སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

བོད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་(སྤྱི་ལོ་༡༧༠༠-༡༧༧༤)ལོར་སྐུ་འཁྲུངས་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཞུ་བ་དེས་ཐོག་མའི་སྨན་དཔྱད་གསན་ཡུལ་ནི་ཟུར་མཁར་ཕྱི་མའི་སློབ་བརྒྱུད་འཛིན་པ་འབྲི་ཁུང་དཔོན་ཚང་ཡེ་ཤེས་དང་ཀརྨ་བསྟན་འཕེལ་སོགས་སློབ་དཔོན་དུ་མའི་དྲུང་ནས་གསོ་རིག་གིས་མཚོན་རིག་གནས་མཐའ་དག་གསན་སྦྱོང་མཛད། སྐུ་གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི་རྩལ་རྫོགས་སྔ་ཕྱིར་རྒྱ་དཀར་ནག་དང་བལ་ཡུལ་སོགས་ཉེ་འཁོར་གྱི་ཡུལ་གྲུ་ཕལ་མོ་ཆེར་བྱོན། ངལ་བ་མང་པོ་ཁུར་དུ་བཟོད་ནས་དེ་ཚོའི་སྐད་ཡིག་རྣམས་བསླབས་ཏེ་མཁྱེན་སྤྱན་ཡངས་པོར་དབྱེ། ཤེས་རབ་ཀྱི་སྒྲོན་མེ་བཏེགས། འཕགས་ཡུལ་ནུབ་ཕྱོགས་ཕྲེང་གི་སྨན་པ་ཨེ་གྲོ་སེ་དང་། ནི་རྨ་ཐི་སོགས་ཕྱི་ནང་གི་མཁས་པ་དུ་མའི་དྲུང་ནས་གསོ་དཔྱད་ཀྱིས་མཚོན་གཞུང་དང་གདམས་པ་མང་པོ་གསན། བཤད་རྒྱུན་དང་དཀའ་གནད་རིགས་འདྲི་མོལ་མཛད། མཐར་རིག་གནས་མཐའ་དག་ལ་མཁྱེན་རབ་རྒྱས་ཏེ་རྩོད་བྲལ་གྱི་པཎྜི་ཏ་ཆེན་པོར་གྱུར་པ་ན་གྲགས་པའི་བ་དན་ཕྱོགས་བཅུར་གཡོ། མཁས་དབང་དེས་རྒྱ་བོད་ལུགས་གཉིས་ཀྱི་རྩའི་བལྟ་གནས་དང་འབྲུམ་བཅོས་སོགས་གསོ་དཔྱད་གསར་འགྱུར་སྣ་ཚོགས་<<ཕན་བདེའི་འབྱུང་གནས་>>དང་། <<མིག་འབྱེད་ལག་ལེན་>>སོགས་ལེ་ཚན་དུ་མ་ཡོད་པའི་གསོ་དཔྱད་གསར་བསྒྱུར་རིགས་མཛད་ལྷག་པར་སྡེ་དགེ་དཔལ་སྤུངས་ཆོས་འཁོར་གླིང་དུ་གསོ་རིག་གིས་མཚོན་བཅུ་ཕྲག་རིག་པའི་བཤད་གྲྭ་བཙུགས་ཏེ་སྐུ་ངོ་མས་འཛིན་སྐྱོང་འཆད་སྤེལ་གྱི་ཐུགས་འགན་བཞེས་པ་སོགས་རྣམ་དཀར་དགེ་བའི་འཕྲིན་ལས་ལ་བརྟེན་ནས་སྨད་མདོ་ཁམས་ཀྱི་ཡུལ་དུ་གསོ་རིག་གི་བསྟན་པའི་སྲོལ་སྔར་བས་དར་ཞིང་རྒྱས་པར་མཛད་དོ། །

ཀུན་གཟིགས་ཆེན་པོ་དེར་སྔ་ཕྱིར་བྱུང་བའི་སྣོད་ལྡན་གྱི་སློབ་མི་གྲས་སུ་གྲགས་ཆེ་བ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་དང་། འབེ་ལོ་ཚེ་དབང་ཀུན་ཁྱབ། ཆོས་རྒྱལ་བསྟན་པ་ཚེ་རིང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་སོགས་བྱུང་བའི་ནང་ནས་དབོན་ཀརྨ་ངེས་ལེགས་བསྟན་འཛིན་ཞུ་བ་དེས་སྨན་བསྡུས་ཨེ་<<ཕན་བདེའི་ནོར་བུའི་བང་མཛོད་>>དང་། ཝཾ་<<ཕན་བདེའི་བསིལ་ཟེར་སྤྲོ་བི་ཟླ་བ་གསར་པ་>>སོགས་མཛད།

