འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2025 |
འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་ (microplastic) བརྒྱ་སྟོང་མང་པོ་མཆིལ་མའི་ནང་བྱུང་བའི་སྐོར།
ད་ལོའི་ཨ་རི་རྫས་སྦྱོར་རིག་པ་མཐུན་ཚོགས་ཀྱི་དཔྱིད་ཀའི་ཚོགས་འདུར་སྤེལ་བའི་ཞིབ་འཇུག་ལྟར་ན། འགྱིག་བྱི་རིལ་གྷ་རམ་རེ་ལས་འགྱིག་སྙིགས་ཕྲ་མོ་ (microplastic) ཆ་སྙོམས་ ༡༠༠ གློད་གྲོལ་བྱུང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཞིབ་འཇུག་འདི་ལས་རོགས་ནང་ཁུལ་བསྐྱར་ཞིབ་བྱས་པའི་དུས་དེབ་ (peer-reviewed journal) ནང་པར་སྐྲུན་བྱས་མེད།
ལས་འཆར་གྱི་གཙོ་འཛིན་ཞིབ་འཇུག་པ་དང་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ལོས་ཨན་ཇེ་ལེ་སི་གཙུག་ལག་ཁང་ (UCLA) གི་བཟོ་རིག་སློབ་དཔོན་འབུམ་རམས་པ་སན་ཇེ་མོ་ཧན་ཊི། Sanjay Mohanty ཡིས་གསར་འགོད་གསལ་བསྒྲགས་ནང་། ང་ཚོའི་དམིགས་ཡུལ་ནི་སུ་ལའང་སྐྲག་སྣང་སྤྲོད་རྒྱུ་མིན། ཚན་རིག་པ་ཚོས་འགྱིག་སྙིགས་ཕྲ་མོ་ (microplastic) ཟེར་བ་དེ་ང་ཚོར་ཉེན་ཁ་ཡོད་མེད་ཤེས་ཀྱི་མེད། མི་ལ་བརྟག་དཔྱད་བྱས་པ་གང་ཡང་མེད། འོན་ཀྱང་ང་ཚོས་ཉིན་རེའི་འཚོ་བའི་ནང་འགྱིག་གྱི་ཐོན་རྫས་འདྲ་མིན་བེད་སྤྱོད་བྱེད་ཀྱིས་ཡོད་པས་ང་ཚོས་འདིར་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་ཆགས་ཡོད། སྔོན་གྱི་ཞིབ་འཇུག་ནས་ཚོད་དཔག་ལྟར་ན། མི་ཞིག་གིས་ལོ་རེར་འགྱིག་སྙིགས་ཕྲ་མོ་ (microplastic) རྡུལ་ཕྲན་ཁྲི་ ༣.༩ ནས་ ༥.༢ བར་ཟ་བཞིན་ཡོད། ཟས་རིགས་དང་འབྲེལ་བའི་ཞིབ་འཇུག་མང་ཆེ་བ་ནི་འགྱིག་གི་སྣོད་ཆས་ནས་དཔེར་ན། འགྱིག་གི་ཆུ་དམ། ཇའི་འགྱིག་ཁུག་མ་སོགས་ཟས་རིགས་ལ་འགྱིག་སྙིགས་ཕྲ་མོས་ (microplastic) བཙོག་པ་བཟོ་བའི་སྐོར་ཡིན། འོན་ཀྱང་འགྱིག་བྱི་རིལ་ནི་འགྱིག་གིས་བཟོས་པའི་ཟས་ཁོ་ན་དེ་ཡིན་པ་མང་ཆེ་བས་ཤེས་ཀྱི་མེད། ང་ཚོས་འགྱིག་བྱི་རིལ་ནང་གི་འགྱིག་སྙིགས་ཕྲ་མོ་ (microplastic) ག་ཚོད་ཡོད་མད་འཇལ་ཚད་རྒྱག་འདོད་བྱུང་། འགྱིག་སྙིགས་ཕྲ་མོས་ (microplastic) མིའི་ལུས་པོ་ལ་ཕོག་ཐུག་ཚོད་དཔག་བྱེད་པ་དང་གནོད་འཚེ་ངན་པ་གང་ཡོད་མེད་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་ཚོར་བྱུང་། ཞེས་གསུངས་འདུག
འགྱིག་བྱི་རིལ་དང་འགྱིག་སྙིགས་ཕྲ་མོ་ (microplastic) ཡི་ཕོག་ཐུག
འགྱིག་བྱི་རིལ་ནི་བྲོ་སྨན། མངར་ཆ། སྤྲ་རྩི་རྨང་གཞི་ལ་སོགས་ལས་བཟོ་སྐྲུན་བྱེད་ཀྱི་ཡོད། རང་བྱུང་ལས་བཟོས་པའི་འགྱིག་བྱི་རིལ་ནི་རྩི་ཤིང་ལས་བྱུང་བའི་པོ་ལི་མར་ (polymer) དཔེར་ན་ཤིང་ཚི་ཡིས་འགྱིག་བྱི་རིལ་ལ་འབྱར་ནུས་སྤྲོད་ཀྱི་ཡོད། རྫས་སྦྱོར་ལས་བཟོས་པའི་འགྱིག་བྱི་རིལ་ནི་ས་སྣུམ་ལ་བརྟེན་པའི་པོ་ལི་མར་ (polymer) གྱིས་འབྱར་ནུས་སྤྲོད་ཀྱི་ཡོད།
ཞིབ་འཇུག་པ་ཚོས་ཁྲོམ་རྭ་ནང་ཡོད་པའི་རྫས་སྦྱོར་འགྱིག་བྱི་རིལ་རིགས་ལྔ་དང་རང་བྱུང་འགྱིག་བྱི་རིལ་རིགས་ལྔ་བཅས་ལ་ཞིབ་འཇུག་བྱས་འདུག། བརྟག་དཔྱད་ནང་མི་གཅིག་གིས་འགྱིག་བྱི་རིལ་རིགས་རེ་ལས་དུམ་བུ་བདུན་རེ་ལྡད་རྒྱག་བཅུག་འདུག མི་དེས་འགྱིག་བྱི་རིལ་སྐར་མ་བཞིའི་རིང་ལྡད་པ་དང་། སྐར་ཆ་ ༣༠ རེའི་མཚམས་ནས་མཆིལ་མའི་དཔེ་ཚད་ལེན་འདུག མཆིལ་མའི་དཔེ་མཚོན་རྣམས་དཔེ་ཚད་གཅིག་ཏུ་མཉམ་བསྲེས་བྱས་འདུག བརྟག་དཔྱད་མི་འདྲ་བ་ཞིག་ཏུ། མཆིལ་མའི་དཔེ་ཚད་སྐར་མ་ ༢༠ རེའི་མཚམས་ནས་བསྡུ་ལེན་བྱས་འདུག དེ་ནས་མཆིལ་མའི་དཔེ་ཚད་ནང་ཡོད་པའི་འགྱིག་སྙིགས་ཕྲ་མོ་ (microplastic) ཡིས་འབོར་ཚད་བཅལ་འདུག ཞིབ་འཇུག་པ་ཚོས་ཐོག་མར་རྫས་སྦྱོར་འགྱིག་བྱི་རིལ་ནང་འགྱིག་སྙིགས་ཕྲ་མོ་ (microplastic) མང་བ་ཡོད་པར་དོགས་པ་བྱས་ཀྱང་། རང་བྱུང་འགྱིག་བྱི་རིལ་ནང་དུའང་འགྱིག་སྙིགས་ཕྲ་མོ་ (microplastic) འབོར་ཚད་འདྲ་མཚུངས་ཤིག་ཡོད་པར་ཤེས་ཏེ་ཧང་སངས་འདུག
