བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.02.2025 |
༄༅། །བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན་བློ་གསར་ལྡེ་མིག
སྨན་པ་ཉེ་བའི་འབུམ་རམས་པ་བསྟན་འཛིན་མཐའ་ཡས་ཀྱིས་ཕྱོགས་སྒྲིག་ཞུས།
བོད་ཀྱི་གསོ་བ་རིག་པའི་གཞུང་དུ་གསུངས་པའི་ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ་བའི་གཉན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་ཡ་གྱལ་ནད་གཞིའི་ངན་ཁྲག་སོགས་དངོས་སུ་ཕྱིར་འབྱིན་པར་བྱེད་པའི་རྩུབ་པའི་དཔྱད་མཆོག་གཏར་གའི་བཅོས་ཐབས་གྱི་གཏར་དམིགས་དང་དེ་རྣམས་ཀྱི་ཕན་ཡོན་སྐོར་མདོ་ཙམ་བརྗོད་པར། གཙོ་བོ་གསོ་རིག་རྒྱུད་བཞིའི་ཕྱི་མོ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་གཏར་གའི་ལེའུ་ནས་དངོས་སུ་གསུངས་པའི་གཏར་རྩ་དོན་བདུན་དང་། དེ་བཞིན་གཞུང་གཞན་དུ་གསལ་བའི་གབ་རྩ་ང་དྲུག་སོགས་ཕྱོགས་བསྡུས་བྱས་ཏེ་སྨན་པ་གཞོན་སྐྱེས་རྣམས་ཀྱིས་དངོས་སུ་ལག་ལེན་སྐབས་བལྟ་བདེ་དང་སྤྱོད་བདེ་བ་ཡོང་བའི་དོན་དུ་གསལ་བར་འགོད་པར་བྱའོ། །
དེ་ཡང་གསོ་རིག་རྒྱུད་བཞི་ནི་བོད་ཀྱི་གསོ་དཔྱད་ཀུན་གྱི་སྙིང་པོ་ཡིན་པས་དེའི་ནང་དུ་གཏར་རྩ་དོན་བདུན་ཞིབ་རྒྱས་བཀོད་ཡོད་པ་དང་། དེ་བཞིན་མཁས་པ་རྣམས་ཀྱིས་གཏར་གའི་སྐོར་གྱི་གསུང་རྩོམ་མང་དུ་བཞུགས་པའི་ནང་ནས་སྔོན་གྱི་མཁས་དབང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གིས་མཛད་པའི་གཏར་གའི་གདམས་པ་ཉེས་འཁྲུགས་སྙོགས་མ་དྲུང་འབྱིན་ཀེ་ཏ་ཀ་དང་། དེ་བཞིན་ཕྱིས་ཀྱི་མཁས་དབང་བློ་བཟང་རྒྱ་མཚོས་མཛད་པའི་སྙོགས་མ་དྲུང་འབྱིན་གྱི་འབྲུ་འགྲེལ་མེས་པོའི་ཞལ་རྒྱུན། སློབ་དཔོན་ཁྲོ་རུ་ཚེ་རྣམ་གྱིས་བརྩམས་པའི་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། མཁས་དབང་སྨན་པ་འབུམ་རམས་པ་བཀྲ་རྒྱལ་མཆོག་གིས་མཛད་པའི་གཏར་གའི་ལག་ལེན་དམར་ཁྲིད་དེའུ་དམར་དགོངས་རྒྱན། ཁྱད་པར་མཁས་དབང་རྒྱལ་བས་མཛད་པའི་དཔྱད་མཆོག་གཏར་གའི་ལག་ལེན་ཀུན་གསལ་བཻཌཱུརྱའི་མེ་ལོང་བཅས་སུ་གསང་གནས་དང་གསང་གཞལ་ཚུལ་སོགས་ཞིབ་ཕྲ་བཀོད་ཡོད་པ་མ་ཟད། ད་དུང་གཏར་གའི་ལག་ལེན་ཀུན་གསལ་བཻཌཱུརྱའི་མེ་ལོང་དུ་གསང་དམིགས་གསལ་བའི་ཚོན་རིས་ཅན་གྱི་རི་མོ་བཅས་ཡོད་པས་གསལ་ཁ་གང་ཆེ་དང་དངོས་མཐོང་སྤྱོད་བདེ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མདོ་ཙམ་བཀོད་པ་ལ། གཏར་རྩ་དོན་བདུན་དང་། གབ་རྩ་རེ་ལྔ་བཅས་འགྲེལ་བར་བྱའོ། །
