སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

སྤྱི་ལོའི་དུས་རབས་བཅོ་ལྔ་པ་ཙམ་ནས་འགོ་ཚུགས་ཏེ་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཐོག་བྱང་ལུགས་དང་ཟུར་ལུགས་ཞེས་ཉི་ཟླ་ལྟར་གྲགས་པའི་སྲོལ་ལུགས་ཆེན་པོ་གཉིས་སུ་བྱུང་ཞིང་། སྲོལ་ལུགས་དེ་གཉིས་ཀས་<<དཔལ་་ལྡན་རྒྱུད་བཞི་>>སྤྱིའི་རྩ་འཛིན་དང་སློབ་སྟོན་ཕྱོགས་ཁབ་ཏུ་བཟུང་ཐོག་ཕྱོགས་སོ་སོའི་ལུང་རིགས་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་དེ་ཉིད་དག་བཅོས་ཀྱིས་རྒྱ་ཆེར་དཀྲོལ་བ་དང་ཕྱོགས་མཚུངས་སོ་སོའི་ཁྱད་ཆོས་དངོས་དང་ཟུང་འབྲེལ་གྱིས་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྣམས་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་དང་ལེགས་བསྒྲིགས་མཛད་པ་དག་གིས་བོད་ཀྱི་གསོ་བ་རིག་པ་འདིར་རིགས་པའི་གཞུང་ལུགས་དང་ལག་ལེན་གང་ཐད་ནས་ནང་དོན་ཁ་གསབ་ཀྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུར་བསྐུལ་མ་ཆེས་ཆེ་བ་ཞིག་བྱུང་བར་མངོན་ཅིང་། དེ་ཡང་བྱང་པ་ནི་རབ་བྱུང་བདུན་པའི་ཤིང་ཕག་ལོར་སྟོད་ངམ་རིང་དུ་ (སྤྱི་ལོ་ ༡༣༩༥-༡༤༧༥)སྐུ་འཁྲུངས་པའི་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་ཞུ་བ་དེས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་། པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་ཚད་ལྡན་གྱི་ཡོངས་འཛིན་དུ་མའི་དྲུང་ནས་མདོ་སྔགས་ཀྱིས་མཚོན་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པ་དང་རྒྱ་ནག་གོང་མ་ཏཱ་མིང་གི་ཏའི་སི་ཏུའི་གོ་ས་གནང་། ལྷག་པར་གསོ་རིག་ལ་སྦྱངས་པ་ཕུལ་དུ་ཕྱིན་སྟབས་<<ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་>>ཞེས་བྱ་བ་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་ཞིག་དང་། རྩ་རྒྱུད་ཀྱི་འགྲེལ་པ། <<རྒྱུད་དོན་གསལ་བྱེད་སྒྲོལ་མ།>> བཤད་རྒྱུད་ཀྱི་འགྲེལ་པ་<<བདུད་རྩིའི་ཆུ་རྒྱུན་>>དང་། <<ཊིཀ་ཆུང་དོན་གསལ་>> ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་<<དགོས་འདོད་འབྱུང་བ།>> ཡོངས་གཏད་ཀྱི་འགྲེལ་པ་<<ཚིག་དོན་རྣམ་པར་གསལ་བ།>> <<སྨན་གཞུང་རིན་ཆེན་སྒྲོམ་བུ།>> རྩོམ་པ་ཆུང་བ་<<རྒྱུད་བཞིའི་དཀའ་འཕྲང་མུན་སེལ།>> <<གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན།>> <<རྩ་བཤད་གསལ་བའི་སྒྲོན་མེ།>> <<སྲོག་གཅོད་ནད་དགུའི་དབྱེ་བ།>> འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་<<མན་ངག་འཕྲུལ་གྱི་ཡིག་ཆུང་།>> <<སེང་གེ་རྩེའི་འཚོ་བྱེད་ཀྱི་དྲིས་ལན་>>སོགས་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་སྟོད་བྱང་ཁུལ་གྱི་ས་བབས་དང་། གནམ་གཤིས། འཚོ་བ་སྤྱོད་སྟངས་སོགས་ཀྱི་ཁྱད་ཆོས་དངོས་དང་བསྟུན་ནས་སྨན་བཅོས་བྱ་ཐབས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་གནང་སྟེ་གཞུང་འབྲེལ་བརྩམས་པ་དང་། སྨན་སྦྱོར་གསར་བཟོ། ཐ་ན་སྨན་རྫས་ངོས་འཛིན་སོགས་ལའང་བྱང་ལུགས་ཀྱི་ཁྱད་ཆོས་རྣམས་དར་སྤེལ་གཏོང་གནང་མཛད་པ་བཅས་ལ་བརྟེན་ནས་བྱང་ལུགས་ཞེས་པའི་སྲོལ་བཏོད་པར་མཛད་དོ།།

དེ་ལྟ་བུའི་མཁས་པ་ཆེན་པོ་དེར་ཞལ་གྱི་སློབ་མ་བགྲང་ལས་འདས་པ་ཡོད་མོད་དུ་ཟིན་ཀྱང་། དེ་དག་གི་ནང་ནས་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་མཁས་མཆོག་བསོད་ནམས་རྡོ་རྗེའི་སྲས་སུ་འཁྲུངས་པས་རྗེ་ཉིད་ཀྱི་གསོ་རིག་གི་སློབ་མ་དང་བླ་སྨན་ཟུང་དུ་འབྲེལ་བ་དད་ཅིང་བརྩོན་འགྲུས་དང་ལྡན་པ་མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་ཞུ་བ་དེས་སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་གསོ་དཔྱད་ཀྱིས་མཚོན་རིག་པའི་གནས་ཀུན་གྱི་ལུང་འགྲེལ་མན་ངག་དང་བཅས་པ་གསན་པ་དང་། གཞན་ཡང་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་དུ་མ་བསྟེན་གནང་མཛད་པ་བཅས་ལ་བརྟེན་ནས་བོད་གངས་ཅན་གྱི་ཡུལ་ན་དར་རོ་ཅོག་གི་གསོ་དཔྱད་མཐའ་དག་ལ་མཁྱེན་རབ་རྒྱས་པའི་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གྲགས་ལ། མཁས་དབང་དེས་<<གསོ་དཔྱད་ཀྱི་རྒྱལ་པོ་>>ཞེས་པའི་བསྟན་བཅོས་དང་། བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་<<གནས་ལུགས་རབ་གསལ་>>དང་། རྩ་མདོའི་འགྲེལ་པ་<<སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་།>> <<མ་ལ་ཡ་ཡི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་།>>  རྒྱུད་བཞིའི་འགྲེལ་པ་<<བཀོད་པ་རྣམ་བཞི་>>དང་། <<རྒྱུན་རྣམ་པ་བཞི།>> <<ཁྱད་འཕགས་སྤྱི་སྨན།>> <<ངོ་མཚར་སྤྱི་སྨན།>> <<རིམས་བཅོས་མི་ལ་སྲོག་སྦྱིན་>>སོགས་མཛད་ཐོག་རྒྱལ་པོ་པཎྜིཏའི་བརྟུལ་ཞུགས་འཆང་བ་བྱང་པ་རྣམ་རྒྱལ་གྲགས་བཟང་གི་བཞེད་སྲོལ་དར་རྒྱས་སུ་མཛད་པ་ཡིན་ནོ།།

དེ་རྗེས་སྐྱེས་མཆོག་མིའི་ཉི་མའི་སྲས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་ཞུ་བ་དེས་ཡབ་མེས་རྣམས་ཀྱི་དྲུང་ནས་གསོ་དཔྱད་ཀྱི་ལུང་འགྲེལ་མན་ངག་དང་བཅས་པ་གསན། སྦྱངས་པའི་རྩལ་རྫོགས་ཏེ་བཤད་རྒྱུད་ཀྱི་འགྲེལ་པ་<<ལེགས་བཤད་ནོར་བུ་>>དང་། ཕྱི་རྒྱུད་ཀྱི་འགྲེལ་པ་<<དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླགས་པ་ཀུན་ཤེས།>> <<ཁོག་འབུགས་འཛུམ་དཀར་བཞད་པའི་ཉི་མ།>> <<རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་>>བཅས་མཛད་པ་དང་། ཡང་དེའི་སྲས་དྲང་སྲོང་བསོད་ནམས་ཡེ་ཤེས་རྒྱལ་མཚན་ཞུ་བ་དེས་ཀྱང་ཡབ་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་གསོ་རིག་གི་གདམས་ངག་སྙན་བརྒྱུད་སོགས་བུམ་པ་གང་བྱོའི་ཚུལ་དུ་བཞེས། ཕྱིས་རིན་སྤུངས་པའི་བླ་སྨན་དུ་གྱུར། <<གསོ་རིག་ཁོག་འབུགས་པད་དཀར་རྒྱས་པའི་ཉིན་བྱེད་>>དང་། བཤད་རྒྱུད་ཀྱི་འགྲེལ་པ་<<བཀླགས་པའི་དོན་ཐམས་ཅད་འགྲུབ་པའམ་འགྲེལ་ཆེན་དྲི་མེད་ཀུན་གསལ་>>སོགས་མཛད། ལྷག་པར་དུ་བྱང་པ་ཡབ་སྲས་རིམ་བྱོན་གྱིས་བོད་དུ་སྔ་ཕྱིར་བྱུང་བའི་སྔོ་འབུམ་ཁག་རྣམས་ལ་ལུང་རིགས་ཀྱི་སྒོ་ནས་ཞིབ་དཔྱད་གོ་བསྡུར་དང་། རང་གི་ཐུན་མོང་མ་ཡིན་པའི་དམིགས་བསལ་ཁྱད་ཆོས་ཀྱིས་ཟུར་བརྒྱན་ཏེ་གཞུང་དང་ལག་ལེན་རྣམ་དག་གི་སྒོ་ནས་སྨན་གྱི་འབྱུང་ཁུངས་དང་། ངོ་བོ་ངོས་འཛིན། བཟང་ངན་དབྱེ་བ། བསིལ་དྲོད་སྐྱེ་གནས་ཀྱི་ཁྱད་པར། མིང་གི་ངེས་པ། བོངས་དབྱིབས་ཁ་དོག་སོགས་ཀྱི་ཁྱད་པར་གྱི་གནས་ལུགས་ཞིབ་རྒྱས་འཁོད་པའི་<<སྔོ་འབུམ་སྨན་གྱི་གཏེར་མཛོད་>>ཅེས་པ་ཞིག་མཛད་ཡོད་པར་གཞིགས་ན་བྱང་ལུགས་སྨྲ་བ་ཚོས་སྨན་རྫས་སྐོར་ལའང་ཞིབ་འཇུག་རྒྱ་ཆེན་པོ་གནང་སྟེ་བྱང་ལུགས་ཀྱི་བཞེད་པ་རྣམས་འཕེལ་རྒྱས་གཏོང་གནང་མཛད་དོ།།

དེ་བཞིན་མཁས་དབང་རྣམ་རྒྱལ་གྲགས་བཟང་གི་སློབ་མའི་གཙོ་བོར་གྱུར་པ་གཅིག་ནི་ལྷུན་སྡིངས་པ་ལེགས་གྲུབ་དཔལ་ཞུ་བ་དེ་ཡིན་ཞིང་། དེས་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གི་ཞབས་ནས་གསོ་རིག་གི་གཞུང་བཤད་གདམས་པ་མང་དུ་གསན་ཅིང་མཁས་པར་གྱུར་པ་ན་རྗེ་ཉིད་ཀྱི་བུ་ཆེན་དུ་མངའ་གསོལ་བ་དང་། དེའི་སྲས་ལྷུན་སྡིངས་པ་ཤེས་རབ་དཔལ་ལྡན་དང་། དེའི་སྲས་ལྷུན་སྡིངས་པ་བསྟན་པ་དར་རྒྱས། དེའི་སྲས་བསོད་ནམས་ཆོས་འཕེལ། དེའི་སྲས་ལྷུན་སྡིངས་པ་བདུད་རྩི་འགྱུར་མེད་བཅས་སྨན་པའི་གདུང་རྒྱུད་མི་ཉམས་པར་བྱུང་བ་དེ་དག་གི་ནང་ནས་ཀྱང་སྲས་བདུད་རྩི་འགྱུར་མེད་ཞུ་བ་དེ་གསོ་རིག་ལ་མཆོག་ཏུ་མཁས་པས་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི་བླ་སྨན་མཛད་པ་དང་འབྲེལ་ད་དུང་ཇོ་ནང་པས་ཕྱིས་རྟག་བརྟན་པར་མར་གྲགས་པའི་<<དཔལ་ལྡན་རྒྱུད་བཞི་>>དཔར་དུ་བརྐོ་བའི་ཚེ་དོ་དམ་པ་དང་ཞུས་ཆེན་གྱི་ཐུགས་འགན་ཡང་བཞེས། ལྷག་པར་གསུང་རྩོམ་ཡང་བྱང་པ་ཡབ་སྲས་ཀྱི་བཞེད་པ་གཙོ་བོར་སྟོན་པའི་<<གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་>>ཞེས་པ་བརྩམས།

དེའི་སྲས་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ཞུ་བ་དེས་ནམ་འཚོའི་བར་ཤེས་བྱ་སྤྱི་དང་། ལྷག་པར་གསོ་རིག་ལ་སྦྱངས་པ་མི་བཤོལ་བར་མཛད། རང་གི་ཡབ་མེས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་། གཞུང་འགྲེལ་ལག་ལེན་མན་ངག་དང་བཅས་པ་ཉམས་སུ་བཞེས་པས་མཁས་པའི་དྲེགས་པའང་རྒྱས། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་སྤྱན་སྔར་ཐོགས་ཏེ་འབྲུ་ཕོགས་སོགས་བསྩལ་ནས་དེར་གནས་སྨན་པ་རྣམས་ལ་ཡུལ་ཐིག་དང་། སྡོང་འགྲེམས་ཆིག་བརྒྱུད་ཀྱི་ཞལ་ཤེས་རྣམས་འཁྲིད་དུ་འཇུག་རྒྱུའི་དགོངས་གཞི་ཡང་མཛད། ཕྱིས་སྲིད་སྐྱོང་པཎྜི་ཏ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཀྱང་མཁས་མཆོག་དེ་དང་འདྲི་སྨེད་མང་དུ་མཛད་པ་བརྒྱུད་གཞུང་བཤད་དང་། སྨན་ངོ་། ཡུལ་ཐིག  རྩ་ཐིག  སྡོང་འགྲེམས་སོགས་དོ་ཟླ་བྲལ་བར་གཟིགས་ཏེ་སྐུ་ཉིད་ཀྱིས་ཀྱང་དེའི་དྲུང་ནས་ཡུལ་ཐིག་དང་། སྡོང་འགྲེམས་སོགས་ཆིག་བརྒྱུད་ཀྱི་ཞལ་ཤེས་དུ་མ་གསན་པ་ཡིན་ནོ། །

གཞན་ཡང་གོང་ཁ་བ་ཆོས་ཀྱི་རྡོ་རྗེའི་སློབ་བརྒྱུད་དམ་བྲང་ཏིའི་རྗེས་སུ་ཞུགས་ནས་མཁས་པའི་གོ་སར་སླེབས་པའི་གོང་སྨན་པ་དཀོན་མཆོག་བདེ་ལེགས་ཞུ་བ་དེས་གངས་ལྗོངས་ན་གྲགས་པའི་གསོ་རིག་གི་གཞུང་ཕལ་མོ་ཆེ་གཟིགས་ཤིང་དཔྱད། མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཀྱང་ཁོལ་དུ་ཕྱུངས་ནས་རྩོམ་པ་ཁྲིགས་སུ་བསྡེབས་པར་མཛད་པ་སྟེ། གསོ་རིག་<<དགོས་འདོད་ཀུན་འབྱུང་ངམ་བདུད་རྩི་ཐིགས་པ་>>ཞེས་བྱ་བ་དང་། དེ་བཞིན་མན་ངག་<<པོད་དམར་>>དང་། <<པད་ནག>> <<པོད་ཁྲ།>> ཕྱི་རྒྱུད་དཀའ་འགྲེལ་<<གནད་ཐམས་ཅད་གསལ་བའི་སྒྲོན་མེ།>> <<བརྒྱུད་པའི་རྣམ་ཐར།>> <<སྨན་མིང་བརྡ་སྤྲོད།>> <<རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར་>>ཏེ་པོད་བདུན། རྩ་ཆུའི་གནད་འགྲེལ་<<ཞལ་གྱི་གདམས་པ་དམར་འབྱིན།>> <<སྔོའི་འཁྲུངས་དཔེ་དོན་བསྡུས།>> <<རོ་ནུས་ཀྱི་སྡེབ་སྦྱོར།>>གཞན་ཡང་རྒྱུད་ལ་མཆན་རྒྱས་པར་བཏབ་པས། <<རྒྱུད་ཆེན་ཕྲ་མོ་བེ་བུམ་སེང་ལྡེང་>>དུ་གྲགས་པ་སོགས་མཛད་པ་དང་། མཁས་མཆོག་དེའི་སྐལ་ལྡན་གྱི་ཐུགས་སྲས་སམ་སྐུ་ཚ་གོང་སྨན་པ་དཀོན་མཆོག་ཕན་དར་ཞུ་བ་དེས་ཀྱང་དྲང་སྲོང་བརྒྱུད་པའི་གསོལ་འདེབས་<<རྫོགས་ལྡན་མ་>>དང་། <<དངུལ་ཆུ་གྲུབ་པའི་བསྟན་བཅོས།>> <<གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ།>> <<དགོས་པ་དོན་འདུས།>> <<དགོས་པ་ཀུན་འདུས།>> <<ཉམས་ཡིག་བརྒྱ་རྩ།>>རྩ་རྒྱུད་ཀྱི་འགྲེལ་པ་<<མེ་ལོང་མཐོང་གསལ།>>སྨན་ནག་ཆེན་མོའི་དཀར་ཆག་སོགས་མཛད་ཅིང་། མཁས་དབང་དེར་སློབ་མ་ཀ་བཞི་གདུང་བརྒྱད་དུ་གྲགས་པ་རྣམས་ཡོད་པའི་ནང་ནས་ཚ་རོང་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་ཞུ་བ་དེས་ཚ་རོང་པའི་<<སྙན་བརྒྱུད་བེ་བུམ་>>བྱ་བ་དང་། དེའི་དབོན་པོ་ནམ་མཁའ་བདེ་ལེགས་ཞུ་བ་དེས་ཀྱང་རྒྱུད་བཞིའི་སྤྱི་དོན་<<ལེགས་བཤད་སྣང་བ་>>དང་། མན་ངག་ཐོར་བུ་སྣ་ཚོགས་པའི་སྐོར་ <<བདུད་རྩི་ཕྲེང་བ།>> <<གཅོང་སྡེ་བཞིའི་ངོས་འཛིན་མཛུབ་ཚུགས་>> དང་དེའི་བཅོས་ཐབས་<<རྡོ་རྗེ་ཕ་ལམ་>>སོགས་མཛད་པ་དང་། སྒང་པ་དཔལ་མགོན་ལྷུན་གྲུབ་ཀྱིས་ཀྱང་གསོ་རིག་སྤྱི་དོན་<<ལེགས་བཤད་ཕྲེང་བ་>>དང་། <<དུས་བཞིའི་ངོས་འཛིན་འཁྲུལ་སྤོང་།>> དེ་བཞིན་ཕྱག་རྡོར་མགོན་པོས་<<གཅེས་བསྡུས་རིན་ཆེན་ཕྲེང་བ་>> དང་ <<ཕྱི་རྒྱུད་ས་བཅད་>>སོགས་དང་། འབྲོང་རྩེའི་ལྷ་སྲས་རིན་ཆེན་རྒྱ་མཚོ་ཞུ་བ་དེས་ཀྱང་<<འབྲོང་རྩེའི་བེ་བུམ་>>ཞེས་པའང་མཛད་ཅིང་། བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཚོན་རིམ་བྱོན་གྱི་མཁས་གྲུབ་དུ་མས་སྟོད་ལུགས་སམ་བྱང་ལུགས་ཞེས་པའི་སྲོལ་བཏོད་ཅིང་དར་རྒྱས་མཛད་པ་ཡིན་ནོ། །

ཟུར་ལུགས་ཞེས་པ་ནི་བོད་ཀྱི་ལྷོ་ཕྱོགས་དྭགས་ཀོང་གཙོ་གྱུར་གྱིས་ཟུར་ལུགས་ཐོག་མ་ཚངས་སྤྱོད་བརྟུལ་ཞུགས་འཛིན་པ་མཁས་མཆོག་དབང་ཕྱུག་གྲགས་པ་དང་། ངེས་དོན་མངོན་དུ་གྱུར་པ་རིག་འཛིན་ཕུན་ཚོགས་སོགས་བྱུང་ཞིང་། དེ་རྗེས་རབ་བྱུང་བདུན་པའི་ས་ལུག་(སྤྱི་ལོ་ ༡༤༣༩-༡༤༧༥)ལོར་ཤར་དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས་པའི་རྗེ་མཉམ་ཉིད་རྡོ་རྗེའམ་ཨ་བོ་ཆོས་རྗེ་ཞུ་བ་དེས་རང་གི་ཡབ་རིག་འཛིན་ཕུན་ཚོགས་དང་། ཁྲུས་ཁང་ལོ་ཙཱ་བ། ཤ་ར་རབ་འབྱམས་པ། སྨན་དོན་དབང་ཕྱུག་བཟང་པོ་སོགས་དམ་པ་དུ་མ་བསྟེན་ནས་རིག་གནས་སྤྱི་དང་། ཁྱད་པར་གསོ་རིག་ལ་སྦྱངས་པའི་རྩལ་ཐོན། འགྲོ་བ་ནད་པའི་དོན་མཛད། ལྷག་པར་པོ་ཏི་རིང་བསྲེལ་ཙམ་གྱི་ནང་ནས་མན་ངག་བྱེ་བ་བྱུང་བའི་<<བྱེ་བ་རིང་བསྲེལ་>>ཞེས་ནང་དོན་རེར་ལེ་ཚན་རེ་ཕྱེ་བའི་ལེ་ཚན་བཞི་བརྒྱ་བཅུ་དྲུག་གི་བདག་ཉིད་ཅན་ཚད་དང་ལྡན་པའི་མན་ངག་ཉམས་ཡིག་བསྟན་བཅོས་ཆེན་པོ་ཞིག་དང་། <<རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཕྲ་མོ།>> སྤྱི་དོན་ནམ་རྒྱུད་ཀྱི་དཀའ་གནད་རྣམས་ལ་<<དྲི་ཚིག་དངུལ་དཀར་མེ་ལོང་།>> <<ལེགས་བཤད་ཉི་ཟེར།>> <<ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིངས་ཡིག>> <<རང་གཞན་ལ་ཕན་པའི་བསླབ་བྱ་>>སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་མཛད། དེ་བཞིན་ལྷོ་ཁ་དང་། དྭགས་ཀོང་ས་ཁུལ་གྱི་གཉལ་ལོར་བྱར་གསུམ། ཨེ་ཉང་ཀོང་གསུམ་རྒྱུད་ཀྱི་སྨན་