སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

དེ་ཡང་བོད་རབ་བྱུང་བཅུ་པ་མེ་སྦྲུལ་ (སྤྱི་ལོ་ ༡༦༡༧-༡༦༨༢) ལོར་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས་པའི་ཀུན་མཁྱེན་ལྔ་པ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་དབང་གྱུར་པ་ན་རྗེ་ཉིད་ཀྱི་མཁྱེན་གཟིགས་ཀྱི་འཕྲིན་ལས་ལ་བརྟེན་ནས་བོད་ཀྱི་མདོ་སྔགས་རིག་གནས་སྤྱི་དང་། ལྷག་པར་གསོ་རིག་དང་སྨན་རིག་གི་བྱ་གཞག་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་ཐུགས་བསྐྱེད་བཟང་པོའི་ཉེར་ལེན་ལས་ཐོག་མར་ྋརྒྱལ་དབང་ལྔ་པ་མཆོག་གི་ཚུར་མཐོང་བློ་ཡི་སྣང་ངོར་གསོ་དཔྱད་རྒྱུད་ཀྱི་ཉམས་ཁྲིད་མཁས་གྲུབ་ཆེན་པོ་ཁྲ་ཚང་པ་ལས་བཞེས་པ་དང་། རྒྱུད་བཞིས་མཚོན་བདུད་རྩི་བུམ་པ་དང་། བྱེ་བ་རིང་བསྲེལ། གོང་སྨན་པའི་ཉམས་ཡིག་སོགས་གསོ་དཔྱད་ཀྱི་གཞུང་མང་ཆེས་པའི་ལུང་ཁྲིད་དང་ཁྱད་པར་གཡུ་ཐོག་པའི་གདམས་ཟབ་རྣམས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་སོགས་ཚད་ལྡན་གྱི་བཤེས་གཉེན་དུ་མའི་དྲུང་ནས་གསན་བཞེས་གནང་ཞིང་དོན་ལའང་གཞིགས་པ་བཅུག  ལྷག་པར་ྋརྒྱལ་དབང་ལྔ་པ་མཆོག་གིས་ཐོག་མར་བྱང་ངོས་ནང་སོ་དར་རྒྱས་ཀྱི་རེ་བསྐུལ་ཞུས་པ་བཞིན་འཕྲིན་ལས་ཀྱི་བྱེད་པ་སློབ་དཔོན་དོན་གྲུབ་དཔལ་བ་དང་། དར་མོ་སྨན་རམས་པ། རྣམ་གླིང་པཎ་ཆེན་བཅས་ལ་ཞུས་དག་གནང་དགོས་པའི་འགན་དབང་སྩལ་ཏེ་<<གྲྭ་ཐང་རྒྱུད་བཞི་>>འདི་ཉིད་སོར་བཞག་གི་ཞུས་དག་མཛད་དེ་དཔར་གཞི་གསར་བསྐྲུན་དང་འབྲེལ་ྋརྒྱལ་དབང་ལྔ་པ་མཆོག་གིས་མཛད་བྱང་གི་བཀའ་རྩོམ་བཟང་པོས་བརྒྱན་པ་བསྩལ། དེ་དང་ཆབས་ཅིག་ཟུར་མཁར་བློ་གྲོས་རྒྱལ་པོའི་རྩ་བཤད་གཉིས་ཀྱི་འགྲེལ་པ་<<མེས་པོའི་ཞལ་ལུང་>>དང་། ཕྱི་རྒྱུད་ཆུ་མདོ་ཡན་གྱི་འགྲེལ་པ་<<མེས་པོའི་ཞལ་ལུང་>>ཞེས་བྱ་བའི་མ་ཟིན་ཆེན་པོ་འདི་རྣམས་སྐུ་ཉིད་ཀྱི་བླ་སྨན་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་གཉིས་ལ་དག་ཞུས་དགོས་པའི་བཀའ་ཁྱབ་དང་། རྗེ་བླ་མ་ཉིད་ནས་ཀྱང་ལྗགས་ཞུས་ཚད་ལྡན་སྩལ་ཏེ་པར་གཞི་གསར་དུ་བརྐོས་གནང་མཛད། དེ་བཞིན་དར་མོ་སྨན་རམས་པའི་མ་དཔེ་འཚོལ་བསྡུ་གནང་བ་དང་། ལྔ་པ་ཆེན་པོའི་བཀའི་གནང་བ་ཐོབ་པར་བརྟེན་གཡུ་ཐོག་གསར་རྙིང་གི་<<རྣམ་ཐར་>>མ་དཔེ་ཇི་སོན་ལྟར་<<ཆ་ལག་བཅོ་བརྒྱད་>>ཅེས་པ་བསྡུ་བསྒྲིགས་མཛད་དེ་པར་གཞི་གསར་བརྐོས་ཀྱང་མཛད། གཞན་ཡང་གོང་གསལ་དར་མོ་སྨན་རམས་པ་མཆོག་གིས་མཛད་པའི་མན་རྒྱུད་འགྲེལ་པ་མེས་པོའི་ཞལ་ལུང་<<ལེགས་བཤད་གསེར་རྒྱན་>>དང་། ཕྱི་རྒྱུད་རྩ་ཆུ་མན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་<<དཀའ་གནད་རྡོ་རྗེའི་མདུད་འགྲོལ་>>གཉིས་ཀྱང་པར་གཞི་གསར་བརྐོས་གནང་། ལྷག་པར་དུ་བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་ཆེད་ལྔ་པ་ཆེན་པོས་ཐོག་མར་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་སློབ་གྲྭ་འགྲོ་ཕན་གླིང་བྱ་བ་ཞིག་གསར་དུ་བཙུགས་ཏེ་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོར་སློབ་དཔོན་དང་། བྱང་ངོས་ནང་སོ་དར་རྒྱས་དོ་དམ་པར་བསྐོ་བཞག་མཛད། དེ་བཞིན་གཞིས་ཀ་བསམ་འགྲུབ་རྩེར་ཚ་རོང་པས་དོ་དམ་པའི་འགན་བཞེས་ཏེ་གསོ་རིག་གི་སློབ་གྲྭ་དྲང་སྲོང་འདུས་པའི་གླིང་ཞེས་པ་དང་། དེ་རྗེས་རྩེ་ཕོ་བྲང་གི་ཤར་ཆེན་ལྕོག་དང་། གཡུལ་རྒྱལ་ལྕོག གསང་ཕུ་ཉི་མ་ཐང་སོ་སོར་བྱང་ངོས་པ་དང་དར་མོ་སྨན་རམས་པའི་སློབ་གྲྭ་བྱ་བའང་འཛུགས་གནང་གིས་སློབ་མར་མཐུན་རྐྱེན་གང་ཐད་ནས་མི་དམན་པར་ཐུགས་རྗེས་བསྐྱངས། གཞན་ཡང་ྋརྒྱལ་དབང་ལྔ་པ་མཆོག་གི་སྐུ་ཚེའི་སྨད་ཙམ་ལ་ལྷོ་ཁ་གྲྭ་ཕྱི་ནས་སྟོད་ལུགས་པ་གནས་ལུགས་ཞུ་བ་དེ་ཆེད་མངགས་གདན་ཞུས་ཀྱིས་འཕགས་ཡུལ་གྱི་རྣལ་འབྱོར་པ་མི་ཏྲ་ཛོ་ཀིའི་ལུགས་ཀྱི་མིག་འབྱེད་དང་། བོད་ལུགས་ཀྱི་མིག་འབྱེད་གཅེས་བསྡུས། གཙང་སྟོད་དར་མ་མགོན་པོའི་སློབ་བརྒྱུད་དགེ་སློང་གཞན་ཕན་ཞུ་བ་དང་། གཉའ་ནང་ནམ་མཁའ་ལྷ་བཅས་གདན་ཞུས་ཏེ་བྱང་པའི་རྒྱུད་འགྲེལ་དང་གདམས་ངག་སྐོར་དང་། གྲུབ་ཐོབ་ཨོ་རྒྱན་པའི་ཕྱག་ལེན་དངུལ་ཆུ་བཙོ་བཀྲུའི་སྐོར་རྣམས་དར་མོ་སྨན་རམས་པ་དང་། ལྷག་བསམ་གྱིས་མཚོན་གཉུག་མར་གནས་པའི་སྨན་པ་རྣམས་ལ་ལུང་སྦྱོན་སློབ་ཁྲིད་ཆེད་གཉེར་དགོས་པའི་བཀའི་གནང་བ་སྦྱིན། ད་དུང་ྋརྒྱལ་དབང་ལྔ་པ་མཆོག་གིས་སྐྱེ་འགྲོའི་སྲོག་སྐྱོབ་ཕན་བདེར་དགོངས་ནས་སྲིད་ན་དཀོན་ཞིང་རྙེད་པར་དཀའ་བའི་རིན་པོ་ཆེ་སྣ་ཚོགས་དང་། སྔོན་བྱོན་མཁས་གྲུབ་དུ་མའི་ཁྱད་འཕགས་ཀྱི་རིན་ཆེན་རིལ་བུའི་ཕབ་གཏའ་ཚད་ལྡན་གྱི་སྨན་རྫས་དུ་མ་ལོངས་སུ་སྤྱོད་པའི་