དེ་བཞིན་སྡེ་དགེ་རྒྱལ་པོའམ་ཆོས་རྒྱལ་བསྟན་པ་ཚེ་རིང་ཞུ་བ་དེས་བོད་རབ་བྱུང་བཅུ་གཉིས་པའི་ཆུ་གླང་(སྤྱི་ལོ་༡༧༣༣) ལོར་སྔ་སོར་རྒྱུད་བཞིའི་པར་གཞི་པར་རྩ་བཅོལ་ཏེ་སྡེ་དགེའི་པར་མ་ཞེས་པ་བརྐོས་ནས་དཔར་དུ་བསྐྲུན་པ་དང་འབྲེལ་སྔ་ཕྱིར་རྒྱལ་པོ་ཡབ་སྲས་ཀྱིས་<<བཻ་སྔོན་>>དང་<<ཆ་ལག་བཅོ་བརྒྱད།>><<སྨན་དཔྱད་ཟླ་བའི་རྒྱལ་པོ།>> མན་ངག་<<བྱེ་བ་རིང་བསྲེལ།>> མན་ངག་<<བཀའ་རྒྱ་མ།>> སྨན་བསྡུས་<<ཨེ་ཝཾ་>>སོགས་གསོ་རིག་གི་བསྟན་བཅོས་ཚད་ལྡན་མང་པོ་པར་བརྐོས་དཔར་བསྐྲུན་མཛད་པ་བཅས་ལ་བརྟེན་ནས་གཏན་པ་མེད་པའི་ཆོས་སྦྱིན་གྱི་སྒོ་འཕར་དབྱེ་བར་མཛད་དོ། །

དེ་བཞིན་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ (སྤྱི་ལོ་ ༡༧༢༠)ལོར་བི་བྱིའི་གདུང་རྒྱུད་ལས་འཁྲུངས་པའི་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཞུ་བ་དེས་ཀུན་གཟིགས་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཁམས་སྤྲུལ་མཁས་དབང་ཀུན་དགའ་བསྟན་འཛིན། ཀཿ ཐོག་དགེ་རྩེ་ཚེ་དབང་ནོར་བུ་སོགས་བཤེས་གཉེན་དམ་པའི་དྲུང་ནས་གསོ་རིག་གིས་མཚོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་གསན་སྦྱོང་མཛད་དེ་མཁྱེན་རབ་རྒྱས་པ་ན། བཤུལ་རིང་གཏུམ་པོས་འཚེ་བ་སོགས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་ཟི་ཁྲོན་གྱི་འོ་མིན་ཤན་དང་། ཡུན་ནན་གྱི་འཇང་དང་། འཇུས། དེ་བཞིན་རྒྱ་གར་སོགས་ཕྱོགས་མཐའ་མང་པོ་བསྐོར་ནས་སྨན་རྫས་ཀྱི་རིགས་མཐའ་དག་ལ་རྟོག་ཞིབ་དཔྱིས་ཕྱིན་པ་མཛད་རྗེས་རབ་བྱུང་བཅུ་གསུམ་པའི་མེ་ལུག་ (སྤྱི་ལོ་ ༡༧༨༧) ལོར་སྐད་གྲགས་ཡོད་པའི་སྨན་རྫས་རིག་པའི་བསྟན་བཅོས་ཚད་ལྡན་ཏེ། བདུད་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་<<དྲི་མེད་ཤེལ་གོང་>>དང་། བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་<<དྲི་མེད་ཤེལ་ཕྲེང་>>ཞེས་པ་རྩ་འགྲེལ་གཉིས་དང་། སྨན་གྱི་ལག་ལེན་གཅེས་བསྡུས་<<ཀུན་གསལ་སྣང་མཛོད།>> གཏར་གའི་གདམས་པ་<<ཉེས་འཁྲུགས་རྙོག་དྲུངས་འབྱིན་བྱེད་ཀེ་ཏ་ཀ།>> མེ་བཙའི་གདམས་པ་<<ཤེལ་དཀར་མེ་ལོང་།>> རོ་བསྡེབས་སྦྱོར་བ་<<དོན་ཚང་ཚིག་བསྡུས།>> ཉེར་ལྔ་བརྒྱ་རྩའི་སྦྱོར་བ་ <<བདུད་རྩི་ཤེལ་དཀར་ཕྲེང་བའམ་མཁས་མང་ཡོངས་ཀྱི་མགུལ་རྒྱན།>>གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་<<དྲང་སྲོང་དགྱེས་པའི་འཛུམ་ཕྲེང་>>སོགས་ལེ་ཚན་དྲུག་ཅུ་རེ་གསུམ་ཙམ་མཛད་པ་བཅས་མདོར་ན་མཁས་དབང་འདིས་བོད་ཀྱི་གསོ་དཔྱད་སྨན་གྱི་རིག་པར་ཁ་སྐོང་དང་འཕེལ་རྒྱས་ཀྱི་མཛད་དྲིན་གཞལ་བར་མི་ནུས་པ་འཇོག་གནང་མཛད།

དེ་ནས་ཀུན་གཟིགས་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡང་སྲིད་སི་ཏུ་པདྨ་ཉིན་བྱེད་ཀྱི་སློབ་མ་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་སམ་རྗེ་དབོན་ཀརྨ་རཏྣས་གཅེས་བསྡུས་<<འཆི་མེད་ནོར་ཕྲེང་>>མ་བུ་དང་། རིན་ཆེན་རཏྣ་བསམ་འཕེལ་དང་། དབང་རིལ་རྟ་རི་མའི་སྦྱོར་སྡེ། <<རྒྱུད་བཞིའི་དཀའ་གནད་གསལ་འགྲེལ་>>སོགས་མཛད།

ཡང་སི་ཏུའི་ཡང་སློབ་བམ་སྡེ་དགེ་རྒྱལ་པོའི་བླ་སྨན་པ་མགོན་བསམ་གྱི་སློབ་མ་ཆོས་གྲགས་རྒྱ་མཚོ་ཞུ་བ་དེས་ཆུང་དུས་ནས་གསོ་རིག་ལ་གསན་བསམ་མཛད། མཁྱེན་རབ་རྒྱས་ཏེ་སྡེ་དགེ་རྒྱལ་པོའི་བླ་སྨན་དུ་དབང་བསྐུར། ཕྱིས་འཚོ་བྱེད་ལས་དང་པོར་ཉེ་བར་མཁོ་བ་<<ནད་སྨན་སྤྲོད་པའི་ཉམས་ཡིག་>>དང་། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་སྨན་གྱི་ཕྱག་བཞེས་སྐོར་གྱི་ཡིག་འཇོག་མཛད།

དེ་བཞིན་བླ་སྨན་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་(སྤྱི་ལོ་༡༨༢༠-༡༨༩༢)ལོར་སྐུ་འཁྲུངས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞུ་བ་དེས་ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཚོ་བྱེད་ཚེ་དབང་རབ་བརྟན་སོགས་སློབ་དཔོན་བཅུ་ཕྲག་ལྔ་ལྷག་ཙམ་གྱི་དྲུང་ནས་གསོ་རིག་གིས་མཚོན་རིག་གནས་མཐའ་དག་གསན་སྦྱོང་མཛད། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། གསོ་རིག་སྐོར་ལ་ཡང་<<རྒྱུད་བཞིའི་བསྡུས་དོན་སྙིང་པོ་>>དང་། <<སྨན་དཔྱད་ཉེར་མཁོ་སྣ་ཚོགས།>> སྨན་ངོ་དོགས་སེལ་<<བདུད་རྩི་ཟེགས་མ་>>སོགས་ལེ་ཚན་ཐོར་བུ་མང་པོ་མཛད།