པ་རྣམས་འདུས་ཏེ་སྐུ་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་<<རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད་>>དང་། <<རོ་སྐོར་ལྕགས་ཀྱི་ཕྲེང་བ།>> <<བདུད་རྩི་རྫིང་བུ།>> <<བདུད་རྩི་གཏེར་མཛོད་>>སོགས་སྨན་རྫས་ཁག་རོ་ནུས་ཞུ་རྗེས་ངོ་བོ་ངེས་ཚིག་བྱེད་ལས་བཅས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་འཆད་སྤེལ་དང་། སྨན་ངོ་སྤྲོད་པ་སོགས་མདོར་ན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལྷོ་རོང་གི་རྒྱུད་དུ་གསོ་རིག་གི་བསྟན་པ་རྒྱ་ཆེར་སྤེལ་ཞིང་དཔལ་ལྡན་ཟུར་ལུགས་ཀྱི་སྲོལ་རྒྱ་ཆེན་པོར་བཏོད་པར་མཛད་དོ། །

དེ་ལྟ་བུའི་བདག་ཉིད་ཆེན་པོ་དེའི་སློབ་བརྒྱུད་ཀྱི་གྲས་སུ་མཐར་ཕྱིན་གྱི་སློབ་མ་བཞི་ལ་སོགས་པ་ཡོད་པའི་ནང་ནས་ལག་ལེན་མཐར་ཕྱིན་སྐྱེམས་པ་ཚེ་འབུམ་རྡོ་རྗེའི་སློབ་མ་སྐྱེམས་པ་ཚེ་དབང་ཞུ་བ་དེས་རྩ་རྒྱུད་ཀྱི་འགྲེལ་པ་<<སྨྲ་བ་མཆོག་ཐོབ་>>དང་། བཤད་རྒྱུད་འགྲེལ་པ་ <<ཚིག་དོན་ཉི་མ་>> མན་རྒྱུད་འགྲེལ་པ་<<བདེ་བའི་འདོད་འཇོ>> ཕྱི་རྒྱུད་འགྲེལ་པ་<<ལག་ལེན་གསལ་བྱེད།>> སྨན་དཔྱད་ལག་ལེན་<<ཚེ་དབང་བརྒྱ་རྩ་>>བཅས་མཛད། དེ་བཞིན་སྟོད་ལུང་གླང་གྲོང་དུ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་གདུང་རྒྱུད་ལས་འཁྲུངས་པའི་མཚན་ཤཱཀྱ་དབང་ཕྱུག་གམ་མཚོ་སྨད་མཁན་ཆེན་དུ་གྲགས་པ་དེས་<<ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་>>དང་། ཕྱི་རྒྱུད་ཀྱི་འགྲེལ་པ་<<དཀའ་གནད་གསལ་སྒྲོན་རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ།>> <<ལག་ལེན་དམར་ཁྲིད་དུ་བསྡེབས་པ་སྙིང་པོ་བསྡུས་པ་>>སོགས་མཛད་ལ་གླང་བུ་ཆོས་རྗེ་སོགས་བུ་སློབ་ཀྱང་མང་བར་གྲགས། གཞན་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བླ་སྨན་པ་ཡིན་པའི་འཚོ་བྱེད་པདྨ་དཀར་པོའི་སྲས་བྱར་པོ་པཎ་ཆེན་ཞུ་བ་དེས་རང་གི་ཡབ་མེས་རྣམས་ཀྱི་སྲོལ་ལུགས་དང་། ལྷག་པར་སྐྱེམས་པ་ཚེ་དབང་གི་ཞབས་ལ་གཏུགས་ནས་ཟུར་མཁར་བའི་སྲོལ་ལུགས་ལ་སྦྱངས་པ་མཛད་པའི་རྗེས་རྒྱུད་བཞིའི་འགྲེལ་པ་དང་<<ཁོག་འབུགས་ལེགས་བཤད་གསེར་གྱི་སྙེ་མ།>> <<བྱེ་བ་རིང་བསྲེལ་གྱི་དཀར་ཆག་>>སོགས་མཛད།

