མཆོད་བརྗོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022 |
༄༅། །དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻཌཱུརྱའི་
མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་
ཞེས་བྱ་བ་བཞུགས་སོ།།
མཆོད་བརྗོད།
༄༅། །སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཡེ་ཤེས་ཁྱབ་འཇུག་ལྟེ་བའི་འདབ་བརྒྱར་མངོན་རྫོགས་བྱང་ཆུབ་དུས་གསུམ་ཀུན་མཁྱེན་པདྨ་རིགས་གྱུར་དེ་བཞིན་གཤེགས་པ་ལྷ་ཡི་ལྷས། །
མཚན་དཔེའི་འོད་ཟེར་འཇིག་རྟེན་ཀུན་ཏུ་འཕགས་པའི་མོད་ལ་མཆོག་གི་གོ་འཕང་སྣང་བའི་སྒོ་འབྱེད་དཔལ་བརྩེགས་རྒྱལ་པོ་སྙིགས་མ་ལྔ་ཡི་གདུང་བས་ཉེར་གཙོས་ལུས་ཅན་ཁམས། །
སྤྱི་དང་ཁྱད་པར་གངས་ཅན་འགྲོ་བའི་ཕན་བདེའི་བྱེད་པོར་བརྩེ་བས་ངུར་སྨྲིག་གར་རོལ་སྡོམ་བརྩོན་རྒྱལ་པོའི་ཚུལ་བསྟན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། །
བསམས་བཞིན་བསྟན་འགྲོའི་དོན་དུ་སླར་ཡང་ལྷས་གནང་སྨྱོས་ཀྱི་རིགས་ཕེབས་དྲུག་པ་ཆེན་པོས་འདིས་མཚོན་སྐྱེ་བ་གོང་མས་ཞལ་བཞེས་བཞིན་དུ་རྗེས་བཟུངས་སྲིད་ཞིའི་དགེ་ལེགས་སྩོལ། ། ཤིས་པ་བརྗོད་པའི་རིམ་པ་ཚངས་པའི་སྔོན་བྱང་གི་གཏམ་དང་སྦྱར་པའི་སྦྱར་གཟུགས་སོགས་ཀྱི་རབ་སྤེལ།
ཐུགས་བསྐྱེད་སྨོན་ལམ་དག་པའི་མཁའ་ལ་སྤངས་དང་རྟོགས་པའི་ཡེ་ཤེས་འོད་ཀྱི་ཆ་ཤས་ཡོངས་གང་རྫོགས་པའི་སངས་རྒྱས་རྒྱུ་སྐར་དབུས། །ལྔ་བདོར་ནག་པའི་དུས་ཀྱི་མཚན་ལྷུང་འགྲོ་ཀུན་ལ་འཇུག་ཐུགས་རྗེའི་ཟླ་བ་བདེ་གཤེགས་གཞན་ལས་ཆེས་དཀར་ཉ་བ་མཆེད་བརྒྱད་གཙོ། །དྲུག་ཅུར་གྲོལ་བའི་དཔལ་གྱི་མགུར་ནས་མ་རིག་ནད་ལ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་ སྨན་བླ་དང་སྟོན་པ་ངེས་དོན་ལྟར་གཅིག་ཏུ་བསྒྲུབས་པ། བ་དང་སྤྲུལ་པའི་གྲོང་ཁྱེར་ཡོན་ཏན་གྱི། །ལྟ་ན་སྡུག་ཏུ་ལྷ་དང་དྲང་སྲོང་ཕྱི་ནང་འཁོར་ལ་བདེན་དོན་གསོ་རིག་ཡན་ལག་བརྒྱད་གསུངས་སྨན་གྱི་བླ་མས་ཤིས་པར་མཛོད། །བྱ་བ་བརྗོད་པ་དང་ལྡན་གཟུགས་འདྲེས་པ།
