སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

དེ་ཡང་མི་རྗེ་སངས་རྒྱས་རྒྱ་མཚོས་མཛད་པའི་<<གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་>>ནང་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་མི་ཡུལ་དུ་ཐོག་མར་སྐྱེས་པའི་ཤེད་བུ་ཞེས་བྱ་བས་སྲེད་པའི་བག་ཆགས་ཀྱིས་ས་ཞག་ཟོས་པ་ལ་བརྟེན་ནས་མ་ཞུ་བའི་ནད་ཀྱི་ཟུག་རྔུ་དྲག་པོས་བཏབ་སྟེ་སྨྲེ་སྔགས་ཕྱུངས་པ་མེས་པོ་ཚངས་པས་ཐོས་ནས་འགྲོ་བ་ལ་བརྩེ་བའི་བློས་སྔོན་སངས་རྒྱས་ཤཱཀྱ་ཐུབ་ཆེན་གྱིས་གསུངས་པའི་<<གསོ་དཔྱད་འབུམ་སྡེ་>>ལས། མ་ཞུ་བའི་ནད་ལ་ཆུ་སྐོལ་གཏོང་བའི་ཚུལ་ཡོད་པ་དྲན་ཏེ་ཚངས་པས་ཆུ་སྐོལ་གྱི་སྦྱོར་བ་བསླབས་པས་ཤེད་བུའི་ནད་ཞི། རྒྱུ་མཚན་དེ་ལ་དཔགས་ནས་ནད་ལ་སྔ་བ་མ་ཞུ་བ་དང་། ནད་པ་ལ་སྔ་བ་ཤེད་བུ། སྨན་ལ་སྔ་བ་ཆུ་སྐོལ། སྨན་པ་ལ་སྔ་བ་ལྷ་ཚངས་པ་ཡིན་པར་འཇིག་རྟེན་དུ་གྲགས་པ་དེ་ལྟར་ནའང་། དོན་དུ་འཇིག་རྟེན་འདིར་མི་ཆགས་པ་ནས་གདོད་མའི་སྤྱི་ཚོགས་སྐབས་བཟའ་བཏུང་ལོངས་སུ་སྤྱོད་རྒྱུ་ནི་རགས་པའི་ཁ་ཟས་ཁོ་ན་ཡིན་པས། དེའི་དབང་གིས་མི་ཚོར་མ་ཞུ་བའི་ནད་ཕོག་རྒྱུ་ནི་ཤིན་ཏུ་མང་བ་དང་། རྗེས་སུ་མི་རྣམས་ཀྱིས་མེ་བཀོལ་སྤྱོད་ཀྱི་ཐབས་ཤེས་རྙེད་རྗེས་བཟའ་བཏུང་རྗེན་པ་དང་། གྲང་མོ། འཇུ་དཀའ་བའི་རིགས་རྣམས་མེ་ལ་བསྲེགས་པ་དང་། ཡང་ན་བཙོས་པ། ཐ་ན་དྲོད་བཏང་བ་སོགས་ཀྱི་ཐབས་ཤེས་བརྒྱུད་མ་ཞུ་བའི་ནད་རིགས་ཡོང་རྒྱུར་སྔོན་འགོག་ཐུབ་པ་མ་ཟད། ཆུ་ཁོལ་བསྐོལ་བའི་ལག་ལེན་ཤེས་རྗེས་ལུས་པོར་དྲོད་སྐྱེད་པ་དང་། ཁ་ཟས་འཇུ་བ། དེ་མིན་ནད་རིགས་གཞན་དག་ལའང་ཕན་པ་ཡོད་པ་ར་འཕྲོད་བྱུང་བར་བརྟེན་སྨན་གྱི་ཐོག་མ་ཆུ་སྐོལ་ཡིན་པའང་ངལ་རྩོལ་མི་དམངས་ཀྱིས་ནད་རིགས་དང་འཐབ་རྩོད་བྱས་པའི་ནང་མེ་བཀོལ་སྤྱོད་ཀྱི་ལག་ལེན་ཁོ་ན་ལས་བྱུང་བ་ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས་གསལ་བཤད་བྱས་པ་དང་། ཇི་ལྟར་མི་རིགས་གང་ཞིག་དང་ས་གནས་གང་ཞིག་ཡིན་རུང་སྨན་དཔྱད་ཀྱི་ཐོག་མའི་བྱུང་ཚུལ་ལམ་མྱུ་གུ་ལྟ་བུ་ནི། མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་ལག་ལེན་ཉག་ཅིག་ལས། གཞན་པའི་རྒྱུ་མཚན་མེད་ངེས་པ་བཅས་སོ།།