ཕྱོགས་མཚུངས་སྐུ་ཉིད་ཀྱི་བླ་སློབ་གཉིས་ཀ་ཡིན་པ་སྟེ། བོད་རབ་བྱུང་བཅུ་བཞི་པའི་ཆུ་བྱ་(སྤྱི་ལོ་༡༨༡༣-༡༨༩༩)ལོར་སྐུ་འཁྲུངས་པའི་ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞུ་བ་དེས་ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། སི་ཏུ་པདྨ་ཉིན་བྱེད་སོགས་མཚན་ཉིད་དང་ལྡན་པའི་སློབ་དཔོན་དུ་མའི་དྲུང་ནས་གསོ་རིག་གིས་མཚོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་གསན་པ་ན་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས། གྲགས་པའི་བ་དན་ཕྱོགས་ཀུན་ཁྱབ། ལྷག་པར་དུ་གསོ་དཔྱད་སྨན་གྱི་རིག་པར་ཕྱག་ལེན་དཔྱིས་ཕྱིན་པ་མཛད་རྗེས་འཚོ་བྱེད་ལས་དང་པོར་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་བསྡུས་<<བདུད་རྩི་ཐིགས་པ་>>དང་། ཟིན་ཏིག་མཛེས་རྒྱན་<<བདུད་རྩི་སྨན་མཛོད།>> དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་<<འཚོ་བྱེད་མཁས་པའི་སྙིང་བཅུད།>> ལྕགས་ཁམས་ཐལ་བཟོའི་ལག་ལེན་<<འཚོ་མཛད་མཁས་པའི་ཁྱད་ནོར།>> གསོ་རིག་གིས་མཚོན་པའི་རིག་གནས་ཀུན་གྱི་སྤྱི་དོན་དང་འབྱུང་ཚུལ་སྐོར་གྱི་རྣམ་བཤད་<<ཤེས་བྱ་ཀུན་ཁྱབ་མཛོད་>> སོགས་ཚད་ལྡན་གྱི་བསྟན་བཅོས་དུ་མ་མཛད། མདོ་སྔགས་རིག་གནས་ཀུན་ལ་འཕྲིན་ལས་ཤིན་ཏུ་ཆེ། མཁྱེན་བརྒྱའི་བདག་ཉིད་ཆེན་པོ་དེའི་སྐལ་ལྡན་གྱི་སློབ་མའི་གྲས་སུ་འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོ་དང་། མཁན་ཆེན་བཀྲ་ཤིས་འོད་ཟེར། མཁས་དབང་ཆོས་གྲགས་རྒྱ་མཚོ། ཀརྨ་མཁའ་ཁྱབ་རྡོ་རྗེ་སོགས་དུ་མ་བྱུང་།

བོད་རབ་བྱུང་བཅུ་བཞི་པའི་མེ་རྟ་(སྤྱི་ལོ་ ༡༨༤༦-༡༩༡༢)ལོར་སྐུ་འཁྲུངས་པའི་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཞུ་བ་དེས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། མཁན་ཆེན་པདྨ་རྡོ་རྗེ། ལབ་སྐྱབས་མགོན་དགྱེས་རབ་རྡོ་རྗེ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་མཁས་གྲགས་ཆེ་བའི་སློབ་དཔོན་གཞན་དུ་མའི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལ་གསན་བསམ་དཔྱིས་ཕྱིན་པ་མཛད་དེ་མཁྱེན་རབ་ཡོངས་སུ་རྫོགས། སྨྲ་བའི་སེང་གེའི་སྐྱེས་བུ་ཆེན་པོར་གྱུར། གསོ་རིག་སྐོར་ལ་ཡང་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་<<འདོད་འབྱུང་ནོར་བུའི་མེ་ལོང་>>དང་། མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་སྐོར་<<ཕན་བདེའི་བང་མཛོད།>> <<རྩ་ཆུའི་འགྲེལ་པ།>> <<སྨན་སྦྱོར་བདུད་རྩི་ཐིག་ལེ།>> <<ལུས་ལ་ཉེ་བར་མཁོ་བའི་སྐབས་བརྒྱད་པ།>> ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་གཅིག་ཏུ་བཀོད་པ་<<ཟུག་རྔུ་ཀུན་སེལ་>>དང་<<ཙིནྟ་མཎི་>>སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་མཛད། སྨྲ་བའི་སེང་གེ་མཆོག་གི་སྣོད་ལྡན་གྱི་སློབ་མའི་གྲས་སུ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། ཞེ་ཆེན་རྒྱལ་ཚབ། མཁན་ཆེན་ཀུན་དཔལ་སོགས་མཁས་བརྒྱུད་དུ་མ་བྱུང་། དེ་བཞིན་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་སློབ་མ་སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར་ཞུ་བ་དེས་རྩ་རྒྱུད་ཀྱི་འགྲེལ་པ་<<རབ་དྭངས་ཆུ་ཤེལ་མེ་ལོང་>>དང་། བཤད་རྒྱུད་ཀྱི་འགྲེལ་པ་<<དོན་གསལ་རབ་ཏུ་སྣང་བའི་ཉིན་བྱེད།>> སྨན་སྦྱོར་གཅེས་བསྡུས་<<གཏེར་མཛོད་དམ་མན་ངག་བདུད་རྩི་རོལ་མཚོ་>>སོགས་ཚད་ལྡན་གྱི་བསྟན་བཅོས་དག་མཛད་པ་བཅས་མདོར་ན་རིམ་བྱོན་གྱི་མཁས་དབང་དེ་རྣམས་ཀྱི་ཐུགས་རྗེའི་འཕྲིན་ལས་ལ་བརྟེན་ནས་མདོ་ཁམས་ལྷོ་རྒྱུད་ཁུལ་དུ་གསོ་རིག་གི་བསྟན་པའི་རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་གཡོ་བར་མཛད་དོ། །

དེ་བཞིན་མདོ་སྨད་བྱང་ཤར་ཁུལ་དུ་ཡང་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཆུ་བཟང་བསྟན་པའི་རྒྱལ་མཚན་ཞུ་བ་དེས་མཆོག་ཉིད་སྐུ་འབུམ་དགོན་གྱི་ཚོགས་ཆེན་མཁན་པོའི་ཁྲི་བཞུགས་སྐབས་ཏེ་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་(སྤྱི་ལོ་༡༧༡༡)ལོར་སྐུ་འབུམ་བྱམས་པ་གླིང་དུ་སྨན་པ་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་ཞེས་པ་གསར་འཛུགས་ཀྱིས་བོད་རིགས་ཙམ་མ་ཟད། སོག་རིགས་ཀྱིས་མཚོན་སྐལ་ལྡན་གྱི་སློབ་མ་མང་པོ་ཡང་བོད་ཀྱི་གསོ་རིག་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་བསྩལ་བ་དང་འབྲེལ། ལྷ་སའི་<<རྒྱུད་བཞི་>>པར་མ་གཞིར་བཟུང་ནས་པར་གཞི་གསར་བསྐྲུན་མཛད་པ་དང་། ཕྱོགས་མཚུངས་རྗེ་འཇམ་དབྱངས་བཞད་པའི་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོ་ཞུ་བ་དེས་སྐུ་ཉིད་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་(སྤྱི་ལོ་༡༧༢༤)ལོར་སྨན་པ་གྲྭ་ཚང་གསོ་རིགས་གཞན་ཕན་གླིང་ཞེས་པ་འཛུགས་གཉེར་མཛད་པ་དང་། ད་དུང་སྐབས་དེར་ཡུལ་དེའི་རྒྱལ་པོ་སོག་པོ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་འདུན་པ་ལྟར་༸རྒྱལ་དབང་སྐལ་བཟང་རྒྱ་མཚོས་རྒྱལ་པོ་དེ་ཉིད་ཀྱི་བླ་སྨན་དུ་མངགས་པར་མཛད་པའི་ལྕགས་རི་བ་མཁས་པའི་དབང་པོ་གཙང་སྨན་ཡེ་ཤེས་བཟང་པོ་ཞུ་བ་དེ་སློབ་དཔོན་དུ་བསྐོ་བཞག་མཛད་པ་ན་སྐུ་ཉིད་ཀྱི་སྣོད་ལྡན་སློབ་མའི་གྲས་སུ་ཡང་བོད་རིགས་ཙམ་མ་ཟད། སོག་རིགས་སོགས་སློབ་བརྒྱུད་མང་པོ་བྱུང་བ་དེ་དག་ལ་གསོ་རིག་གི་གཞུང་འཆད་སྤེལ་དང་། མན་ངག་ལག་ལེན་དམར་ཁྲིད་ཀྱིས་མཚོན་མཐོང་བ་བརྒྱུད་པའི་ཕྱག་ལེན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང་། ལྷག་པར་མཁས་དབང་དེས་ངལ་བའི་ཁྱུར་ལྕི་ཐེག་པར་བཟོད་དེ་སྐུ་ཉིད་ངོ་བསྐྱོད་ཀྱིས་སློབ་མ་འཁྲིད་ནས་ཨ་མཆོག་ཕྱོགས་རྒྱུད་ཀྱི་གཉན་རྗེ་གུང་སྔོན་དང་། སྔོ་ལ་གཡུ་རྩེ། མཛོད་དགེའི་ཕྱོགས་ཀྱི་མར་ཁུའི་རྫ་རྒྱུད་དང་། སྐུ་བླ་སྤུན་གསུམ། ཀླུ་ཆུ་སྟོད་ཀྱི་ཀླུའི་ཆབ་བྲག མཛོ་མོ་རུ་རྩེ་སོགས་རྨ་འགྲམ་དང་རྩེ་འགྲམ་གྱི་རྫ་རི་དང་། བྲག་རི། སྤང་རི་བཅས་དུ་མ་འགྲིམས་ནས་སྨན་རྫས་རྟོག་ཞིབ་དང་། སྨན་ངོ་སྤྲོད་པ་སོགས་ལ་བརྟེན་ནས་གསོ་རིག་གི་བསྟན་པའི་སྲི་ཞུ་དང་འགྲོ་དོན་རྒྱ་ཆེན་པོ་བསྐྱངས། ད་དུང་<<བྱང་ཁོག་ཡུལ་ཐིག་རྩ་འགྲེལ་>>དང་། བདུད་རྩི་སྨན་ནག་ཆེན་མོའི་སྦྱོར་ལུགས་རྨ་རིགས་ཀུན་གྱི་ཡང་ཤུན་<<ནོར་བུའི་དོ་ཤལ་མཛེས་རྒྱན་>>བྱ་བ་སོགས་མཛད། སྐུ་ཉིད་ཀྱི་ཕུལ་བྱུང་གི་སློབ་མའི་གྲས་ནས་རྡོ་རྗེ་རབ་འབྱམས་དང་། སོག་པོ་མེར་རྒན་ཨེམ་རྗེ་བློ་བཟང་དར་རྒྱས་ཞུ་བ་གཉིས་ཀྱིས་ཀྱང་ཕྱིས་སློབ་དཔོན་གྱི་ཐུགས་འགན་བཞེས་ཏེ་གསོ་རིག་གི་བསྟན་པའི་སྲོལ་རྒྱུན་མི་ཉམས་པར་དར་བར་མཛད་པ་དང་། དེ་བཞིན་ཨ་མདོ་ཁུལ་གྱི་བྱ་ཁྱུང་དགོན་པ་དང་། ར་རྒྱ་བཀྲ་ཤིས་འབྱུང་གནས་གསེར་ཁོག་དང་ཅོ་ནེ། ལྷ་མོ་བཅས་སུའང་སྔ་ཕྱིར་སྨན་གྲྭ་བཙུགས་ནས་གསོ་རིག་དར་ཁྱབ་བྱུང་ཞིང་མདོར་ན་མདོ་སྨད་བྱང་ཤར་ཁུལ་གྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དང་། དཔལ་བཀྲ་ཤིས་འཁྱིལ་སོགས་སུ་སྨན་གྲྭ་བཙུགས་ནས་རིས་སུ་མ་ཆད་པའི་སྣོད་ལྡན་གྱི་སློབ་མ་མང་པོ་བསྐྱེད་བསྲིངས་མཛད་པ་དག་གིས་མདོ་སྨད་བྱང་ཤར་ཁུལ་ཡོངས་སུ་བོད་ཀྱི་གསོ་བ་རིག་པའི་དཔྱིད་ཀྱི་དགའ་ཚལ་རབ་ཏུ་བཞད་དེ་རིས་མེད་སྐྱེ་འགྲོ་ཀུན་གྱིས་ཅི་དགར་སྤྱོད་ཅིང་ནད་མེད་ལང་ཚོའི་དཔལ་དུ་གྱུར་པ་དེས་ཤན་ཞུགས་ཏེ་སྔ་ཕྱིར་བོད་ཀྱི་གསོ་བ་རིག་པ་དེ་ཡུལ་ཁམས་གཞན་དང་། སྤུན་ཟླའི་མི་རིགས་གཞན་གྱི་ཁྲོད་དུའང་དར་ཁྱབ་བྱུང་།

ལྷག་པར་དུ་དུས་དེ་ཙམ་ནས་ལྕགས་རི་འགྲོ་ཕན་གླིང་ནས་འཚོ་བྱེད་མཁས་པ་བློ་བཟང་ཆོས་འཕེལ་དང་། སྐལ་བཟང་ཡར་འཕེལ་ཞུ་བ་གཉིས་ཕྱི་སོག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པའི་བླ་སྨན་དང་འཇམ་དབྱངས་མཁས་གྲུབ་ཞུ་བ་དེ་གོང་མའི་དབུ་བླ་ལྕང་སྐྱ་རིན་པོ་ཆེའི་བླ་སྨན་དུ་གཏོང་གནང་མཛད་པ་དང་། གོང་མ་ཆན་ལུང་ཁྲིར་བཞུགས་དགུ་པ་སྟེ། བོད་རབ་བྱུང་བཅུ་གཉིས་པའི་ཤིང་གླང་(སྤྱི་ལོ་༡༧༤༥)ལོར་གྲོང་ཁྱེར་ཆེན་པོ་པེ་ཅིང་གི་གཡུང་ཧཱ་ཀུང་ངམ་དགའ་ལྡན་བྱིན་ཆགས་གླིང་དུ་སྨན་གྲྭ་སྟེ་བོད་ལུགས་གསོ་རིག་སློབ་གྲྭ་བཙུགས་ནས་རིས་མེད་ཀྱི་སློབ་མ་བསྐྱེད་བསྲིངས་བྱུང་བའི་ཁར་སོག་ཡུལ་གྱི་ཧལ་ཧ་དང་ཞེ་ཧོར་སོགས་དགོན་སྡེ་ཆེ་གྲས་མང་པོའི་ནང་དུའང་བོད་ཀྱི་གསོ་རིག་སློབ་སྦྱོང་བྱེད་པའི་སྨན་གྲྭ་བཙུགས་ (སྤྱིར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་དུས་སྤྱི་ལོ་༡༥༤༣-༡༥༨༨བར་དར་བར་གྲགས་)ཏེ་མི་རིགས་དེ་རང་གི་སློབ་མ་བསྐྱེད་བསྲིངས་བྱས་པ་སོགས་ལ་བརྟེན་ནས་སོག་ཡུལ་གྱི་ནང་དུའང་བོད་ཀྱི་གསོ་བ་རིག་པ་དར་ཁྱབ་བྱུང་བ་དང་འབྲེལ་སྔ་ཕྱིར་ཁུལ་དེ་ཚོའི་རྒྱུད་དུ་ཚེ་རིག་འཛིན་པའི་སྐྱེས་བུ་དམ་པ་དུ་མ་བྱོན་པའི་ནང་ནས་མཁས་ཤིང་གྲགས་པ་ཆེ་བ་ནི། ཀུན་མཁྱེན་འཇིགས་མེད་དབང་པོ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། རོང་པ་མཚན་སྒྲོག་པདྨ་བཛྲའམ་འཇམ་དཔལ་བསྟན་པ་རབ་རྒྱས། སོག་པོ་ངག་དབང་ཝང་། སྨིན་གྲོལ་ནོ་མི་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས། ལྕང་ལུང་པཎྜི་ཏ་བློ་བཟང་ཆོས་འཕེལ། སོག་པོ་བ་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་དང་ལུང་རིགས་བསྟན་དར་སོགས་བྱུང་ཞིང་། དེ་དག་གི་ནང་ནས་ཀྱང་བོད་རབ་བྱུང་བཅུ་གཉིས་པི་ཤིང་སྤྲེལ་  (སྤྱི་ལོ་༡༧༠༤-༡༧༨༨)ལོར་སྐུ་འཁྲུངས་པའི་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ཞུ་བ་དེས་<<གསོ་དཔྱད་བདུད་རྩི་ཆུ་རྒྱུན་>>དང་། སྨན་རྫས་ཀྱི་མངོན་བརྗོད་དང་ངོས་འཛིན་<<ཤེལ་དཀར་མེ་ལོང་།>> སྨན་དཔྱད་ཤིན་ཏུ་བསྡུས་པ་<<བདུད་རྩི་དགའ་སྟོན།>> གསོ་བ་རིག་པའི་མན་ངག་ཤིན་ཏུ་ཉུང་བསྡུས་<<བདུད་རྩི་ཐིགས་པ་>>སོགས་མཛད་པ་དང་། སྨིན་གྲོལ་ནོ་མི་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཞུ་བ་དེས་གསོ་རིག་གི་བསྟན་བཅོས་མཐའ་དག་གི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་<<མན་ངག་རིན་ཆེན་འབྱུང་གནས་>>དང་། རོང་པོ་མཚན་སྒྲོག་པདྨ་བཛྲའམ་འཇམ་དཔལ་བསྟན་པ་དར་རྒྱས་ཞུ་བ་དེས་<<གསོ་རིག་སྤྱི་བཤད་>>དང་། སྨན་ངོས་འཛིན་ཉེར་མཁོ་<<ཨུཏྤལ་ཆུན་པོ།>> རིམས་སྲུང་དགུ་སྦྱོར་སོགས་མཛད། སོག་པོ་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཞུ་བ་དེས་གསོ་དཔྱད་བདུད་རྩི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་ཤར་བ་<<མཛེས་མཚར་མིག་རྒྱན་>>ཞེས་པ་སྨན་རྫས་ཀྱི་དཔེ་རིས་དང་བཅས་པ་གསལ་བའི་བསྟན་བཅོས་དང་<<ལྕགས་ཁམས་ཐལ་བཟོའི་>>སྐོར་སོགས་མཛད་ལ། ཕྱི་སོག་སྨན་པ་ལུང་རིགས་བསྟན་དར་ཞུ་བ་དེས་རྒྱུད་བཞིའི་བརྡ་དོན་གོ་དཀའ་བ་འགའ་ཞིག་བཀྲོལ་བ་<<རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན་>>དང་། མན་རྒྱུད་ལྷན་ཐབས་ཀྱི་དཀའ་གནད་བཀྲོལ་བ་<<རྣམ་རྒྱལ་གསེར་མདོག་ཕྲེང་བ།>> <<རྒྱུད་བཞིའི་མཐའ་དཔྱོད་>>ཅེས་པའང་མཛད། གཞན་ཡང་སྟོད་ལ་དྭགས་དང་། འབྲུག་ཡུལ། འབྲས་ལྗོངས། བལ་ཡུལ། རྒྱ་གར་སོགས་སུ་ཡང་སྔ་ཕྱིར་བོད་ཀྱི་གསོ་རིག་དར་ཁྱབ་ཕྱིན་ནས་མི་རིགས་གཞན་གྱི་འཚོ་གནས་ལ་ཡང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཞིང་སྙན་པའི་གྲགས་པས་ཁྱབ་པ་ཡིན་ནོ།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ཞེས་པ་ནས་ཟུར་འདོན་ཞུས།།


མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།