སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་རིག་ལ་སླར་ཡང་དཔྱིད་དཔལ་བཞད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་ཀྱི་གསོ་རིག་ལ་སླར་ཡང་དཔྱིད་དཔལ་བཞད་པ།

 

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

བོད་རབ་རྒྱལ་ས་རྟ་(སྤྱི་ལོ་༡༩༧༨)ལོར་ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལམ་ཕྱོགས་ཀྱི་བསྐུལ་མའི་འོག་བོད་ཀྱི་གསོ་རིག་ལ་སླར་ཡང་དཔྱིད་དཔལ་བཞད་ཅིང་། དེ་ཡང་ཏང་གི་མི་རིགས་གསོ་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཆེད་སྔར་ལས་ཆ་ཚང་ཞིང་ཡང་དག་པའི་སྲིད་བྱུས་གཏན་འབེབས་གནང་སྟེ་“ཏང་གིས་དུས་རབས་གསར་པའི་ནང་མི་རིགས་ཀྱི་གསོ་རིག་ལ་འཛིན་པའི་སྲིད་བྱུས་ནི། མི་རིགས་ཀྱི་སྨན་དོན་མི་སྣར་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་ཡིད་རྟོན་ནས་འབད་བརྩོན་ཆེན་པོས་མི་རིགས་ཀྱི་གསོ་རིག་ཤུལ་བཞག་རྣམས་བརྒྱུད་འཛིན་དང༌།་སྔོག་འདོན།་བཅོས་སྒྲིག་གོང་མཐོར་གཏོང་བ་བཅས་ལ་བརྟེན་ནས་མི་རིགས་ཁག་གི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་འགན་སྲུང་དང་། མེས་རྒྱལ་གསོ་བ་རིག་པའི་ཚན་རིག་དར་རྒྱས་ཡོང་ཆེད་ཞབས་འདེགས་ཞུ་དགོས་”ཞེས་པའི་སྤྱིའི་མཛད་ཕྱོགས་ཀྱི་ཁྲིད་སྟོན་འོག་རང་ལྗོངས་ཀྱི་རིམ་པ་ཁག་གི་ཏང་དང་སྲིད་གཞུང་གིས་བོད་ཀྱི་གསོ་རིག་འདི་ཉིད་དར་རྒྱས་གོང་འཕེལ་གཏོང་རྒྱུར་དེ་བས་མཐོང་ཆེན་གནང་སྟེ་བོད་ལུགས་གསོ་རིག་གི་སྐྱེ་ལྡན་སྟོབས་ཤུགས་ཀྱི་ལྟེ་གནས་ཡིན་པའི་གྲོང་ཁྱེར་ལྷ་སའི་སྨན་རྩིས་ཁང་ལ་འགྲོ་སོང་སྒོར་ཁྲི་བརྒྱ་ལྷག་ཙམ་བཏང་ནས་ཐོག་བརྩེགས་ཅན་གྱི་སྒོ་བསྟེན་སྨན་བཅོས་ཁང་གསར་རྒྱག་མཛད།
བོད་རབ་རྒྱལ་ས་ལུག་(སྤྱི་ལོ་༡༩༧༩)ལོར་ལྗོངས་སྨན་རྩིས་ཁང་བོད་ལུགས་གསོ་རིག་ཞིབ་འཇུག་ཚོགས་ཆུང་ནས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་གཞི་རྩའི་ཁྱད་ཆོས་རྣམས་རྒྱུན་འཁྱོངས་བྱས་ཏེ་ལོ་མང་རིང་དོན་དངོས་ཀྱི་ལག་ལེན་ལས་ཐོབ་པའི་ངོས་འཛིན་དང་ཉམས་མྱོང་གསར་པ་རྣམས་ཕྱོགས་བསྡོམས་བྱས་ཐོག་དེང་དུས་ཀྱི་སྒྲིག་སྲོལ་སྤྱད་དེ་གསོ་རིག་གི་ནང་དོན་ཁག་ཅུང་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་བཅས་བྱས་པའི་<<གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་>>ཞེས་པ་རྩོམ་སྒྲིག་གིས་ལྕགས་པར་དཔེ་བསྐྲུན་འགྲེམས་སྤེལ་བྱས་པས་ཚན་རིག་རྒྱང་བསྐྱོད་གསར་པའི་ཕུལ་བྱུང་གི་བྱ་དགའི་ལག་འཁྱེར་ཐོབ། ལོ་དེའི་ཟླ་བ་ ༤ པར་ཀྲུང་གོའི་གསོ་རིག་ཀུན་འདུས་ཀྱི་ནང་ཚན་མེས་རྒྱལ་གསོ་རིག་དང་།
            སྨན་རྫས་དཔེ་དེབ་བཟོ་རྒྱུའི་སྐོར་གྱི་ཚོགས་འདུ་པེ་ཅིང་དུ་འཚོགས་ནས་བོད་ལུགས་གསོ་རིག་ཀུན་འདུས་ཀྱི་གཙོ་བོའི་རྩོམ་སྒྲིག་པ་མཁས་དབང་ཐུབ་བསྟན་ཚེ་རིང་མཆོག་དང༌། རྩོམ་སྒྲིག་པ་གཞོན་པ་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གཉིས་ནས་ལས་འགན་བཞེས་པ་དང་། གཞན་ཡང་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་འོག་མི་རིགས་སྨན་རྫས་ནང་བོད་ལུགས་སྨན་རྫས་ཁག་བཅུ་གཅིག་ལ་དེང་དུས་ཀྱི་སྐྱེ་དངོས་རིག་པ་དང་རྫས་འགྱུར་རིག་པའི་ཐབས་ཤེས་ལ་བརྟེན་ནས་སྔ་ཕྱིར་སྐྱེ་དངོས་སྨན་རྫས་ཁག་ཅིག་ལ་བརྟག་དཔྱད་དབྱེ་འབྱེད་བྱས་པ་བརྒྱུད་དེ་དག་གི་སྡེ་ཚན་དང་། ཁོངས་གཏོགས། རིག་པའི་ཐ་སྙད། དེ་རྣམས་སོ་སོའི་གྲུབ་ཆ་བཅས་གཏན་འཁེལ་བཟོས་པར་ལྗོངས་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་ནས་ཚན་རིག་གྲུབ་འབྲས་ཀྱི་བྱ་དགའི་ལག་འཁྱེར་ཐོབ། ད་དུང་གསོ་རིག་ཞིབ་འཇུག་ཚོགས་ཆུང་ནས་རྩ་ལོ་མེ་འབྲས་དང་བཅས་པ་ཆ་ཚང་ཡོད་པའི་སྔོ་སྐམ་སྨན་ངོ་སྣེ་གྲངས་བཞི་བརྒྱ་ལྷག་ཙམ་བསྒྲིགས་སྣོན་མཛད། ལོ་དེའི་ཟླ་བ་དགུ་པའི་ནང་ཐེངས་དང་པོའི་ཀྲུང་ཧྭ་གསོ་རིག་མཐུན་ཚོགས་ཀྱི་ཡན་ལག་བོད་ལྗོངས་གསོ་རིག་མཐུན་ཚོགས་འཛུགས་གནང་མཛད་པ་དང་། ཀྲུང་དབྱི་དང་བོད་ལུགས་གསོ་རིག་གསོ་གཞུང་ལུགས་ལག་རྩལ་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དེ་ལྷ་སར་འཚོགས་ཏེ་ས་གནས་ཁག་དང་སྨན་རྩིས་ཁང་ནས་ཕེབས་པའི་སྨན་པ་ཚོས་ལོ་མང་རིང་བསགས་པའི་ཉམས་མྱོང་གི་རྩོམ་ཡིག་མི་འདྲ་བ་ཁག་ལྔ་བཅུ་ལྷག་ཙམ་ངོ་སྤྲོད་གནང་བ་ནས་བདམས་གསེས་གནང་སྟེ་<<བོད་ལུགས་གསོ་རིག་སྐོར་གྱི་ཆེད་རྩོམ་ཕྱོགས་བསྡུས་>>ཞེས་པའི་དེབ་རྐྱང་དཔར་བསྐྲུན་འགྲེམས་སྤེལ་གནང༌། ལོ་དེའི་ཟླ་བ་བཅུ་གཅིག་པའི་ནང་བོད་ལྗོངས་ལྟེ་བ་བྱས་ཏེ་མཚོ་སྔོན་དང་། ཀན་སུའུ། ཡུན་ནན། ཟི་ཁྲོན་བཅས་ཀྱི་བོད་སྨན་འཐུས་མི་ལྷ་སར་ཕེབས་ནས་བོད་ཀྱི་གསོ་རིག་ཀུན་འདུས་ཡན་ལག་དཔེ་དེབ་རྩོམ་སྒྲིག་ལས་ཁུངས་བཙུགས་ཏེ་ཁུངས་སོ་སོས་རྩོམ་སྒྲིག་བྱེད་རྒྱུའི་ལས་བགོས་ཇི་བཞིན་གཏན་འབེབས་བཟོས་པ་དང་། དུས་མཚུངས་སྐད་གྲགས་ཡོད་པའི་བོད་སྨན་མཁས་དབང་ཁྲོ་རུ་ཚེ་རྣམ་དང་། མཁས་དབང་བློ་བཟང་སྙན་གྲགས། མཁས་དབང་དཔལ་ལྡན་བསྟན་འཛིན་བཅས་སྔ་རྟིང་དུ་སྨན་རྩིས་ཁང་དུ་གདན་ཞུ་བྱས། ལོ་མཇུག་ཏུ་དེ་སྔོན་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་ཐེབས་པའི་སྨན་རྩིས་དཔེ་ཆའི་དཔར་ཤིང་ཁག་རྣམས་ཉམས་གསོ་བྱེད་རྒྱུའི་འགོ་བཙུགས་པ་དང་། སྨན་གཞུང་མི་ཉུང་བ་ཞིག་དཔར་འདེབས་བྱས་ནས་སྨན་དོན་མི་སྣར་འགྲེམས་སྤེལ་དང་རིམ་བཞིན་ལྗོངས་ཕྱི་ནང་དང་ཕྱི་རྒྱལ་བ་ཁག་བཅས་ལ་མཁོ་འདོན་བྱས། ལྷག་པར་<<རྒྱུད་བཞིའི་>>
ནང་དོན་མཚོན་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་དཔེ་རིས་ངོ་གྲངས་བདུན་ཅུ་དོན་དགུ་པོ་རྣམས་ཆ་ཚང་བསྐྱར་བྲིས་གསར་བཞེངས་མཛད་པས་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་གཟིགས་མོ་བ་ཚོའི་དགའ་བསུ་ཐོབ།
          བོད་རབ་རྒྱལ་ལྕགས་སྤྲེལ་(སྤྱི་ལོ་༡༩༨༠) ལོར་ཀྲུང་གུང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་ཡིག་ཆ་ཨང་༣ ༡ནང་བོད་ཀྱི་གསོ་རིག་དང༌། གནམ་རིག་སྐར་རྩིས་ཡར་རྒྱས་ཤུགས་ཆེན་གཏོང་དགོས་རྒྱུའི་དགོངས་དོན་ལྟར་ཟླ་༩ཚེས་༡ནས་བཟུང་སྟེ་དེ་སྔོན་ལྷ་ས་གྲོང་ཁྱེར་སྨན་རྩིས་ཁང་དེ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཞེས་པར་དངོས་སུ་མིང་བསྒྱུར་མཛད། དེ་ནས་བཟུང་སྨན་རྩིས་ཁང་ནི་བོད་ལྗོངས་ཡོངས་ཀྱི་སྨན་བཅོས་དང་། སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་བཟོའི་ཐོན་སྐྱེད་བཅས་ཀྱི་ལྟེ་གནས་ཤིག་ཏུ་བསྒྱུར་ཏེ་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་གསོ་རིག་བྱ་གཞག་འཕེལ་རྒྱས་འགྲོ་བར་ནུས་པ་དངོས་འབྲེལ་ཐོན་འགོ་ཚུགས། དེ་སྔོན་གསོ་རིག་ཞིབ་འཇུག་ཚོགས་ཆུང་དེ་ཉིད་ཀྱང་གསོ་རིག་ཞིབ་འཇུག་ཁང་ཞེས་པར་མིང་བསྒྱུར་གནས་སྤར་མཛད་པ་དང༌། གསོ་རིག་ཞིབ་འཇུག་ཁང་ནས་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་<<ཕན་བདེའི་ལེགས་བཤད་>>ཅེས་པ་བསྐྱར་བསྒྲིགས་ཀྱིས་ལྕགས་པར་དཔར་བསྐྲུན་འགྲེམས་སྤེལ་བྱས་ནས་བོད་རང་སྐྱོང་ལྗོངས་གསོ་རིག་ཚན་རིག་གྲུབ་འབྲས་ཀྱི་བྱ་དགའི་ལག་འཁྱེར་ཐོབ། དེ་དང་ཕྱོགས་མཚུངས་བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་ནས་གསོ་རིག་<<རྒྱུད་བཞི་>>དང་། དེའི་འགྲེལ་པ་<<བཻ་ཌཱུར་སྔོན་པོ་>>སོགས་སྨན་གཞུང་ཁག་ཅིག་ལྕགས་པར་དཔར་བསྐྲུན་བྱས། གཞན་ཡང་ལྗོངས་སྨན་རྩིས་ཁང་གི་ཁོག་ནད་སྡེ་ཚན་གྱིས་ཆེད་མངགས་མི་སྣ་སྒྲིག་འཛུགས་ཀྱིས་ཁྲག་རླུང་མཐོ་བའི་དཔེ་མཚོན་ནད་པ་མི་གྲངས་བརྒྱ་ལྷག་ཙམ་བདམས་གསེས་ཀྱིས་སྨན་བཅོས་རྟོག་ཞིབ་མཛད་པ་དང་། གསེར་ཁབ་སྡེ་ཁག་ནས་ཀྱང་ “བྱིས་པའི་རྩ་ནད་” ཀྱི་དཔེ་མཚོན་ནད་པ་ཁག་ཅིག་བདམས་གསེས་གཏན་འཁེལ་གྱིས་སྨན་བཅོས་རྟོག་ཞིབ་མཛད་པ་སོགས་ལ་ཡང་ཐོག་མའི་གྲུབ་འབྲས་ཁ་ཤས་ཐོབ་ཡོད་པ་རེད། ལོ་དེའི་ཟླ་བ་བཅུ་པའི་ནང་གོང་རིམ་གྱི་ཆོག་མཆན་ཐོབ་པ་ལྟར་བོད་སྨན་རྒྱུད་འཛིན་བྱེད་ཆེད་དམའ་རིམ་སློབ་འབྲིང་ཐོན་པའི་སློབ་ཕྲུག་ཉི་ཤུ་སྨན་རྩིས་ཁང་དུ་བསྡུ་རུབ་ཀྱིས་སྔར་སྲོལ་ལྟར་སློབ་ཕྲུག་ཚོས་སྨན་གཞུང་བློ་འཛིན་རྒྱུགས་སྤྲོད་བྱེད་རྒྱུ་གཏན་ལ་ཕབ་པ་དང་། འབྲེལ་ཡོད་ཀྱི་སློབ་ཚན་ཁག་ཚུལ་བཞིན་དུ་སློབ་ཁྲིད་བྱས་ཏེ་རྗེས་འཛིན་རིག་པར་བསྐྱེད་བསྲིང་གནང༌། ལོ་དེར་བོད་ལྗོངས་སྨན་བཟོ་གྲྭ་ཁང་དེ་ཉིད་ལྗོངས་སྨན་རྩིས་ཁང་གི་སྨན་བཟོ་གྲྭར་ཟླ་བསྒྲིལ་མཛད་སྟབས་མི་ཤུགས་དང༌། དངོས་ཤུགས། འཁོར་ཁང་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་། བོད་རབ་རྒྱལ་ལྕགས་བྱ་(སྤྱི་ལོ་༡༩༨༡)ལོ་ནས་བཟུང་གཞིས་ཀ་རྩེ་དང་། མངའ་རིས། ནག་ཆུ། ཆབ་མདོ་སོགས་ལ་རིམ་བཞིན་བོད་ལུགས་སྨན་ཁང་ཆ་ཚང་བ་བཙུགས་པ་མ་ཟད། དེ་མིན་རྫོང་སྡེ་ཁག་མང་ཆེ་བ་དང་། ཆུས་ཁག་ཅིག་བཅས་སུའང་བོད་ལུགས་ཀྱི་སྒོ་བསྟེན་སྨན་ཁང་ངམ་ཡང་ན་ཚན་ཁག་འཛུགས་གཉེར་མཛད་སྟབས་ད་ལྟ་ལྗོངས་ཡོངས་ཀྱི་ས་ཁུལ་མང་ཆེ་བར་བོད་ལུགས་སྨན་བཅོས་ཀྱི་སྒྲིག་གཞི་ཡོད་པ་རེད། ད་དུང་གཞིས་རྩེ་དང་། ནག་ཆུ་ས་ཁུལ་ལ་བོད་སྨན་བཟོ་གྲྭ་ཁང་བཙུགས་ཏེ་རང་ཁོངས་ཀྱི་རྫོང་ཁག་ལ་མཁོ་འདོན་གང་ཙམ་བྱེད་ཐུབ་ཀྱི་ཡོད་ལ་ཕྱོགས་མཚུངས་ལྷོ་ཁ་དང༌། ཆབ་མདོ། མངའ་རིས་སོགས་ས་ཁུལ་སོ་སོའི་བོད་སྨན་ཁང་གིས་ཀྱང་བོད་སྨན་སྦྱོར་བཟོ་བྱེད་པ་བཅས་མདོར་ན་བོད་ལུགས་གསོ་དཔྱད་པས་སྨན་རྫས་རང་འཐུ་དང༌། རང་བཟོ། རང་སྤྱོད་ཀྱི་བྱེད་ཐབས་འཛིན་གྱི་ཡོད་པ་རེད། གཞན་ཡང་མདོ་སྨད་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱུས་ཀྱི་ངོས་ནས་མཚོན་ན་མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ། ཟི་ཁྲོན་སོགས་བོད་རིགས་ས་ཁུལ་ལ་སྔ་རྟིང་དུ་བོད་སྨན་སྨན་ཁང་དང་། བོད་སྨན་ཞིབ་འཇུག་ཁང་། བོད་སྨན་འཛིན་གྲྭ། བོད་སྨན་བཟོ་གྲྭ་སོགས་འཛུགས་གཉེར་གྱིས་བོད་ཀྱི་གསོ་རིག་འདི་ཉིད་རྒྱ་ཁབ་གོང་འཕེལ་འགྲོ་བཞིན་ཡོད།
            དེ་བཞིན་བོད་རབ་རྒྱལ་ལྕགས་བྱ་ལོ་ནས་མེ་སྟག་ལོ་(སྤྱི་ལོ་༡༩༨༡—༡༩༨༦) བར་ལྗོངས་སྨན་རྩིས་ཁང་དུ་སྔ་རྟིང་ཐོག་བོད་སྨན་ཟབ་སྦྱོང་འཛིན་གྲྭ་ཐེངས་ལྔ་གཉེར་ནས་གཞི་རིམ་གྱི་བོད་ལུགས་སྨན་དོན་མི་སྣ་གྲངས་༢༢༠ སྦྱོང་བརྡར་བྱས་པ་དེ་ཚོའི་ནང་ལྗོངས་ནང་ཁུལ་གྱི་ལས་གནས་སྨན་པ་དང་། དེ་མིན་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན། ཤིན་ཅང་བཅས་ཞིང་ཆེན་གཞན་གྱི་སློབ་མ་ཡང་ཡོད་པ་དང་། ཁོང་ཚོར་ཀྲུའུ་རིན་སྨན་པ་རྣམས་དང་སྨན་རམས་པ་རྣམས་ཀྱིས་སློབ་ཁྲིད་གནང་རྒྱུའི་ཐུགས་འགན་བཞེས་པས་སྦྱངས་འབྲས་བཟང་པོ་ཐོབ། བོད་རབ་རྒྱལ་ཆུ་ཁྱི་( སྤྱི་ལོ་༡༩༨༢)ལོར་སྨན་རམས་པ་མཁས་དབང་དབང་འདུས་མཆོག་ནས་ལོ་ངོ་བདུན་ཙམ་རིང་དུས་ཚོད་དང་སེམས་ནུས་གཅིག་བསྡུས་ཀྱིས་གནའ་བོའི་གསོ་རིག་དཀའ་འགྲེལ་ཁག་ལས་གཅེས་པར་བཏུས་ཏེ་གསོ་རིག་ཚིག་མཛོད་<<གཡུ་ཐོག་དགོངས་རྒྱན་>>ཞེས་པ་ཕྱོགས་བསྡུས་རྩོམ་སྒྲིག་མཛད་པའི་ལྕགས་དཔར་དེབ་པར་བསྐྲུན་འགྲེམས་སྤེལ་གནང་བ་དང་། བོད་རང་སྐྱོང་ལྗོངས་ཐེངས་གཉིས་པའི་ཚན་རིག་གྲུབ་འབྲས་ཀྱི་རིམ་པ་བཞི་པའི་བྱ་དགའི་ལག་འཁྱེར་ཐོབ། བོད་རབ་རྒྱལ་ཆུ་ཕག་(སྤྱི་ལོ་༡༩༨༣)ལོའི་ཟླ་ ༧ པར་ཀྲུང་གོའི་གསོ་རིག་ཀུན་འདུས་ནང་ཚན་བོད་ཀྱི་གསོ་རིག་ཀུན་འདུས་ཀྱི་མ་ཟིན་ཁག་ཅིག་ལ་ཞིང་ཆེན་གཞན་དག་གི་འཐུས་མི་གདན་ཞུས་ཀྱིས་ཞུས་དག་དང་ཆབས་ཅིག་ཐེངས་གཉིས་པའི་ལྗོངས་ཡོངས་ཀྱི་བོད་ལུགས་ལག་རྩལ་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཚོགས་པ་དང་ཚོགས་འདུའི་ཐོག་འཐུས་མི་ཚོས་གསུང་གླེང་གནང་བའི་སྨན་བཅོས་ལག་རྩལ་སྐོར་གྱི་ཆེད་རྩོམ་ཁག་བརྒྱད་ཅུ་ལྷག་ཙམ་ནང་ནས་བདམས་གསེས་ཀྱིས་<<བོད་ལུགས་གསོ་རིག་སྐོར་གྱི་ཆེད་རྩོམ་ཕྱོགས་བསྡུས་>>དེབ་ཐེངས་གཉིས་པ་དཔར་བསྐྲུན་འགྲེམས་སྤེལ་བྱས། ཟླ་ ༨ པར་བོད་རང་སྐྱོང་ལྗོངས་ “འབྲིང་རིམ་བོད་སྨན་སློབ་གྲྭ་” ཞེས་པ་དངོས་སུ་དབུ་བརྙེས་ཏེ་ལོ་དང་པོར་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་མི་གྲངས་བཞི་བཅུ་ཐམ་པ་དང༌། དེ་སྟེང་མཚོ་སྔོན་ནས་སློབ་མ་མི་གྲངས་བཅུ་བཅས་བསྡུ་གནང་མཛད་པ་ནས་འགོ་བཙུགས་ཏེ་སླད་ལོ་རེ་བཞིན་སློབ་མ་ཐེངས་རེ་བསྡུ་རྒྱུའི་སྲོལ་ལུགས་གཏན་འཁེལ་མཛད། ཟླ་༩ པར་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་ཤོས་ཡིན་པའི་ཐེངས་ལྔ་པའི་ཁྲོག་སྨན་སྨན་ངོ་རྣམ་གྲངས་ལྔ་བརྒྱ་བདུན་ཅུ་ལྷག་ཙམ་ངོ་བོ་ངོས་འཛིན་རྒྱས་བཤད་དང་བཅས་པ་རྒྱུགས་ལེན་བྱས། སྨན་པ་མི་གྲངས་བརྒྱ་དང་བཅུ་དེའི་ནང་བཞུགས། ཁྱོན་ཉིན་གྲངས་བཅུ་འགོར། ཐོན་སྐོར་གྲལ་སྒྲིག་གི་གཟིགས་བཟོས་ཚོགས་ཆེན་ནོར་བུ་གླིང་གར་གཟབ་རྒྱས་ངང་འཚོགས་ཏེ་སྦྱངས་འབྲས་ལ་གཞིགས་པའི་གཟིགས་གསོས་གནང་བའི་སྐོར་བརྙན་འཕྲིན་གྱི་དཔར་གཞི་བརྒྱབ།
            བོད་རབ་རྒྱལ་ཤིང་བྱི་(༡༩༨༤)ལོར་ཀྲུང་དབྱང་འཕྲོད་བསྟེན་པུའུའི་པུའུ་ཀྲང་ཚུའི་ཡོའི་ལིས་སྐུ་འཁོར་མི་སྣ་དང་བཅས་པ་བོད་ལ་ལས་དོན་རྟོག་ཞིབ་གནང་ཞོར་དུ་རང་རེའི་སྨན་ཁང་ལ་གཟིགས་ཞིབ་གནང་སྐབས་ཚུའི་པུའུ་ཀྲང་གིས་དགྱེས་ཚོར་ཆེན་པོས་ད་ཕན་བོད་ཀྱི་གསོ་རིག་རྒྱུད་འཛིན་དང་མྱུར་སྐྱོབ་ཀྱི་ལས་ཀ་ཡག་པོ་བྱུང་བར་བསྔགས་བརྗོད་ཅི་ཆེ་དང་སླད་ཕྱིན་མུ་མཐུད་བོད་སྨན་ཡར་རྒྱས་གཏོང་དགོས་པའི་གལ་ཆེའི་བཀའ་སློབ། ལྷག་པར་སྨན་རྩིས་ཁང་གི་ད་ཡོད་གནས་ཚུལ་ལ་གཞིགས་ན་བོད་སྨན་སློབ་གྲྭ་ཆེན་མོ་དངོས་སུ་འཛུགས་རྒྱུར་ཆ་རྐྱེན་ཡོངས་སུ་འཛོམས་པས་འཕྲོད་བསྟེན་པུའུ་ནས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་ཐོབ།
            བོད་རབ་རྒྱལ་ཤིང་གླང་(སྤྱི་ལོ་༡༩༨༥)ལོའི་ཟླ་༣ནང་བོད་ལྗོངས་རྒྱལ་འབངས་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་འདི་ལོ་བོད་ཀྱི་གསོ་རིག་སློབ་གྲྭ་ཆེན་མོ་འཛུགས་རྒྱུའི་དུས་འགོའི་གྲ་སྒྲིག་དང་།དགེ་སློབ་མི་གྲངས་༥༠༠ཙམ་གྱི་གཞི་རྒྱ་ཅན་ཞིག་འཛུགས་རྒྱུའི་འཆར་གཞི་སྐབས་བོད་ཀྱི་གསོ་རིག་སློབ་གྲྭ་ཆེན་མོ་དངོས་སུ་མ་ཚུགས་གོང་མི་རབས་རྗེས་མ་གསོ་སྐྱོང་ལ་འཐུས་ཤོར་མི་ཡོང་ཆེད་ཀྲུང་དབྱང་གི་ཡིག་ཨང་༦པའི་དགོངས་དོན་ལྟར། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་སུ་བོད་སྨན་ཚན་ཁག་འཛུགས་རྒྱུར་གཏན་འཁེལ་ཐོག་མཐོ་རིམ་སློབ་འབྲིང་ཐོན་པའི་མི་གྲངས་༢༧གསར་དུ་བསྡུས།
            ཟླ་ ༩ པའི་ཚེས་༡ཉིན་ལྷ་སར་རྒྱལ་ཡོངས་བོད་ལུགས་སྨན་ཁང་གི་ལས་དོན་ཚོགས་འདུ་གཟབ་རྒྱས་ངང་འགོ་ཚུགས། ཚོགས་འདུའི་ཐོག་འབྲེལ་ཡོད་ཞིང་ཆེན་ཁག་སོགས་དང༌། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས་གལ་ཆེའི་གསུང་བཤད་གནང་བ་དང་། ཉིན་ལྔའི་རིང་“བོད་ལུགས་སྨན་ཁང་གི་བདག་གཉེར་ལམ་སྲོལ་”དང་<<བོད་ལུགས་གསོ་བ་རིག་པའི་ནད་ཐོའི་རྩ་འཛིན་>> <<བོད་ལུགས་གསོ་རིག་གི་སྨན་གཡོག་གི་རྒྱུན་སྤྱོད་ལག་ལེན་གྱི་ཤེས་བྱ་>>བཅས་ལ་གྲོས་བསྡུར་གྱིས་གསར་བཟོ་བྱས་ཤིང་། ཡིག་ཆ་དེ་རྣམས་འཕྲོད་བསྟེན་པུའུ་ཀྲུང་དབྱི་སི་ནས་མོས་མཐུན་ཐོབ་པ་ལྟར་རང་ལྗོངས་འཕྲོད་བསྟེན་ཐིང་ནས་བོད་ལུགས་སྨན་ཁང་སོ་སོར་འགྲེམས་སྤེལ་བྱས་ཏེ་ཚོད་ལྟའི་ལག་བསྟར་བྱ་རྒྱུ་ཡིན་སྟབས་བོད་ལུགས་གསོ་རིག་གི་ལས་དོན་དེ་ཚད་གཞི་ལྡན་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་བསྐུལ་མ་ཐེབས་བཞིན་ཡོད་པ་རེད། ཟླ་བ་དེའི་ནང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་སྔ་ནུབ་ཏུ་ནད་ཁྲི་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་ནད་ཁང་གསར་པ་དང་། ལས་བཟོའི་ཉལ་ཁང་སོགས་གསར་བསྐྲུན་རྒྱ་བསྐྱེད་མཛད། བོད་རབ་རྒྱལ་མེ་སྟག (སྤྱི་ལོ་༡༩༨༦) ལོའི་ཟླ་ ༨ ཚེས་ ༢༢ ཉིན་བོད་སྨན་དར་རྒྱས་ཀྱི་ཚོགས་འདུ་དང༌། སྨན་རྩིས་ཁང་བཙུགས་ནས་ལོ་ངོ་༧༠འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང༌། ལྷ་སར་ཡོད་པའི་སྨན་ཁང་ཚང་མའི་ལས་བཟོ་དང་། དེ་བཞིན་དམག་དཔུང་གི་སྨན་ཁང་བཅས་པའི་སྨན་པ་སྨན་གཡོག་སོགས་ཁྱོན་མི་གྲངས་ ༡༣༠༠ ཞུགས། རང་སྐྱོང་ལྗོངས་ཏང་སྲིད་འགོ་ཁྲིད་དབུ་ཅིན་ཧྭ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་དང༌། ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་། ནང་སོག ཟི་ཁྲོན། མཚོ་སྔོན། པེ་ཅིང་སློབ་གྲྭ་ཆེན་མོ་བཅས་ནས་ཀྱང་སྐུ་མགྲོན་ཕེབས་པ་དང་། དུས་མཚུངས་བོད་སྨན་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་ཐེངས་གསུམ་པའང་ཆབས་ཅིག་ཏུ་འཚོགས། སྐུ་མགྲོན་ཚོས་ནད་ཁང་གསར་པ་དང་། སྨན་ཁང་སྒོ་བསྟེན་ཁང་དུ་ཕེབས་ཏེ་ལོ་རྒྱུས་ཐོག་རིན་ཐང་བྲལ་བའི་གནའ་བོའི་སྨན་གཞུང་དང་། སྨན་ཐང་བཀྲམ་སྟོན་ཁང་གི་དངོས་པོ་དང་པར་རིས་སོགས་ལ་གཟིགས་སྐོར་མཛད། གོང་གསལ་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་བདུན་ཅུ་ཐམ་པ་འཁོར་བར་དྲན་གསོ་ཞུ་ཆེད་དུ་སྨན་རྩིས་གཉིས་ལྡན་གྱི་ནང་དོན་ཚུད་པའི་<<བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས་>>ཞེས་པ་དང་། དེ་བཞིན་བོད་སྨན་དར་རྒྱས་ཚོགས་འདུའི་ཡིག་ཆ་དང་། ཉམས་མྱོང་སྤེལ་རེས་ཀྱི་རྩོམ་ཡིག་རྣམས་ཟུར་དུ་འགྲེམས་སྤེལ་བྱས་པ་སོགས་མདོར་ན་བོད་ཀྱི་གསོ་རིག་དང་སྨན་རིག་ལ་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་དང་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ། མང་ཚོགས་ཀྱིས་བོད་སྨན་ལ་ཡིད་ཆེས་དང་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་སྟབས་སླད་ཕྱིན་ད་ཡོད་བོད་ལུགས་སྨན་དོན་མི་སྣ་སྟོང་ཕྲག་ལྷག་ཙམ་གྱིས་ཁེངས་སྐྱུངས་གཟབ་ནན་དང༌། ང་རྒྱལ་འཚབ་འཚུབ་སྤངས་ཏེ་རང་འཁྲིའི་བྱ་བ་འདི་བཞིན་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་འདོད་ཆེ་བས་རྒྱ་ཆེའི་མི་དམངས་ཀྱི་སྐུ་གཟུགས་བདེ་ཐང་ལ་ནུས་ཤུགས་མཐའ་དག་ལེགས་སྐྱེས་འབུལ་ཐུབ་པ་བྱེད་རྒྱུར་ཚང་མས་འབད་བརྩོན་ཆེར་སྐྱེད་བྱེད་བཞིན་ཡོད་པ་བཅས་སོ།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ནས་ཟུར་འདོན་ཞུས།།




མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།