            དེ་ནས་སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱའི་ཡས་མས་སུ་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་པ་དེ་ཉིད་སྤོ་བོའི་ཡུལ་ནས་བྱོན་ཏེ་ཡར་ཀླུང་གི་ལྷ་རི་གྱང་མཐོའི་རྩེ་ལ་(ད་ལྟའི་འཕྱོངས་རྒྱས་རྫོང་འགྲམ་)ཕེབས་ནས་གཟིགས་པས། ཡར་ཀླུང་གི་ཡུལ་དགེ་བཅུ་ཚང་ཞིང་ཡར་ལྷ་ཤམ་པོའི་གངས་ལྷུན་སྟུག་ཡ་མཚན་པར་མཁྱེན་ཏེ་ལྷ་རི་རོལ་པོའི་ལྷ་སྐས་ནས་བབས་ཏེ་བཙན་ཐང་སྒོ་བཞིར་(ལྷོ་ཁ་རྩེད་ཐང་ཉེ་འགྲམ་)ཕེབས། སྐབས་དེར་གཉའ་ཁྲི་བཙན་པོར་ཕྱུགས་འཚོ་བའི་མི་བཅུ་གཉིས་དང་འཕྲད་ཅིང་། ཁོང་ཚོས་གཉའ་ཁྲི་རྗེ་ལ་བཀུར་བའི་རྣམ་པ་བསྟན་རུང་གཉའ་ཁྲི་བཙན་པོ་ཁྲིར་འཁོད་ཁར་དོགས་པ་དྲུག་ཡོད་པ་དེ་སྟོན་པའི་ནང་། དོན་ཚན་ལྔ་པ་ནི་དུག་ཡོད་ཅེས་གསུངས་པར། རྩིབས་ལྷ་སྐར་མ་ཡོལ་སྡེ་ཞེས་པའི་ཤེས་པ་ཅན་དེས་བོད་འདིར་དུག་ལ་སྨན་ཡོད་ཅེས་གསུངས་པའི་སྐོར་<<བློན་པོ་བཀའ་ཐང་>>ནང་གསལ་བ་དེ་དག་ལ་གཞིགས་ན་སྐབས་དེའི་དུས་སུ་བོད་མི་དམངས་ཀྱིས་སྐྱེ་དངོས་དང་། སྲོག་ཆགས། གཏེར་ཁའི་རིགས་བཅས་ཁ་ཤས་ལ་ནད་རིགས་གསོ་བའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཟིན་པ་མ་ཟད། དུག་སེལ་སྨན་གྱི་བྱེད་ཐབས་ཤེས་པའང་དངོས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །

            དེ་བཞིན་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་<<ཤེས་བྱ་སྤྱིའི་ཁོག་འབུགས་>>ལས། ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། དེ་བཞིན་དུ་གཡུ་ཐོག་རྙིང་མའི་རྣམ་ཐར་ <<གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་>>ལས་ཀྱང་། གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་བསྐྱོན་སྐབས་ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཅེས་པ་སོགས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་སྤུ་ཧྲེང་དུ་བྱོན་པར་བཤད་པའི་ཕྱིར་རོ། །སྐབས་དེར་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་པ་དེས་<<གསོ་བྱའི་ནད་འབུམ་ནག་པོ་>>དང་། <<གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ།>> <<གསོ་བྱེད་ཀྱི་སྨན་འབུམ་དཀར་པོ།>> <<གསོ་དཔྱད་ཀྱི་མདོ་དགུ།>> <<གསོ་རིག་དཔྱད་རྒྱུད་ཟླ་ཟེར་>>ཟེར་བ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་མང་པོ་འཆད་ཉན་དང་། འགྲོ་བ་ནད་པའི་དོན་མཛད་ཚུལ་གྱི་ལོ་རྒྱུས་ཟིན་ཐོ་ཡོད་པ་དང་། ལྷག་པར་དུ་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་<<དུག་བཅོས་གཡུང་དྲུང་འཁྱིལ་བ་>>ཞེས་པའི་ནང་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་། ནང་གསེས་དབྱེ་བ། སོ་སོའི་ཕན་ཡོན་སོགས་ཞིབ་གསལ་འཁོད་པར་གཞིགས་ན་ཞང་ཞུང་གི་དཔྱད་བུ་ཁྲི་ཤེས་ཞེས་པ་ནི་ཧ་ཅང་སྔ་བའི་དུས་ནས་སྨན་དཔྱད་ཀྱི་བསྟན་པའི་བྱ་བར་ཞུགས་མཁན་ཞིག་ཡིན་པ་དེ་དག་ལ་བརྟེན་ན་བོད་ཀྱི་གསོ་རིག་ལ་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་ཚད་མས་གྲུབ་བོ།། ཞང་ཞུང་ཞེས་པ་དེ་ཡང་<<སྦ་བཞེད་>>ལས། ཞང་ཞུང་བོན་གྱི་ས་བརྟག་ལ། །སྟོད་གངས་དཀར་ཏི་སིའི་གནས་མཆོག་འདིར། །སྤུ་ཧྲེང་གངས་ཀྱིས་སྐོར་དང་གཅིག །མང་ཡུལ་ཆབ་ཀྱིས་སྐོར་དང་གཉིས། །གུ་གེ་གཡའ་ཡིས་སྐོར་དང་གསུམ། །སྐོར་གསུམ་ཡོད་པས་རྫིང་བུ་འདྲ། །བོན་མངའ་འབངས་ཀྱི་རིས་སུ་གཏོགས་པ་ལ། །སྟོད་མངའ་རིས་སྐོར་གསུམ་གྲགས་པ་ཡིན། །ཞེས་གསུངས་པ་ལྟར་རོ།།

            དེ་རྗེས་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཡས་མས་སུ་བོད་རྗེ་གྲི་གུམ་བཙན་པོའི་དུས་སུ་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཕྱིན་པའི་ཉེར་ལེན་ལས་ནས་བཙོས་ནས་ཆང་བསྙལ་བའི་ཐབས་ཤེས་དང་། འོ་མ་ནས་མར་བཏོན་ཐབས་ཤེས་རྗེས་རིམ་པས་རྨ་གསར་པ་ལ་སྦངས་མའི་འཇིབ་བྱེད་པ་དང་། མར་ཁུ་བཞུས་ནས་ཁྲག་གཅོད་པའི་ཐབས་ཤེས་རྙེད་དེ་སླར་ཡང་སྨན་རྫས་ཀྱི་འབྱུང་ཁུངས་གསར་པ་ཁ་ཤས་བཙལ་ཐུབ་པ་བྱུང་བ་ཡིན་ནོ།།