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་། ཚ་སྦྱོར། དབང་རིལ་རྟ་རི་མ། དབང་རིལ་ཤེལ་དཀར་མཆོད་རྟེན། དབང་ཕྱུག་ཆེན་པོའི་གསུང་གི་རྒྱུད་མེ་ལྕེ་འབར་བའི་དགོངས་དོན་དུག་འཇོམས་དབང་རིལ་སོགས་ཕོན་ཆེ་བ་བསྡུ་སྒྲུབ་ཚུལ་བཞིན་བགྱིས་ཏེ་དགེ་བའི་རྒྱུན་བཟང་བཙུགས་གནང་མཛད་པ་སོགས་འགྲོ་ཕན་གྱི་མཛད་པ་དག་བླ་ན་མངོན་པར་འཕགས་སོ།།

དེ་ནས་བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ (སྤྱི་ལོ་ ༡༦༥༣-༡༧༠༦) ལོར་ལྷ་སའི་བྱང་ངོས་ཉང་བྲན་གྲོང་སྨད་གཞིས་ཀར་སྐུ་འཁྲུངས་པའི་སངས་རྒྱས་རྒྱ་མཚོ་ཞུ་བ་དེས་སྐུ་ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ཐུགས་ལ་གཞོལ། དགུང་ལོ་བརྒྱད་ཀྱི་ཐོག་ལ་ྋརྒྱལ་དབང་ལྔ་པའི་སྐུ་མདུན་དུ་བཅར་བཞུགས་ཀྱིས་མདོ་སྔགས་ཀྱིས་མཚོན་པའི་རིག་གནས་ཀུན་ལ་གསན་སྦྱོང་གནང་། ལྷག་པར་དུ་བཅུ་ཕྲག་རིག་གནས་སྤྱི་དང་ཡང་སྒོས་སྨན་རྩིས་བསྟན་པའི་གཞུང་ལུགས་ཀུན་ལ་དཔྱིས་ཕྱིན་པར་མཛད་པས་བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཤིན་ཏུ་ཆེ་བ་དང་། མཛད་རྗེས་བླ་ན་འཕགས་པའི་སྐྱེས་བུ་དམ་པ་ཞིག་རེད། མཐར་ཆོས་སྲིད་རིག་གནས་མཐའ་དག་ལ་མངའ་བརྙེས་པ་ན་ྋརྒྱལ་དབང་ལྔ་པ་མཆོག་གི་ཐུགས་སྲས་དམ་པར་གྱུར་ཏེ་ཆོས་སྲིད་གཉིས་ཀའི་སྲིད་སྐྱོང་གི་འགན་བཞེས་དགོས་པའི་བཀའ་ནན་ཕེབས་པ་ལ་བརྟེན་ནས་སྲིད་སྐྱོང་གི་ཞབས་ཕྱི་བཀའ་གནང་ལྟར་ལོ་ངོ་ཉེར་དྲུག་རིང་སྲིད་བསྐྱངས་ནས་མཚན་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོར་གྲགས། སྲིད་སྐྱོང་པཎྜི་ཏ་ཆེན་པོ་དེས་སྔ་སོར་དཔར་དུ་བརྐོས་པའི་<<གྲྭ་ཐང་རྒྱུད་བཞིའི་>>དཔར་གཞིར་བསྐྱར་དུ་དཔྱད་པ་ཞིབ་མོར་མཛད་པའི་སྒོ་ནས་དག་བཅོས་དང་། ཚིག་དོན་གང་ཅིར་སྲི་ཞུའི་བྱི་དོར་སྔར་ན་མ་བྱུང་བ་ཞིག་མཛད་དེ་པར་བྱང་སྨོན་ཚིག་ཁྱད་པར་ཅན་གྱིས་བརྒྱན་ཏེ་དཔར་གཞི་གསར་བརྐོས་མཛད་ནས་རྒྱ་ཁྱབ་ཏུ་དར་སྤེལ་ཤུགས་ཆེན་བྱུང་བ་དེ་དག་གི་ཉེར་ལེན་ལས་མི་རིང་བར་མདོ་སྨད་སྐུ་འབུམ་བྱམས་པ་གླིང་དང་། ཁམས་ཕྱོགས་སྡེ་དགེ་པར་ཁང་ཆེན་མོ་སོགས་ལ་རིམ་བཞིན་ལྷ་སའི་རྒྱུད་བཞིར་རྨང་གཞི་བཅོལ་ཏེ་ཡང་བསྐྱར་པར་དུ་བརྐོས། དེ་རྗེས་ལྔ་པ་ཆེན་པོས་བསྐྱར་དུ་སངས་རྒྱས་རྒྱ་མཚོ་མཆོག་ལ་སྐུ་ཡོན