ལྷག་པར་དུ་བོད་རབ་བྱུང་དགུ་པའི་ས་སྦྲུལ་(སྤྱི་ལོ་(༡༥༠༩-༡༥༧༢) ལོར་ཟུར་མཁར་གོང་མའི་རིགས་སུ་འཁྲུངས་པའི་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་ཞུ་བ་དེས་སྐུ་ན་ཆུང་དུས་ནས་ཡབ་མེས་ཀྱི་རྒྱུན་ལས་གསོ་དཔྱད་གསན་ཞིང་ལྷག་པར་མཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་བུ་ཆོས་རྗེ་དང་། སྐྱོགས་ལོའམ་སྨོན་གྲུབ་ལོ་ཙཱ་བ། (འདི་ནས་སྙན་ངག་གསན།) གཞན་ཡང་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ་།། དེ་བཞིན་དཔོན་ཚང་ཕན་དར། གུ་གེ་བ་འ་པ་ཚེ་རིང་། བི་བྱིའི་དབོན་པོ་སོགས་བྱང་པའི་སྐུ་མཆེད་བཅས་ཀྱི་ཞབས་ལ་གཏུགས་ནས་གསོ་དཔྱད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གསན་རྗེས་བྱེ་བ་རིང་བསྲེལ་གྱི་དཀར་ཆག་ <<མཁས་པའི་ཡིད་འཕྲོག་>>དང་། <<སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག>> དེ་བཞིན་དྲང་སྲོང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་ <<འགོག་པ་མེད་པ་ཡི་གེའི་གཏམ་ཆེན་པོ།>> བྱང་པའི་རྒྱུད་གཞི་བཀའ་སྒྲུབ་ཀྱི་ལན་ <<དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ།>> གོང་སྨན་དཀོན་མཆོག་ཕན་དར་ལ་<<དྲི་བ་ཙུ་ཏའི་འཁྲི་ཤིང་།>> <<མ་ནུའི་དྲིས་ལན།>> <<ཆུ་སྐོལ་གྱི་རྣམ་བཤད།>>ག་བུར་དང་། གུར་གུམ། ཙན་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིག་སོགས་བསྟན་བཅོས་ཆེ་ཆུང་མང་པོ་མཛད་དེ་རྗེས་སྐུ་ཚེའི་སྨད་ཙམ་ལ་གཡུ་ཐོག་པ་ཉིད་ཀྱི་ཡིག་ཆ་དངོས་འཚོལ་བར་དགོངས་ནས་ཉང་སྨད་དུ་བྱོན་ཏེ་འཚོལ་ཞིབ་མཛད་པ་ན་མཐར་ས་ཆ་དེ་ནས་གཡུ་ཐོག་གསར་མའི་<<རྒྱུད་བཞི་ཕྱག་དྲེག་མ་>>ཕྱག་སོན་བྱུང་རྗེས་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་སྦྱར་ནས་ལོ་བཞིའི་རིང་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟེན་ནས་རྩ་བཤད་<<མེས་པོའི་ཞལ་ལུང་>>གཉིས་དང་། ཕྱི་རྒྱུད་རྩ་ཆུའི་<<མེས་པོའི་ཞལ་ལུང་>>བཅས་བསྟན་བཅོས་ཆེན་པོ་གསུམ་གསར་རྩོམ་མཛད། དེ་ནས་ལྷོ་ཁ་གྲྭ་ཐང་དུ་ཕེབས་དུས་ཡར་རྒྱབ་པས་སྦྱིན་བདག་མཛད་པར་བརྟེན་སྐུ་ཉིད་ནས་<<རྒྱུད་བཞི་>>ཡི་མ་ཟིན་ལ་ཞུས་ཆེན་དག་བཅོས་མཛད་དེ་གསོ་རིག་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་ད་ལྟ་<<གྲྭ་ཐང་རྒྱུད་བཞི་>>ཞེས་པའི་སྐད་གྲགས་ཅན་དེ་དཔར་དུ་བརྐོས་གནང་བ་དེས་བོད་ཀྱི་ས་གནས་རྒྱ་ཆེན་པོར་རྒྱུད་བཞི་འཆད་ཉན་དར་སྤེལ་འགྲོ་རྒྱུར་བསྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་བྱུང་ནས་གཞལ་བར་མི་ནུས་པའི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད། མཐར་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་ <<མུན་སེལ་སྒྲོན་མེ་>>མཛད་པ་དང་། གསོ་རིག་ཆོས་འབྱུང་<<ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་རམ་གཏན་པ་མེད་པའི་ཆོས་སྦྱིན་>>ཞེས་པའི་མཇུག་མཛད་འཕྲོར་ལུས་ཏེ་གཟུགས་སྐུའི་བཀོད་པ་བསྡུས།

