་གཉིས་ཀར་དཀའ་ངལ་ཇེ་ཆེར་འགྲོ་བ། སྨན་བཅོས་ལ་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པ་མ་གཏོགས་སྡུག་བསྔལ་གྱི་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་ཅེས་གསུངས་ན་ནད་པ་དེའི་སེམས་ལ་ཕན་པ་ཆེ།
ནད་པའི་ཚེ་སྲིང་བ་དང་། བགེགས་དབང་བར་ཆད་དང་། ལས་སྒྲིབ་སྦྱང་བའི་ཕྱིར། རིམ་གྲོ་ཚེ་དབང་ཚེ་སྒྲུབ། ཕྱག་མཆོད་དང་གཙུག་ལག་ཁང་སོགས་ལ་སྐོར་བ་བྱེད་པ། ཁ་འདོན་དང་དགེ་སྦྱོར་མང་ཙམ་བྱེད་པ། སྨན་བླའི་གཟུངས་དང་། སྒྲོལ་མའི་གཟུངས། རྟ་ཕྱག་ཁྱུང་གསུམ་གྱི་གཟུངས། གྲྭ་བཙུན་བསྙེན་བཀུར། བྱ་ཉ་སེམས་ཅན་སོགས་སྲོག་བསླུ་ཚེ་ཐར། ཉམ་ཐག་དབུལ་ཕོངས་ལ་སྦྱིན་པ། ནང་ཆོས་ཡང་ཡང་ཉན་པའམ་ཀློག་པ། ལུས་སྦྱོང་། དབུགས་སྦྱོང་སོགས་ཉམས་ལེན་ཡང་ཡང་བྱེད་པ། སེམས་གདུང་སྐབས་དབུགས་འབྱིན་རྔུབ་ཀྱི་གྲངས་ ༡༠/༡༥/༢༠ བར་དང་། གཞས་ཞབས་བྲོ་ལྟ་ཞིང་། མཁའ་རླུང་དང་རི་ལུང་གཙང་མར་འཆམ་འཆམ་འགྲོ་བ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འགྲིམ་པ། དགོད་བྲོའི་གཏམ་དང་ལྟད་མོ་ཡང་ཡང་ལྟ་བ། ནད་གཞི་སྨན་བཅོས་ཆེ་ཆུང་གང་ལའང་མོ་ལུང་གསུང་བརྟག་སོགས་བྱེད་དགོས་པ་ནི་ནང་པའི་ཆོས་ལུགས་ཀྱི་དམིགས་བསལ་མཐུན་རྐྱེན་ཞིག་ཡིན།
ལས་འབྲས་ཁས་མི་ལེན་པའི་ཡི་ཤུ་ཁ་ཆེ་ནད་པ་རྣམས་ལ་སེམས་གདུང་མི་ཡོང་བའི་ཆོས་ལུགས་ཀྱི་བསླབ་བྱ་འོས་ཤིང་འཚམས་པ་ཞིག་ཞུ་མ་ཐུབ་ཀྱང་། གལ་ཏེ་སེམས་ལ་མི་འཇགས་པར་གྱུར་ཚེ། དཀོན་མཆོག་གིས་མི་རྣམས་འཇིག་རྟེན་འདིར་སྐྱེ་རུ་བཅུག་པ་ནི་བདེ་སྡུག་ན་ཚ་སོགས་མྱོང་ཆེད་ཡིན། དཀོན་མཆོག་ལ་ཡིད་ཆེས་བྱས་ནས་བདེ་སྡུག་ན་ཚ་སོགས་དཀོན་མཆོག་གིས་བདག་ལ་བསྩལ་བ་ཡིན་དུས། བདག་གིས་དཀོན་མཆོག་ལ་མི་དགེ་བ་སྤྱོད་པའི་བྱ་བ་བསྒྲུབས་ཡོད་སྲིད་པ་རེད། རྒྱུ་མཚན་དེ་ཡིས་ང་ལ་ན་ཚ་དེ་ལྟར་བྱུང་བ་ཡིན་དུས་དཀོན་མཆོག་ལ་གསོལ་བ་བཏབ་ནས་ན་ཚ་དེ་ལས་གང་མྱུར་གྲོལ་བར་སྨོན་ལམ་འདེབས་དགོས་པ་དང་། དཀོན་མཆོག་ནི་ན་ཚ་དང་སྡུག་བསྔལ་དང་རྐྱེན་ངན་པ་ལས་སྐྱོབ་མཁན་ཡིན་དུས་མ་ཡི་བུ་སྡུག་བསྔལ་ལས་སྐྱབས་པ་ལྟ་བུ་ཡིད་ཆེས་བརྟན་པོ་བཅངས། སྨན་བཅོས་སོགས་གང་ཡིན་རུང་། ནམ་ཞིག་དཀོན་མཆོག་གིས་ང་སྐྱོབ་ངེས་ཡིན་པའི་ཡིད་ཆེས་གནང་ན་སོ་སོའི་སེམས་ལྷོད་བདེ་ཆགས་པ་ཡིན། སེམས་ཇི་ཙམ་ལྷོད་ལ་བབས་ན་དེ་ཙམ་ལུས་སེམས་གཉིས་ཀ་བདེ་ཞིང་། ལུས་སེམས་གཉིས་ཀ་ཇི་ཙམ་བདེ་ན་དེའི་ཚོད་ཀྱིས་ནད་སྟོབས་ཆུང་དུ་འགྲོ་བ་ཡིན། དེ་མིན་ན་ཚའི་དབང་གིས་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་པའི་ཕྲ་ཕུང་རྣམས་འཇོམས་པར་བྱེད་ཅིང་། དེ་ནི་འོ་མའི་ནང་དུག་བསྲེས་པ་ལྟ་བུ་རིམ་གྱིས་འོ་མ་འཐུང་མི་འོས་པ་ཆགས་པ་དང་། ནད་གཞི་དེ་ལ་སེམས་ཀྱི་སྡུག་བསྔལ་ཆེ་བས་ལུས་ཀྱི་ནུས་སྟོབས་སམ་མདངས་འཕྲོག་པའི་རྒྱུ་མཚན་གཉིས་ཀྱི་སྒོ་ནས་ལུས་སེམས་གཉིས་ཀར་ནད་ཀྱི་སྟོབས་རྒྱས་པ་ཡིན། ནད་པ་རང་ཉིད་ཀྱི་སེམས་ལ་ན་ཚའི་སྡུག་བསྔལ་མ་བསྐྱེད་པར་སྨན་བཅོས་ལ་སེམས་ཤུགས་དང་དཀོན་མཆོག་ལ་ཡིད་ཆེས་ཆེན་པོ་བྱེད་དགོས། སྐབས་དེར་སེམས་ཤུགས་དང་ཡིད་ཆེས་ནི་གཡང་སར་རྐང་པ་འཛུགས་ས་དང་ལག་པ་ཟིན་ས་བརྟན་པོ་ཞིག་ཐོབ་པ་དང་གཅིག་མཚུངས་ཡིན། རྐང་ལག་བརྟན་པོར་བྱུང་ན་གཡང་ས་ཆེན་པོའི་ཉེན་ཁ་ལས་སྐྱོབ་ཐུབ་པ་ཡིན། ང་ཚོའི་མི་ཚེའི་ནང་ན་ཚ་དང་སྐྱིད་སྡུག་སྣ་ཚོགས་ཡོང་རྒྱུ་ངེས་པ་ཡིན། སྐྱིད་ན་སྐྱིད་ཅིག་དང་སྡུག་ན་སྡུག་ཅིག་མ་རེད། དཀོན་མཆོག་གིས་ང་ཚོ་མི་ཚེ་འདི་རང་བཞིན་འབྱུང་བའི་ཁམས་དང་དཔེ་སྦྱར་ཏེ་ཉིན་རེ་དང་ཟླ་རེ་དང་ལོ་རེ་བཞིན་འགྱུར་ལྡོག་འགྲོ་བར་གསུང་གི་ཡོད་ཀྱང་། མི་འདོད་རྔམ་གྱིས་སྐྱིད་པོ་ཁོ་ན་བསམ་བློའི་རེ་བ་ཧ་ཅང་ཤུགས་དྲག་བཅངས་བ་ལ་བརྟེན་ན་ཚ་སྡུག་བསྔལ་དྲག་པོ་ཞིག་བྱུང་སྐབས་ལས་སླ་པོ་སེམས་ནས་ཕྱིར་འདོན་མི་ཐུབ། དཀོན་མཆོག་གི་འཇིག་རྟེན་དུ་གནས་པའི་མི་རྣམས་ལ་སྐྱིད་སྡུག་སྣ་ཚོགས་འབྱུང་། ནམ་ཞིག་སྤྲིན་གྱིས་ཉི་མ་འགེབས་པ་དང་། ཉི་མ་སྤྲིན་གྱི་འོག་ནས་གསལ་བ། ཉིན་ནས་མཚན་དང་མཚན་ནས་ཉིན་ཆགས་པ། ཟས་ལའང་རོ་མངར་བ། སྐྱུར་བ། ལན་ཚྭ་བ། ཁ་བ། ཚ་བ། བསྐ་བ་ཡོད་པ། ལོ་རེའི་ནམ་དུས་ལ་ཚ་གྲང་ཡོད་པ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་། རྩི་ཤིང་། མེ་ཏོག