གང་གི་སྐུ་ཡི་གསང་བའི་གནས་ལྔར་རྣམ་པར་མི་རྟོག་དབྱིངས་ལས་སྐྱེས་པའི་ཡེ་ཤེས་ལྔ་མཚོན་དག་པའི་རང་གདངས་ལས། །ཆུ་ཟླའི་གཟུགས་བཞིན་སོ་སོར་ཤར་བའི་དོན་དམ་བདེན་པ་རིག་པའི་ཡེ་ཤེས་ངོ་བོ་མཆེད་བཞི་གསུང་གི་སྤྲུལ་པའི་སྐུ། །ཡིད་ལས་སྐྱེས་ཏེ་སྤྲུལ་པའི་ཟོལ་གྱིས་རྒྱལ་བའི་འཕྲིན་ལས་རིལ་བའི་ལག་བྲེལ་[རི་བོའི་ལག་སྦྲེལ]གཞན་ཕན་ཚངས་སྐུད་འཆང་བའི་དྲང་སྲོང་ལྔས། །ཚེ་རིང་ཆོས་ནོར་བདེ་བ་འདོད་པའི་ཡིད་ཅན་ཞིང་ཀུན་གསོ་དཔྱད་རིག་པ་བདུད་རྩིའི་ཆར་གྱིས་རྟག་ཏུ་རླན་པར་མཛོད། །དཔེ་གཟུགས་ངེས་བསྟན་སོགས་ཀྱི་རབ་སྤེལ།
རྒྱལ་བས་བྱིན་རླབས་ཚེ་ཡི་རིག་པ་མཆོག་དྲན་གདོང་བཞི་སྐྱེ་དགུའི་བདག་དང་ཐ་སྐར་བུ་སོགས་ལྷ་རྣམས་དང་། །མི་ན་གནས་ཤིང་རིང་བོར་འཚོ་དང་ན་བ་གསོ་བའི་ཐབས་ཀྱི་གཞུང་ལུགས་རྒྱུན་ཤེས་བུ་སོགས་དྲང་སྲོང་བརྒྱད། །འཇིག་རྟེན་ཀུན་བསྐྱེད་མེས་པོ་(ཚངས་པ་ལ་རིགས་བཞི་ལས།)ཚངས་སོགས་ཕྱི་རོལ་བ་དང་ཆེར་སྙིགས་འགྲོ་ལ་ཕན་པའི་ལམ་སྟོན་འཇམ་དཔལ་དང་། །སྤྱན་རས་གཟིགས་སོགས་ནང་པའི་འཁོར་བཅས་ཞུ་གསོལ་འདུས་པས་ལུས་ཅན་ཤིང་རྟར་ཕན་བདེའི་ཁུར་གྱིས་ལྕི་བ་སྩོལ། ། ཡན་ལག་གསུམ་གཟུགས།
མི་ཡི་ཐེག་པའི་རྩེ་མོར་མཐོ་བའི་ཡོན་ཏན་འབྱོར་པས་ལུས་འཕགས་རིགས་ལས་ཡུལ་དབུས་མ་ག་དྷའི། །རྒྱལ་པོ་དགེ་བའི་གཟུགས་ཅན་སྙིང་པོའི་ཟུར་ཁྱིམ་བཙུན་མོའི་སྲས་འཁྲུངས་སྔོན་གྱི་སྐྱེ་བར་སྦྱངས་ཤུགས་ཀྱིས། །བག་ཆགས་སད་པས་ཚེ་ཡི་རིག་བྱེད་བསླབ་པར་ཞུས་ཏེ་གསོ་བའི་གནས་ཀུན་མཐར་སོན་ཕུ་བོ་ཡིས། །བུ་བཞིན་བསྐྱངས་པས་གཞོན་ནུས་གསོས་ཞེས་སྨན་པའི་མཆོག་གྱུར་དེས་ཀྱང་ས་གསུམ་དགེ་བའི་ཤིས་པ་སྩོལ། ། རང་བཞིན་བརྗོད་ལ་ཆོས་དཔེས་མཛེས་པ།
