སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཆེན་པོ་ལྔའི་ཡ་གྱལ་དུ་གྱུར་པའི་བོད་ཀྱི་གསོ་བ་རིག་པ་འདིར་རྒྱུན་རིང་གི་ལོ་རྒྱུས་ལྡན་ཡོད་པ་དང་། དེ་ནི་མི་རིགས་རང་ཉིད་ཀྱི་མེས་པོ་རིམ་བྱོན་རྣམས་ཀྱིས་གནའ་རབས་ནས་བཟུང་བོད་ལྗོངས་ས་མཐོའི་ཐོག་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པའི་ལག་ལེན་ནང་ཐོབ་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་མཛད་པ་ཞིག་ཡིན་ལ། ད་དུང་དེ་རིམ་བཞིན་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་སྤུན་ཟླའི་མི་རིགས་གཞན་དག་དང་། ཕྱི་ཕྱོགས་ནས་དར་བའི་དགེ་མཚན་ལྡན་པའི་གསོ་རིག་གི་སྙིང་བཅུད་མང་པོ་བསྡུ་ལེན་གྱིས་རྒྱུན་ཆད་མེད་པར་ཁ་སྐོང་དང་འཕེལ་རྒྱས་གོང་འཕེལ་གཏོང་བ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་གསར་བཏོད་མཛད་པ་ཞིག་ཡིན་གཤིས། དེར་ཆ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཡོད་པ་དང་། མི་རིགས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱང་ལྡན་ཡོད་པ་ཞིག་རེད། དེས་བོད་རིགས་མི་དམངས་ཙམ་མ་ཟད། སྤུན་ཟླའི་མི་རིགས་གཞན་དག་གི་འཚོ་གནས་ལ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་ལེགས་སྐྱེས་ཆེས་ཆེ་བ་ཞིག་ཕུལ་ཡོད་སྟབས་དེང་སྐབས་དེའི་སྙན་གྲགས་ཀྱང་འཛམ་གླིང་གི་ཡུལ་གྲུ་ཁག་གཅིག་ལ་ཁྱབ་སྟེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གི་ནང་དུ་ཡང་དེར་ཤེས་རྟོགས་དང་། སློབ་སྦྱོང་། ཞིབ་འཇུག་བཅས་བྱེད་པའམ་བྱེད་སེམས་བྱེད་བཞིན་ཡོད་པ་བཅས་རེད། མདོར་ན་བོད་རིགས་མི་དམངས་རྣམས་ལ་ངོམས་རིན་ཡོད་པའི་ཕུལ་བྱུང་གི་རིག་གནས་དེ་དང་དེ་ལྟ་བུ་ཡོད་པ་དེ་ནི་མི་རིགས་རང་ཉིད་ཀྱི་སྤོབས་པ་དང་གཟི་བརྗིད་ཅིག་ཡིན་ངེས་རེད། དེ་ལྟ་བུའི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཇི་ལྟར་དར་བའི་ཚུལ་རྣམས་ཅུང་ཟད་གསལ་ཞིང་བརྒྱུད་རིམ་དང་ལྡན་པའི་སྒོ་ནས་སྟོན་ཐུབ་པའི་ཕྱིར་གནའ་བོའི་ལོ་རྒྱུས་ཀྱི་ཡིག་རིགས་རྙིང་ཁུངས་རྣམས་ལ་གཞིགས་ཏེ་བོད་འདིའི་རང་བྱུང་ཁམས་ཆགས་ཚུལ་དང་། མིའི་རིགས་བསྐྱེད་བསྲིང་བྱུང་བའི་ལོ་རྒྱུས་མདོ་ཙམ་བརྗོད་པ་ནས་གླེང་བར་བྱ་ཞིང་། དེ་ཡང་སྔོན་གྱི་ལོ་རྒྱུས་ཐོག་འཁོད་པར་གཞིགས་ན་བོད་ལྗོངས་འདི་ནི་གདོད་མའི་དུས་སུ་ཆུ་བོའི་གཏེར་ཆེན་པོ་འབའ་ཞིག་ཡིན་པར་གྲགས་པ་དང་། དེ་རྗེས་ཀོང་ཆུ་བརླག་ཅེས་པའི་ཟོམ་བྱུང་བས་ཆུ་བོ་རྣམས་རིམ་བཞིན་ཁ་བྲི་སྟེ་རིམ་པས་ས་གཞིའི་རྣམ་པ་དང་། སྲོག་ཆགས། རྩི་ཤིང་ནགས་ཚལ་ཆགས་པ་བཅས་ཀྱིས་འཛམ་གླིང་གི་གཙུག་ཏོར་ལྟ་བུ་རི་མཐོ་ཞིང་། ས་གཙང་བ་། བསིལ་ལ་མཛེས་པའི་ཡུལ་ཁམས་ཁྱད་འཕགས་ཅན་གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་ཁ་བ་ཅན་འདི་དག་བྱུང་ཞིང་། དེའི་སྐོར་ལ་རླབས་ཆེན་གྱི་ལོ་རྒྱུས་མཁས་ཅན་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་<<མཁས་པའི་དགའ་སྟོན་>>ནང་། སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ།། བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ།། སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ།། ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང་།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་ཕྲན་གཞན་ཡང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད།། མངའ་རིས་སྐོར་གསུམ་ཤཱ་རྐྱང་རི་དྭགས་གླིང་།། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་།། སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་།། ཞེས་གསུངས་པ་ལྟར་བོད་ཀྱི་ཡུལ་ཁམས་ཀྱི་ཐོག་མའི་ཆགས་ཚུལ་སྐོར་རགས་རིམ་དུ་གསུངས་པ་དང་། དེང་གི་ཆར་ཡང་བཤད་སྲོལ་འདི་དག་ཁུངས་ལུང་ཡོད་པར་རང་ལྗོངས་ཀྱི་འཛིན་མའི་ཁོངས་ནས་རྙེད་པའི་གནའ་བོའི་མཚོ་ནང་གི་སྲོག་ཆགས་དུང་དཀར་རྡོ་ལ་འགྱུར་བ་དང་། དེ་མིན་མཚོ་ནང་གི་སྲོག་ཆགས་རྡོ་འགྱུར་བྱུང་བའི་རིགས་ལ་དེང་རབས་ཚན་རིག་མཁན་ཚོས་ཞིབ་འཇུག་བརྟག་དཔྱད་བྱས་རྗེས་དངོས་འབྲེལ་གནའ་བོའི་དུས་སུ་བོད་ལྗོངས་འདི་བཞིན་ཆུ་གཏེར་ཆེན་པོ་ཡོངས་སུ་གང་བ་ཞིག་ཡིན་པར་མཇུག་བསྡོམས་བཞག་པ་དེས་གོང་གསལ་བཤད་ཚུལ་ལ་སྒྲུབ་བྱེད་ཡོད་པར་ལུང་རིགས་མན་ངག་ཚད་མ་གསུམ་གྱིས་དཔང་པོ་འཕེར་བ་ཞིག་བྱུང་བར་བརྟེན་ཧ་ཅང་ཡིད་ཆེས་ཀྱི་གནས་སུ་གྱུར།

དེ་རྗེས་བོད་ཀྱི་ཡུལ་ཁམས་ཀྱི་རང་བྱུང་ཁོར་ཡུག་ལ་འགྱུར་བ་བྱུང་བ་དང་། ས་ཁམས་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་བརྒྱུད་གངས་ལྗོངས་འདི་ཉིད་དུ་སྤྲེའུ་དང་བྲག་སྲིན་འདུས་པ་ལས་མི་བརྒྱུད་ཐོག་མར་བྱུང་བ་དང་། དེ་དག་རིམ་བཞིན་འཕེལ་ཞིང་དར་བ་ལས་མཐར་འགྲོ་བ་མིའི་རིགས་བསྐྱེད་བསྲིང་ཡོང་བའི་རྒྱལ་ཁམས་སུ་གྱུར་པའི་ལོ་རྒྱུས་ཀྱང་ཆེས་གསལ་བ་ཞིག་ཡོད་ཅིང་། དེ་དག་གི་ཁུངས་དང་ལོ་རྒྱུས་ར་སྤྲོད་བྱེད་ཡུལ་ནི་གོང་ལྟར་རང་ཅག་གི་ས་འོག་ནས་དོན་པའི་གདོད་མའི་མི་བཟོས་རྡོ་ཆས་རྙིང་པ་དང་ཞིབ་ཆ་ཆེ་བའི་རྡོ་ཆས་མང་དག་ཅིག་རྙེད་པ་རྣམས་ལ་སྔ་ཕྱིར་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་མཁས་པ་མང་པོས་ཚན་རིག་ཐོག་ནས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད་བོད་ལྗོངས་ས་མཐོའི་སྟེང་དུ་ལོ་ཁྲི་ཕྲག་གི་གོང་ནས་མིའི་རིགས་ཡོད་པ་ར་འཕྲོད་པ་མ་ཟད། རྡོ་ཆས་དེ་རྣམས་ཀྱང་ལོ་ཁྲིའི་སྔོན་ནས་ཡིན་པར་སྡོམ་ཚིག་བཞག་པར་བརྟེན་ཆེས་གནའ་བོའི་དུས་ནས་བོད་འདིར་མིའི་རིགས་ཀྱི་རྩོལ་བ་དང་འཚོ་བ་འཕེལ་རྒྱས་བྱུང་བའི་གནས་ལུགས་ལ་བདེན་དཔང་རྣལ་མ་ཞིག་ཐོབ་ཡོད་པར་གཞིགས་ན་ཡང་རྒྱ་དཀར་ནག་སོགས་ཀྱི་ཡུལ་གྲུ་གཞན་དང་འདྲ་བར་ཐོག་མ་ནས་བོད་ཡུལ་འདིར་མིའི་འགྲོ་བ་ཆགས་པར་བཞེད་པ་རྩེ་མཐུན་ཡིན་པ་བཅས་མདོར་ན་བོད་གངས་ཅན་འདིར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནི་ཆེས་སྔ་བ་དང་། གནའ་བོའི་མི་ཚོས་དུས་ཡུན་ཤིན་ཏུ་རིང་པོའི་ནང་རང་བྱུང་ཁམས་དང་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་རྒྱུན་ཆད་མེད་པ་བྱས་པར་བརྟེན། རང་ཅག་བོད་ཀྱི་གསོ་རིག་དང་སྨན་རིག་ལོ་རྒྱུས་སྟེང་ཟད་མི་ཤེས་པའི་ལམ་བུ་གསར་བཏོད་བྱུང་བ་ནི་གདོན་མི་ཟ་བར་མངོན་ནོ།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ཞེས་པ་ནས་ཟུར་འདོན་ཞུས།།



མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།