གཞན་ཡང་ཟུར་ལུགས་ཀྱི་བརྒྱུད་འཛིན་པ་མང་ཐོས་ཟླ་བའི་དབང་པོ་དང་། སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། བྱང་ངོས་ནང་སོ་དར་རྒྱས། ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་པ་སོགས་མདོར་ན་མཁས་མཆོག་རིམ་བྱོན་རྣམས་ཀྱིས་གཞུང་བཤད་དང་། ལག་ལེན་ཕུན་སུམ་ཚོགས་པའི་སྨན་གཞུང་ཇི་སྙེད་ཅིག་བརྩམས་པ་དང་། ནད་པ་རྒྱ་ཆེན་པོར་སྨན་བཅོས་ཀྱི་སྒོ་ནས་འགྲོ་ཕན་བླ་ན་མེད་པའི་མཛད་རྗེས་མངོན་པར་འཕགས་ཤིང་ཇི་སྲིད་བར་ཟུར་ལུགས་ཀྱི་སྲོལ་རྒྱུན་མི་ཉམས་དར་ཞིང་རྒྱས་པར་མཛད་དོ། །

ཡང་དུས་དེའི་ཚེ་བོད་རབ་བྱུང་བཅུ་པའི་ཤིང་ལུག་(སྤྱི་ལོ་༡༥༩༥-༡༦༥༩)ལོར་སྐུ་འཁྲུངས་པའི་འབྲི་ཁུང་ཆོས་ཀྱི་གྲགས་པ་ཞུ་བ་དེས་རྗེ་ཀརྨ་རང་བྱུང་རྡོ་རྗེའི་སློབ་བརྒྱུད་ཞྭ་དམར་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་། ཟུར་ལུགས་ཀྱི་སློབ་བརྒྱུད་ལས་བྱུང་བའི་ཀོང་པོ་བ་འཚོ་བྱེད་དཀོན་མཆོག་རྒྱལ་མཚན་སོགས་སློབ་དཔོན་གྱི་དྲུང་ནས་གསོ་དཔྱད་གསན་སྦྱོང་གིས་མཁྱེན་རབ་རྒྱས་པ་ན། རྒྱུད་བཞིར་<<བཀའ་མཆན་>>ཞེས་པ་དང་། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་གྲངས་ངེས་<<ཞལ་ལུང་མཛེས་རྒྱན།>>རིན་ཆེན་རིལ་ནག་ཆེན་མོའི་ཟིན་བྲིས་<<མཁས་པ་དགའ་བྱེད།>>འབམ་བཅོས་<<ཚེ་འཛིན་སྲོག་སྐྱོབ།>>ཆུ་བཅོས་<<གསང་བ་སྦུབས་འདྲེན།>>ཉེར་ལྔ་བརྒྱ་རྩའི་སྦྱོར་བ་སོགས་མཛད་ནས་འབྲི་ལུགས་ཞེས་པའི་སྲོལ་བཏོད། དེའི་སློབ་མའི་གཙོ་བོ་སྙེ་མོ་གཞུ་སྟོད་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་(སྤྱི་ལོ་༡༦༥༥)ལོར་སྐུ་འཁྲུངས་པའི་དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བསྟན་པ་ཞུ་བ་དེས་<<གཅེས་བསྡུས་ཕན་བདེའི་སྙིང་པོ་>>དང་། རྒྱུད་བཞིའི་<<དཀའ་གནད་དོགས་སེལ།>>གཉན་རིམས་མཁྲིས་པ་རྩར་རྒྱུགས་ཀྱི་ཞལ་ལུང་<<བདུད་རྩི་ཆུ་རྒྱུན་>>སོགས་མཛད་ཅིང་། དེའི་སློབ་མ་དཔོན་ཚང་ཡེ་ཤེས་ཀྱིས་(རྒྱལ་པོ་ལྷ་བཟང་གི་བླ་སྨན་མཛད་པར་གྲགས།) ཀྱང་གཅེས་བསྡུས་<<ཕན་བདེའི་ཆར་རྒྱུན་>>དང་། དངུལ་ཆུ་བཙོ་བཀྲུའི་ཟ་འཆིངས་ལག་ལེན་<<གསང་མཛོད་སྦས་པའི་ལྡེ་མིག་>>སོགས་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཕན་ནུས་ཤིན་ཏུ་ཆེ་བའི་སྨན་རྫས་རིགས་པའི་གཞུང་ལུགས་མང་པོ་བརྩམས་ནས་འགྲོ་ཕན་མཛད་འཕྲིན་བཟང་པོ་ཡར་ཟླའི་དཔལ་ལ་འགྲན་པར་བྱུང་ངོ་།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ཞེས་པ་ནས་ཟུར་འདོན་ཞུས།།




མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།