ལྷོ་ཕྱོགས་བཻ་ཏའི་ཡུལ་གྲུར་སྐུ་བལྟམས་མདོ་སྔགས་གསར་རྙིང་དོན་གྱི་རིན་ཆེན་འབྱུང་གནས་ཆེ། །སྲིད་ཞིའི་གདུང་འཕྲོག་རབ་ཞི་སྤྲོས་བྲལ་ཟག་མེད་བདུད་རྩིའི་སྙིང་པོར་ཡོངས་སྨིན་དམ་པའི་ཆོས། །སྤྱི་དང་འགྲོ་ཀུན་གསོ་དཔྱད་ཚུལ་ལའང་བཻཌཱུརྱ་འོད་རྒྱལ་བ་མཆོག་བཞིན་བཀའ་དྲིན་ཅན། །(ལང་གཤེགས་དང་འཇམ་དཔལ་རྩ་རྒྱུད་)སངས་རྒྱས་ལུང་བསྟན་ཟབ་མོའི་ལམ་བརྙེས་ཀླུ་སྒྲུབ་ཞབས་ཀྱིས་འཆི་མེད་ཚེ་ཡི་མཆོག་བྱིན་ཅིག། ཆོས་དཔེ་དང་གཟུགས་ཅན་ལྷན་ཅིག་པའི་དཔེ་གཟུགས།
ཤར་དང་ལྷོ་སོགས་བཞེད་པ་མང་སྟེ་ཡང་དག་པར། ནུབ་ཕྱོགས་ཚངས་སྤྱོད་བྲམ་ཟེའི་སྨན་པ་དགེ་འདུན་གསང་བའི་སྲས་འཁྲུངས་དབང་ཕྱུག་གི། །རྟེན་ལ་སྔོན་དད་སྨོན་ལམ་དུས་སྨིན་ཐོག་མར་ཕྱི་རོལ་གཞུང་སྨྲ་གྲུབ་པའི་མཐའ། །བདེན་འཛིན་ལོག་ལྟ་འཕགས་པ་ལྷས་བཏུལ་རྒྱལ་ དྲན་ཉེ་སོགས་ གསུང་མཐོང་བས་ལས་འབྲས་ཡིད་ཆེས་སླར། །ནང་པར་ཞུགས་པའི་འཕགས་ཡུལ་མཁས་མཆོག་དཔའ་བོས་ཚེ་ཡི་རིག་བྱེད་སྤོབས་པ་སྩོལ། ། རང་བཞིན་བརྗོད་ལས་མཚན་ཉིད་ཀྱི་སྒོ་ནས་སྤྱིར་བསྟན་པ།
གང་གི་རིགས་བརྒྱུད་དག་པའི་ཡང་ཚ་འགྲོ་ལ་ཆགས་པ་མངོན་དགའི་སྲས། །དམ་པའི་ཟླ་བ་ཐུགས་བསྐྱེད་ཡར་ངོར་མངོན་དགའི་བར་དུ་དཔའ་བོའི་ལེགས་བཤད་སྐྱེས། །གཞན་དོན་ཡན་ལག་འདབ་མ་བརྒྱད་པའི་སྙིང་པོར་འཛུམ་པའི་ཀུནྡའི་མཛོད། །ཡང་དག་གསལ་བྱེད་ཟླ་ཟེར་ལ་སོགས་གསོ་རིག་རྒྱས་མཛད་རྣམས་ཀྱིས་སྐྱོངས། ། རིགས་རྒྱུ།
སྣང་མཐའི་རང་གཟུགས་མཆོག་གི་པདྨའི་ཟེ་འབྲུར་བརྫུས་བལྟམས་ཤིང་། །འགྲོ་སྲོག་འཚོ་བ་རྡོ་རྗེར་བྱེད་པ་ཚེ་རིག་ཙམ་མིན་པར། །འཕྲིན་ལས་ཆུ་བཞིའི་རྩ་ལག་སངས་རྒྱས་གཉིས་པ་མ་དྲོས་མཚོ། །བཀའ་དྲིན་ཡངས་པའི་གཏིང་མཐའ་མི་མངོན་པདྨ་ཀ་རས་སྲུངས། ། ལྡན་པའི་ཆ་ཤས་གཟུགས་ཅན།
རྒྱལ་ཀུན་ཡབ་རྗེ་ཟུར་ཕུད་ལྔ་པ་བསམ་བཞིན་དུ། །འགྲོ་ཀུན་རྒྱུད་ལ་ཚུལ་ཁྲིམས་སློབ་པའི་ངུར་སྨྲིག་གར། །མཁས་བཙུན་བཟང་པོར་ཟློས་པས་རྫོགས་པའི་སངས་རྒྱས་ཀྱི། །བསྟན་པའི་བདག་པོ་བློ་བཟང་གྲགས་པ་སྤྱི་བོས་མཆོད། །བསམ་པ་རྒྱ་ཆེ་བའི་རྒྱན།
རྣམ་པར་སྣང་མཛད་ཡེ་ཤེས་འོག་མིན་ནས། །སྤྲུལ་པའི་ཉི་མ་སྲིད་ན་ལོ་ཙཱ་བར། །གྲགས་ཀྱང་གནས་ལྔའི་དོན་གཟིགས་པཎྜི་ཏ། །ཐུབ་བསྟན་གསལ་མཛད་བཻ་རོ་ཙ་ནར་དད། ། ལྡན་པའི་ཡན་ལག་གཉིས་གཟུགས།
བདེ་གཤེགས་འཇིག་རྟེན་རྣམ་འདྲེན་རྒྱལ་བའི་ཏོག །འོད་ཟེར་ཀུན་འཕགས་དཔའ་བརྩེགས་རྒྱལ་པོ་ཉིད། །བསམས་བཞིན་གངས་ཅན་འགྲོ་སྐྱོང་རྒྱལ་པོའི་ཚུལ། །ཚངས་པ་ལྷ་ཡི་མེ་ཏོག་ཕྱག་གི་གནས། ། བསམ་པ་རྒྱ་ཆེ་བའི་རྒྱན།
ངེས་དོན་བདེ་གཤེགས་དྲི་མེད་རྒྱལ་མཚན་ཆེར། །གྱུར་ཀྱང་དྲང་དོན་རྒྱལ་སྲས་སློབ་པའི་ཚུལ། །ཡོངས་བཟུང་འགྲོ་བའི་དོན་མཛད་པུར་རྒྱལ་རྗེ། །ལྷག་བསམ་དགེ་བ་མུ་ནེ་བཙན་པོར་འདུད། ། བསམ་པ་རྒྱ་ཆེ་བའི་རྒྱན།
ཟབ་གཏེར་ཆོས་དཀར་སྦྲང་རྩིར་འཛག་པའི་རོ། །འཆི་མེད་བཅུད་དུ་རིང་བའི་པདྨའི་སྒོ། །འབྱེད་ལ་མཁས་ཁྱོད་བཻ་རོའི་ཡང་སྲིད་ཉིད། །ངེས་རྙེད་གྲྭ་མངོན་དབང་ཕྱུག་བསྟན་འགྲོའི་གཉེན། ། ཡན་ལག་གསུམ་གཟུགས།
གངས་ཅན་ཡུལ་དུས་དང་འཚམས་རྒྱུད་ཀྱི་བཞིན། །གསལ་བའི་ཞུ་ཆེན་བྱི་དོར་མཛད་པ་པོ། །རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་པ། །ཡོན་ཏན་མགོན་པོར་གུས་པས་ཅིས་མི་འདུད། ། རྫས་བརྗོད་པར་གསལ།
འཇིག་རྟེན་དབང་ཕྱུག་འགྲོ་ན་སྙིང་རྗེ་ཡིས། །གཞན་དབང་དག་པའི་སྐྱེ་བར་བཟློས་པའི་གར། །སུམ་སྟོན་ཚེ་དང་ཡེ་ཤེས་མཆོག་གི་གཟུངས། །གྲུབ་པའི་དམ་པ་དེ་ཡང་ཕྱག་གི་ཡུལ། ། བསམ་པ་རྒྱ་ཆེ་བའི་རྒྱན།