ས་བཅད་དང་པོ། གཏར་རྩ་དོན་བདུན།
དང་པོ། སྤྱིའི་བསྡོམས་གྲངས་བསྟན་པ།
གཏར་རྩ་དོན་བདུན་གྱི་བསྡོམ་གྲངས་ནི་རྗེ་ཟུར་མཁར་བས། །མཚོག་གསང་སྣ་རྩེ་ཐོང་རྩ་གསུམ། །རྣ་བའི་ཕྱི་ནང་ལྗོན་ཤིང་བཞི། །ལྟག་རྩ་ལྟག་རལ་གསེར་མདུང་དྲུག །ལྕེ་མིག་སོ་རྩ་རྩེ་ཆུང་བརྒྱད། །དེ་ལྟར་ཉེར་གཅིག་མགོ་སྐེར་རོ། །དཔུང་རྩ་སྒང་རྩ་དྲུག་མགོ་དང་། །སྣོད་ཀ་རུ་ཐུང་གློ་སྙིང་འདོམས། །གློ་མཆིན་མཆིན་མཁྲིས་འདོམས་རྩ་དང་། །བད་མཁྲིས་ཆུ་སེར་གཤའ་རིངས་དང་། །དྲུག་འདུས་སྐྱོར་གོང་སྲིན་ལག་གི། །རྒྱབ་རྩ་གཉིས་གཉིས་ཕྲན་བུ་དྲུག །སུམ་ཅུ་རྩ་བཞི་ལག་པར་རོ། །རྐང་པར་རྩ་ཆེན་སྒབ་རྩ་དང་། །རྟ་མཐུར་བྱིན་གཞུག་བྱིན་ཀྱོག་དང་། ། གདོང་རྩ་ལོང་རྩ་ཡོབ་གོང་དང་། །རྒྱུ་རྩ་གཉིས་གཉིས་བཅོ་བརྒྱད་དོ། །སྦུབས་ལ་ཕོ་བའི་རྭ་གཉིས་དང་། །ཕོ་མཚམ་འགྲམ་རྩ་གཉིས་ཏེ་བཞི། །དེ་ལྟར་བསྒྲིལ་བས་བདུད་ཅུ་བདུན། །ཞེས་གསུངས་པ་བཞིན་རིམ་པར་གཤམ་དུ་འགོད་པར་བྱ།
གཉིས་པ། བྱེ་བྲག་གཏར་དམིགས་སོ་སོའི་གསང་གནས་དང་ཕན་ཡོན་བསྟན་པ།
དང་པོ་མགོ་སྐེའི་གཏར་རྩ་ཉེར་གཅིག་བཤད་པ།
གསང་གནས། དཔྲལ་དབུས་སྐྲ་མཚམས་ནས་གྱེན་དུ་སོར་བཞིའམ། ཡང་ན་སྣ་རྩེ་ནས་གྱེན་དུ་སོར་བཅུ་གཉིས་བཅལ་བའི་མཚམས་སུ་གཙགས་བུའི་ཁ་གྱེན་ལ་གཏད་དེ་གཤགས་ནས་གཏར་རོ།།
ཕན་ཡོན། བད་རླུང་དང་བད་མཁྲིས། རིམས་ནད་བཅས་ཀྱིས་མགོ་ཡུ་འཁོར་ཞིང་ན་བ་དང་། ཁྱད་པར་ཆང་འཐུང་རྗེས་དང་། མེ་དང་ཉི་མས་དྲོས་ཚེ་ལྷག་པར་ན་བ། མཚོག་མ་ལྕི་ལ་མིག་གྱེན་ལ་མི་ཐེག་པ། མིག་རབ་རིབ་བྱེད་པ། མིག་ཕུགས་སུ་ན་ཟུག་གཏོང་བ་བཅས་ལ་ཕན། ཁྱད་པར་ཁྲག་ཤས་ཆེ་བའི་ཁྲག་རླུང་དང་། ཁྲག་འཕེལ་བ། ཁྲག་གྲིབ་ཛ་དྲག་གི་དུས་དང་བསྐྱར་གསོའི་དུས་བཅས་ལ་མཆོག་ཏུ་ཕན།
(རྒྱས་པ་གཤམ་གྱི་PDFནང་གཟིགས་ཞིབ་ཡོད་པ་ཞུ།)
http://www.mentsee.org/media/pdf/Tarka%20Book%202025.pdf
མཐའ་མའི་འདོན་ཐེངས་།: 04.02.2025 ཉིན། 10:48 AM
<< སྔ་མ།