་གང་ཅིར་བརྩོན་པ་གནང་དགོས་པའི་སློབ་སྟོན་དང་འབྲེལ་གསོ་རིག་སྐོར་ནས་ཐུགས་འཛིན་དང་། གཞུང་བཤད་མན་ངག་ལག་ལེན་དང་བཅས་པའི་མཚོན་དབང་ལུང་ཁྲིད་སོགས་དགེ་བའི་བཤེས་གཉེན་ཆེན་པོ་ཁྱབ་བདག་ཁྲ་ཚང་པ་དང་། ཟུར་ཆོས་དབྱིངས་རང་གྲོལ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལས་བཞེས་པས་གང་ཉིད་གསོ་དཔྱད་བསྟན་པའི་རྩ་ལག་དམ་པར་གྱུར་པའི་ཐུགས་རྒྱུད་སྨིན་པར་མཛད། དེ་ལྟར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དེས་བོད་ཀྱི་གསོ་རིག་འཆད་ཉན་དར་སྤེལ་ཡོང་བ་དང་། ལུས་ཅན་མཐའ་དག་ཕན་བདེའི་འབྲས་བུ་ཡུན་ནས་ཡུན་དུ་ལོངས་སྤྱོད་ཕྱིར་རྗེས་འཛིན་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་རྩ་བ་དཔལ་ལྡན་<<རྒྱུད་བཞི་>>ཡི་འབྲུ་འགྲེལ་<<གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻ་ཌཱུར་སྔོན་པོའི་མལླི་ཀ་>> ཞེས་པ་དཔེ་ཚད་ཤོག་ལྷེ་སྟོང་དང་ཉིས་བརྒྱ་སྐོར་ལོངས་པ་གསར་རྩོམ་དང་འབྲེལ་དེའི་ནང་དོན་རྣམས་ལེགས་པར་བཀྲོལ་ཕྱིར་མཁས་བླུན་བར་མ་དང་བཅས་པ་ཀུན་གྱིས་བདེ་བླག་ཏུ་རྟོགས་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་ཆ་༧༩ཆ་ཚང་བ་ཕྱོགས་བསྒྲིགས་གནང་། དེའི་ནང་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རོ་བཀྲ་དང་དབྱེ་གསང་། སྨན་རྫས་ཆ་བྱད་ཙམ་མ་ཟད། གཞུང་འཆད་ཚུལ་གྱི་མཚོན་པའི་ནང་དོན་ཇི་མ་ཇི་བཞིན་དཔེ་རིས་སུ་ཕབ་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་གནང་མཛད་པ་དང་འབྲེལ་མཁས་པ་ཆོས་ཀྱི་རྗེས་སུ་འབྲངས་པའི་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟེན་ནས་དོན་དངོས་ལ་ཟབ་འཇུག་གིས་རི་མོ་མཁས་ཅན་ལྷོ་བྲག་བསྟན་འཛིན་ནོར་བུར་ཕུང་པོ་དངོས་ལ་བལྟས་ཏེ་རོ་བཀྲའི་དཔེ་རིས་བྲིས་སུ་བཅུག་ཐོག་ཟུར་བལྟའི་དཔྱད་གཞིར་བཀོད་དེ་གཞུང་འགྲེལ་དུའང་གསལ་ཁ་མཛད། ད་དུང་མན་རྒྱུད་ཁ་སྐོང་དང་འཕེལ་རྒྱས་སུ་བཏང་ནས་<<མན་ངག་ལྷན་ཐབས་>>ཞེས་པ་ལེའུ་བརྒྱ་དང་སུམ་ཅུ་སོ་གསུམ་གྱི་བདག་ཉིད་ཅན་དང་། སྨན་གྱི་ཆོས་འབྱུང་<<ཁོག་འབུགས་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་>>སོགས་བསྟན་བཅོས་ཇི་སྙེད་ཅིག་གསར་རྩོམ་གནང་། ལྷག་