རྫས་སྦྱོར་དང་རང་བྱུང་འགྱིག་བྱི་རིལ་ནང་འགྱིག་སྙིགས་ཕྲ་མོ་ (microplastic) ཡོད་པ་ཤེས་རྟོགས་བྱུང་བ།
ཞིབ་འཇུག་པ་ཚོས་འགྱིག་བྱི་རིལ་གྷ་རམ་རེ་ལས་ཆ་སྙོམས་འགྱིག་སྙིགས་ཕྲ་མོ་ (microplastic) ༡༠༠ གློད་གྲོལ་བྱུང་བ་ཤེས་རྟོགས་བྱུང་འདུག འགྱིག་བྱི་རིལ་ཁ་ཤས་ཀྱིས་གྷ་རམ་རེ་ལ་འགྱིག་སྙིགས་ཕྲ་མོ་ (microplastic) ༦༠༠ བྱུང་གི་ཡོད་པ་ཤེས་འདུག སྐབས་འདིར་ཞིབ་འཇུག་པ་ཚོས་འགྱིག་བྱི་རིལ་དུམ་བུ་གཅིག་གི་སྤྱིར་བཏང་ལྗིད་ཚད་གྷ་རམ་ ༢ ནས་ ༦ བར་ཡོད་པར་མཆན་འགོད་བྱས་འདུག
ཞིབ་འཇུག་པ་ཚོས་རྫས་སྦྱོར་དང་རང་བྱུང་འགྱིག་བྱི་རིལ་གཉིས་ཀའི་ནང་པོ་ལི་མར་ (polymer) རིགས་གཅིག་མཚུངས་ཤིག་ཡོད་པ་ཤེས་རྟོགས་བྱུང་ཡོད།
འགྱིག་སྙིགས་ཕྲ་མོ་ (microplastic) ལས་འཕྲོད་བསྟེན་ཤུགས་རྐྱེན།
འགྱིག་སྙིགས་ཕྲ་མོ་ (microplastic) ཡིས་མིའི་འཕྲོད་བསྟེན་ལ་ཤུགས་རྐྱེན་ཇི་ལྟར་ཡོང་མིན་ད་དུང་མུ་མཐུད་དེ་ཞིབ་འཇུག་བྱེད་བཞིན་པའི་བརྗོད་གཞི་ཞིག་ཡིན། ༢༠༢༤ ལོའི་བསྐྱར་ཞིབ་ཞིག་གི་ནང་། འགྱིག་སྙིགས་ཕྲ་མོ་ (microplastic) ཡིས་མིའི་འབྱིན་རྔུབ་མ་ལག་གི་འཕྲོད་བསྟེན་དང་། འཇུ་བྱེད་མ་ལག་གི་འཕྲོད་བསྟེན། སྐྱེ་འཕེལ་མ་ལག་གི་འཕྲོད་བསྟེན་བཅས་ལ་གནོད་སྐྱོན་བཏང་བར་དོགས་པ་བྱས་ཡོད། དེ་བཞིན་ལོང་དང་གློ་བའི་འབྲས་ནད་ཀྱང་འབྲེལ་བ་ཡོད་སྲིད་ཅེས་བཤད་ཡོད།
ཁྱེད་ཀྱིས་འགྱིག་བྱི་རིལ་ལྡད་རྒྱུ་མཚམས་འཇོག་བྱེད་དགོས་སམ།
ང་ཚོས་འགྱིག་སྙིགས་ཕྲ་མོས་ (microplastic) འཕྲོད་བསྟེན་ལ་གནོད་པའི་རྣམ་པ་འགའ་ཞིག་དང་འབྲེལ་བ་ཡོད་པ་ཤེས་ཀྱི་ཡོད་པས་མི་སྒེར་ངོས་ནས་ལུས་ནང་འགྱིག་སྙིགས་ཕྲ་མོའི་ (microplastic) ཚད་ཉུང་དུ་གཏོང་འདོད་ཡོད་ན། འགྱིག་བྱི་རིལ་མི་ལྡད་པ་ནི་འགྱིག་སྙིགས་ཕྲ་མོ་ (microplastic) སྤོང་བའི་ཐབས་ལམ་ཞིག་ཡིན།།
མཐའ་མའི་འདོན་ཐེངས་།: 08.04.2025 ཉིན། 3:07 PM
<< སྔ་མ།