ཆོས་རྒྱལ་མེ་ཡི་ཨག་ཚོམ་ཅན་གྱི་གྲོས། །གསང་ཚིག་མདུན་ན་འདོན་པའི་བློན་པོ་དང་། །བླ་ཡི་སྨན་པའི་བརྒྱུད་འཁྲུངས་བྲང་ཏི་བ། །དཔལ་ལྡན་མཚོ་བྱེད་འཚོ་བའི་བདག་པོར་འདུད། ། རང་བཞིན་བརྗོད་པ།
སྟོང་ཁུན་མི་ཉག་བརྒྱུད་འཁྲུངས་ཤེས་བྱའི་གནས། །སྤྱི་དང་ཚེ་རིག་འགྲོ་ཀུན་ཕན་བདེའི་སྲོག །གསོ་བའི་བཀའ་དྲིན་སྨན་པའི་རྒྱལ་པོ་དངོས། །བྱང་བདག་རྣམ་རྒྱལ་གྲགས་པ་བཟང་པོརའདུད། ། ཕུལ་བྱུང་གི་རྒྱན།
བོད་ཡུལ་དགེ་བ་ཆོས་ཀྱི་རྒྱལ་པོའི་རིགས། །སྐྱབས་གསུམ་མཆོག་འཛིན་དགེ་བསྙེན་ཤ་དང་ཆང་། །དུག་བཞིན་ཡོངས་སྤངས་གསོ་རིག་འདབ་བརྒྱའི་གཉེན། །བྱང་པ་འཚོ་བྱེད་མི་ཡི་ཉི་མར་འདུད། ། དཔེ་གཟུགས།
ལྷ་མིའི་ཆོས་སྲིད་ཁྲི་སྲོང་ལྡེ་བཙན་གྱིས། །གཉའ་བར་བཀུར་པའི་གནང་རིགས་བླའི་སྨན་པ། །ཆོས་བཟང་ནས་བཟུང་རྡོ་རྗེའི་མཚན་ཅན་བར། །སྨན་ངོ་ལག་ལེན་བརྒྱུད་པར་ཅིས་མི་དད། ། བེེ་ད་རྦྷའི་མཛེས་པ་གཏམ་ལ་སྦྱར་བ།
ཡོན་ཏན་མགོན་པོ་ཞལ་གཟིགས་ཟུར་མཁར་བ། །བདག་གཞན་མཉམ་ཉིད་ཚེ་ཡི་རྡོ་རྗེ་ནས། །ཆོས་བུམ་འཇོ་མཛད་གཏེར་བདག་གླིང་པའི་བར། །རྒྱབ་རྟེན་ལུང་བརྒྱུད་བླ་མའི་ཚོགས་ལའང་འདུད། ། བསམ་པ་རྒྱ་ཆེ་བ་དང་བསྡུས་གཟུགས།
ཉི་མའི་གཉེན་དང་པདྨ་ཀ་ར་ཡིས། །རྒྱུད་ཀྱི་གཉེར་གཏད་ཞང་བློན་རྡོ་རྗེའི་མཐུས། །བདུད་སྡེའི་ཚོགས་རྣམས་རིན་ཆེན་ལྟར་འདུལ་པས། །མི་འཇིགས་སྲོག་སྦྱིན་ལ་སོགས་ལས་བཞི་བསྒྲུབས། ། ཆོས་སྲུང་ལ་ལས་བསྐུལ་བའི་སྒོ་དང་པོ་རྡོ་རྗེས་ཕ་ལམ་གྱིས་རིན་པོ་ཆེ་ཐམས་ཅད་འདུལ་བའི་གཏམ་སྦྱར་བའི་དཔེ་གཟུགས།
གཏེར་བདག་ཡོན་ཏན་ངོ་བོ་ཤིང་བྱ་ཅན། །ལས་བྱེད་དམ་ཉམས་ལུག་ལ་བཤན་པ་ལྟར། །གཏུམ་པའི་ཨབ་སེ་ཅེ་སྤྱང་གདོང་ལག་དགྲའི། །ཁྲག་དམར་སོགས་ཀྱིས་འདོད་དོན་ཐོག་མེད་སྒྲུབས། ། ཆོས་དཔེ་དང་འཇིགས་རུང་གི་ཉམས་འདྲེས་པ།
ཁྱད་པར་ཚུལ་འདིའི་མཐར་ཐུགས་མཆོག་གི་ལམ། །ཟབ་མོ་སྙིང་གི་ཐིག་ལེའི་བཀའི་སྲུང་མ། །རྡོ་རྗེའི་ཐོག་མཚུངས་དམ་ཅན་སྡེ་དགུས་ཀྱང་། །འདི་ཕྱིར་དགེ་བའི་ཕུན་ཚོགས་ལས་སྒྲུབས་ཤིག ། དངོས་པོའི་དཔེ།
སྡུག་བསྔལ་བརྒྱུད་མར་འབབས་པའི་འཁོར་བ་ལས། །ཐར་དང་ཐམས་ཅད་མཁྱེན་པའི་གོ་འཕངས་མཆོག །ཐོབ་ཕྱིར་རིག་པའི་གནས་ལ་བསླབ་དགོས་པར། །རྒྱལ་བས་རྒྱ་ཆེར་ཆུ་གཏེར་བཞིན་གསུངས་ནང་། ། དངོས་པོ་ངེས་བསྟན་དང་པོ་དངོས་དཔེ།
གནས་སྐབས་དལ་འབྱོར་རྙེད་དཀའི་མི་ཡི་ལུས། །མི་ན་གནས་དང་ན་བའི་སྡུག་བསྔལ་དག །གསོ་ཞིང་ཚེ་རིང་ལོ་མང་རྒད་པོ་ཡང་། །ལང་ཚོ་ཅན་བཞིན་དར་ལ་འཇོག་པ་དང་། ། ཆོས་དཔེ།
མཐར་ཐུག་བླ་ན་མེད་པར་བྱང་ཆུབ་པའི། །ཡེ་ཤེས་རྒྱལ་བའི་ས་ཐོབ་རིག་པའི་གནས། །གཞན་ལས་དགོས་དོན་གཅེས་པའི་མཆོག་གྱུར་པ། །འགྲོ་ཀུན་རྗེས་འཛིན་གསོ་བ་རིག་པ་འདིའི། ། རྫས་བརྗོད་མཐའ་གསལ།
ཆོས་ཀྱི་འབྱུང་གནས་རྣམས་ནས་ཚེའི་གཞུང་ལུགས། །མ་ཉམས་དྲང་སྲོང་སྤྱོད་པའི་ཚིགས་བཟང་པོ། །མ་ཉམས་ལུང་དང་རིགས་པས་ཞིབ་མོ་རུ། །བརྟག་དཔྱད་ཆོ་ག་རྫོགས་པས་ཆེས་གཙང་བ། ། དབུས་མ་གཉིས་ཀྱི་འགོར་བརྗོད་པའི་ཟུང་ལྡན།
དཔལ་ལྡན་གསོ་བ་རིག་པའི་རྒྱུད་ཀྱི་ཁོག །སྨན་པའི་རྒྱལ་པོ་བཞིན་དུ་འབུབས་བྱེད་པའི། །ལེགས་བཤད་དྲི་མ་སྤངས་པའི་བཻཌཱུརྱའི། །མེ་ལོང་ཚེ་རིག་དྲང་སྲོང་དགྱེས་པའི་བཞིན། ། དཔེ་གཟུགས་མཚར་བ།
འཆར་བྱེད་དགེ་མཚན་དཀྱིལ་འཁོར་ཅན། །ཚེ་ཡི་བདུད་རྩིའི་མཚོད་སྦྱིན་གྱིས། །འགྲོ་ལ་རིང་པོའི་སྲོག་སྩལ་བའི། །དཔྱིད་ཀྱི་དགའ་སྟོན་འདི་ན་སྤེལ། ། བྱ་བ་མཐའ་གསལ།
མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:50 PM
<< སྔ་མ།