འབྲས་བུ་ཁེངས་པ། ནམ་དུས་རྗེས་མར་ཡིད་དུ་འོང་བ་དེ་མེད་པར་ཆགས་པ་སོགས་ང་ཚོའི་མི་ཚེའི་ཡང་ནམ་དུས་བཞི་པོ་འདི་དག་གཅིག་མཚུངས་སུ་ཡོད། འཇིག་རྟེན་འདི་དང་། འགྲོ་བ་མི་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གིས་བཟོས་གནང་བས་སྐྱིད་སྡུག་ན་ཚ་སོགས་ཀྱང་དཀོན་མཆོག་གིས་གཟིགས་ཀྱི་ཡོད་དུས། ང་ཚོས་མི་དགེ་བའི་ལས་ Negative activities ཇི་ཙམ་གནང་ཡང་དཀོན་མཆོག་གིས་ང་ཚོར་གནས་སྐབས་རིང་དེ་དག་ཐམས་ཅད་རང་གི་སྡིག་པ་དག་པའི་ཆེད་དུ་གནང་བ་ཡིན། དཀོན་མཆོག་ལ་ཡིད་ཆེས་ཡོད་ན་སེམས་ལ་སྡུག་བསྔལ་གནང་མི་དགོས། དེ་ལས དཀོན་མཆོག་ལ་བཤགས་པ་ Confession བྱས་ནས་དགེ་བའི་ལས་ Positive activities མང་ཙམ་བརྩོན་དགོས།
དེ་ཡང་གཞན་ལ་གནོད་མི་བྱེད་པར་ཕན་པ་བསྒྲུབ་དགོས་པ། འབུ་སྲིན་ཐམས་ཅད་རང་གི་ཚེ་སྲོག་རྩ་ཆེན་དུ་འཛིན་པས་གཞན་གྱི་ཚེ་སྲོག་མ་གཅོད་པ་དང་། ཤ་རིགས་ཉུང་ཉུང་མཆོད་དགོས་པ། སེམས་ཅན་ཚེ་ཐར་གང་མང་གཏོང་དགོས་པ། དེའི་ཚོད་ཀྱིས་རང་གི་ཚེ་སྲོག་ལ་ཕན་ཐོགས་ཆེ་བའི་དགེ་བའི་ནུས་པ་གསོག་ positive energy accumulation ཐུབ་པ་དང་། དབུལ་ཕོངས་དང་རྒན་འཁོགས་ལ་ཟས་དངུལ་སྦྱིན་དགོས་པ། རང་གི་སེམས་ལ་ཕན་པའི་ཆོས་ཕྱོགས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས། རང་གི་སེམས་ལ་ཕན་པའི་དབུགས་སྦྱོང་དང་། རྩེད་མོ། ལུས་སྦྱོང་། གཞས་ཞབས་བྲོ། དགོད་བྲོ་གཏམ་རྒྱུད། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་འཁྱམ་འཁྱམ། ཆོས་ཉན་པ། དཔེ་ཆ་བལྟ་ཀློག་བྱེད་པ་སོགས་གནང་ན་ལུས་སེམས་ལྷོད་ལྷོད་ཆགས་ཐུབ། ལུས་ཀྱི་ནད་འགོག་ཟུངས་ཤུགས་ Immunity འཕེལ་ཡང་། ཁྱེད་རང་གི་སེམས་ཀྱི་སྡུག་བསྔལ་དང་དངངས་འཚབ་ཀྱིས་ནད་ཀྱི་སྟོབས་ཤུགས་ལ་རོགས་བྱེད་ཀྱི་ཡོད་པས་སེམས་པ་ལྷོད་ལྷོད་གནང་དགོས། དཀོན་མཆོག་ཡིད་ཆེས་བྱོས། ཨ་མས་བུ་ལ་སྡུག་པོ་མི་གཏོང་བ་བཞིན་ཁྱེད་རང་ལའང་དཀོན་མཆོག་གིས་ནམ་ཡང་སྡུག་པོ་གཏོང་གི་མ་རེད་ཅེས་བསླབ་བྱས་ཕན་ཐོགས་ངེས་ཅན་འབྱུང་བཞིན་འདུག་གོ། །།
མཐའ་མའི་འདོན་ཐེངས་།: 06.12.2024 ཉིན། 9:55 AM
<< སྔ་མ།