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ྋརྒྱལ་བ་ལྔ་པའི་དགོངས་བཞེད་གྲུབ་པའི་ཆེད་དུ་ལྷ་ས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་དང་། སྐུ་ངོ་མས་སྨན་གཞུང་སློབ་ཁྲིད་བསྐྱངས་པ་དང་། ལོ་རེ་གནངས་འཆར་སྨན་སྣེ་འཛོམ་པོ་ཡོད་པའི་ལྷ་སའི་བྱང་ཤར་ངོས་ཀྱི་རི་རྒྱུད་དུ་སྐུ་ངོ་མ་ཕེབས་ཏེ་སྨན་པ་ཚོར་བདུད་རྩི་སྨན་གྱི་ངོ་བོ་ངོས་འཛིན་དང་བཅས་པ་མཐོང་བ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར་ངོ་སྤྲོད་བཀའ་དྲིན་བསྐྱངས་པ་སོགས་བོད་ལྗོངས་ཡོངས་ལ་ཕན་བདེའི་སྒོ་འཕར་བརྒྱ་ཕྲག་ཏུ་འབྱེད་པའི་མཛད་རྗེས་བརྗོད་ལས་འདས། དམ་པ་དེའི་སློབ་མའི་གཙོ་བོ་སྨིན་གླིང་ངག་དབང་སངས་རྒྱས་དཔལ་བཟང་ཞུ་བ་དེས་<<ལྷན་ཐབས་ཀྱི་ལྡེ་མིག་རྒྱ་མདུད་>>ཅེས་པ་ཆིག་བརྒྱུད་ཀྱི་གདམས་པ་ལྷུག་པར་བཀྲོལ་བའི་ལེགས་བཤད་དང་ཕྱོགས་མཚུངས་མན་ངག་ལྷན་ཐབས་ཀྱི་གཅེས་བསྡུས་ཟུར་བརྒྱན་ཕྱི་མ་<<ལྡེ་མིག་སྦས་དོན་ཀུན་གསལ་>>ཞེས་བྱ་བ་སོགས་ཀྱང་མཛད་ཡོད་པར་གྲགས་སོ། །

ལྷག་པར་ལྷོ་ཁ་ཡར་སྟོད་དུ་སྐུ་འཁྲུངས་པའི་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཞུ་བ་དེས་མཁས་གྲུབ་ཀྱི་བདག་ཉིད་ཆེན་པོ་དྲང་སྲོང་བསྟན་འཛིན་རྒྱལ་པོ་དང་། གླིང་སྟོད་ཆོས་རྗེ། ཉི་ཐང་བློ་བཟང་རྒྱ་མཚོ་སོགས་སློབ་དཔོན་དུ་མ་བསྟེན་ནས་གསོ་དཔྱད་ལ་མཁྱེན་པ་རབ་ཏུ་རྒྱས་པ་ན་ལྔ་པ་ཆེན་པོའི་གཟིགས་པ་ཆེ་བ་དང་། སྡེ་སྲིད་རིན་པོ་ཆེས་ཀྱང་སྨན་བླ་ལྟ་བུ་འདུག་ཅེས་བསྔགས་བརྗོད་གནང་བ་བཞིན་ཀུན་མཁྱེན་ལྔ་པ་ཆེན་པོའི་བླ་སྨན་དུ་དབང་བསྐུར། རྗེ་དེ་ཉིད་ཀྱིས་གདམས་ངག་ལག་ལེན་གྱི་སྙིང་པོ་བསྡུས་པའི་<<མན་ངག་བཀའ་རྒྱ་མ་>>དང་། རྩ་རྒྱུད་ཀྱི་སྡོང་འགྲེམས་<<ལེགས་བཤད་གསེར་གྱི་ལྡེ་མིག>> བཤད་རྒྱུད་ཀྱི་དཀའ་བའི་འབྲུ་འགྲེལ་<<ལེགས་བཤད་གསེར་གྱི་ཐུར་མ།>> བཤད་རྒྱུད་ཀྱི་ཚིག་འགྲེལ་<<གསེར་མཆན་རྣམ་བཀྲ་གླེགས་བམ་གན་མཛོད།>> མན་ངག་རྒྱུད་ཀྱི་འབྲུ་འགྲེལ་<<དཀའ་འཕྲང་མུན་སེལ་སྒྲོན་མེ།>> ནུས་པ་རྐྱང་སེལ་གྱི་ཚིག་དོན་འགྲེལ་པ་<<མེས་པོའི་དགོངས་རྒྱན།>> ཕྱི་རྒྱུད་རྩ་མདོའི་འབྲུ་འགྲེལ་<<ལེགས་བཤད་སྒྲ་རྒྱན།>> རྐྱང་སེལ་གྱི་སྐད་དོད་བྱེ་བྲག་རྟོགས་བྱེད་ལས་<<ཉེར་མཁོ་ཁོལ་དུ་ཕྱུང་བ།>> རིན་ཆེན་སྨན་རྫས་སྐོར་གླེང་བ་<<ལེགས་བཤད་བཻ་ཌཱུར་དཀར་པོའི་ཕྲེང་བ།>> གསོ་རིག་ཆོས་འབྱུང་<<སྐལ་བཟང་འགྲོ་བའི་མྱུར་ལམ།>> རིན་ཆེན་རིལ་བུའི་སྦྱོར་སྡེ་<<སྨན་རྒྱལ་དགོངས་པའི་མེ་ལོང་།>> དངུལ་ཆུའི་ལག་ལེན་<<བཀླགས་པའི་དོན་ཀུན་གྲུབ་པ།>> རིན་ཆེན་རིལ་བུའི་གཏོང་ཚུལ་<<ཞལ་ཤེས་རྡོ་རྗེ་ཕ་ལམ།>> དུག་འཇོམས་དབང་རིལ་གྱི་སྦྱོར་བ་<<གཞན་ཕན་ཟླ་བ་གསར་པའི་ཟིལ་མངར།>> གཞན་ཡང་དར་མོ་སྨན་རམས་པ་རང་གི་མན་རྒྱུད་མེས་པོའི་ཞལ་ལུང་<<ལེགས་བཤད་གསེར་རྒྱན་>>ཞེས་པ་དང་། ལྔ་པ་ཆེན་པོའི་བཀའ་བཞིན་དར་མོ་བ་རང་དང་། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་རྣམ་གཉིས་ཀྱིས་ཕྱི་རྒྱུད་རྩ་ཆུ་མན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་<<དཀའ་གནད་རྡོ་རྗེའི་མདུད་འགྲོལ་>>ཞེས་པ་གསར་རྩོམ་གནང་བ་དང་། གཡུ་ཐོག་པ་གསར་རྙིང་གི་<<རྣམ་ཐར་>>ཕྱོགས་སྒྲིག་མཛད་པར་ྋརྒྱལ་དབང་ལྔ་པས་པར་བྱང་བཀའ་དྲིན་དུ་སྩལ་བ་དང་། <<བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་བསྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད་>>ཅེས་པ་སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་གསར་རྩོམ་མཛད་པས་མཚོན་གཞན་ཕན་རྗེས་འཛིན་གྱི་རིག་པ་འདི་ཉིད་དར་རྒྱས་ཡུན་གནས་ཡོང་ཕྱིར་ལེགས་སྐྱེས་མང་དག་ཅིག་ཕུལ་བ་དང་། རྗེས་འཛིན་སློབ་མ་སྨན་རམས་པ་བློ་གྲོས་ཆོས་འཕེལ་སོགས་མང་པོ་ཐོན་ཏེ་འགྲོ་ཕན་རྒྱ་ཆེར་བྱུང་སྟབས་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དང་། ཐ་ན་སོག་ཡུལ་བཅས་པར་དམ་པ་དེའི་སྙན་གྲགས་ཤིན་ཏུ་ཆེ། མདོར་ན་ྋརྒྱལ་བ་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཛད་འཕྲིན་བཟང་པོའི་ཉེར་ལེན་ལས་བོད་ལྗོངས་ཡོངས་ལ་བོད་ཀྱི་གསོ་རིག་དར་རྒྱས་ཆེས་ཆེར་བྱུང་བ་མ་ཟད། མདོ་སྨད་ཨ་མདོ་ཁུལ་དང་། ཁམས་ཕྱོགས། སོག་ཡུལ་བཅས་པར་གསོ་དཔྱད་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡུན་གནས་སུ་གྱུར་པའི་སྐལ་བཟང་རྫོགས་ལྡན་དཔལ་ལ་འགྲན་པ་ཞིག་བྱུང་བ་ཡིན་ནོ།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ཞེས་པ་ནས་ཟུར་འདོན་ཞུས།།


 

མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།