            དེ་རྗེས་བོད་ཤིང་ཁྱི་ལོ་(སྤྱི་ལོ་༢༥༩-༣༧༤)བར་འཁྲུངས་པའི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་དུས་སུ་རྒྱ་གར་གྱི་སྨན་པ་དགའ་བྱེད་བི་བྱི་དང་། བི་དགའ་ལྷ་མཛེས་ཞེས་པ་གཉིས་བོད་དུ་ཕེབས། ཁོང་གཉིས་ཀྱིས་མང་ཚོགས་ནང་སྨན་བཅོས་གནང་བའི་སྐོར་གྱི་དྲིལ་ཆེན་པོ་བསྒྲགས་པ་རྒྱལ་པོས་གསན་ཏེ་སྨན་པ་གཉིས་ཕོ་བྲང་ཡུམ་བུ་གླ་སྒང་དུ་སྤྱན་དྲངས་ཏེ་ཁྲི་མཐོན་པོར་བཞུགས་སུ་གསོལ་ཞིང་། བསྙེན་བསྐུར་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད་དེ་བོད་ཡུལ་དུ་རིང་པོར་བཞུགས་ནས་གསོ་དཔྱད་སྤེལ་བའི་འདུན་པ་མཛད་པ་ན་དེར་སྨན་པས་ཞལ་གྱིས་བཞེས་སྐབས་རྒྱལ་པོ་ཉིད་དགྱེས་ནས་རང་གི་སྲས་མོའམ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་མ་ཞེས་པ་སྨན་པ་བི་བྱི་དགའ་བྱེད་ལ་བཙུན་མོར་ཕུལ་སྟབས་ནམ་ཞིག་གི་ཚེ་དེ་ལ་སྲས་དུང་གི་ཐོར་ཅོག་ཅན་ཞེས་པ་ཞིག་འཁྲུངས། དེ་ཉིད་བསྐྱེད་བསྲིངས་ནས་ནར་སོན་པའི་ཚེ་དེ་ལ་སྨན་པ་གཉིས་ཀྱིས་རེག་པ་རྩའི་མདོ་དང་། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོའི་མདོ་སོགས་ཀྱི་གདམས་པ་མ་ལུས་པ་གནང་ནས་སྦྱངས་པའི་རྩལ་རྫོགས་ཤིང་སྨན་པ་མཁས་པར་གྱུར། སྨན་པ་གཉིས་རང་ཡུལ་ལ་ཕྱིར་བཞུད། སྨན་པ་དུང་གི་ཐོར་ཅོག་ཅན་གྱིས་རྒྱལ་པོ་ཐོ་རི་སྙན་བཙན་རང་ཉིད་ཀྱི་སྐུ་ཚེའི་སྨད་ཀྱི་བླ་སྨན་དང་། དེའི་སྲས་ཁྲི་གཉན་གཟུང་བཙན་གྱི་སྐུ་ཚེའི་སྟོད་ཀྱི་བླ་སྨན་དུ་དབང་བསྐུར་བར་གྲགས་ཤིང་། དེ་ནས་བཟུང་སྨན་པ་དུང་གི་ཐོར་ཅོག་གི་སྲས་བློ་གྲོས་ཆེན་པོ་དང་། དེའི་སྲས་བློ་གྲོས་མཚུངས་མེད། དེའི་སྲས་བློ་གྲོས་རབ་གསལ། དེའི་སྲས་བློ་གྲོས་རྒྱལ་མཛོད། དེའི་སྲས་བློ་གྲོས་བཤེས་གཉེན་བཅས་ཀྱིས་བོད་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་དང་། སུམ་ཅུ་པ་འབྲོང་གཉན་ལྡེའུ། སོ་གཅིག་པ་སྟག་རི་གཉན་གཟིགས། སོ་གཉིས་པ་གནམ་རི་སྲོང་བཙན། སོ་གསུམ་པ་སྲོང་བཙན་སྒམ་པོ་བཅས་སོ་སོའི་བླ་སྨན་མཛད་པར་གྲགས་ཤིང་། ལྷག་པར་གོང་གི་རྒྱལ་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུ་ས་གདོན་གྱིས་ཟིན་པར་རྒྱལ་བརྒྱུད་ཕྱི་མ་རྣམས་ལ་དེ་ལྟར་མི་ཡོང་བའི་ཆེད་འཕྱོངས་རྒྱས་ཀྱི་ཞང་མདར་གསོན་པོར་བང་སོར་དུར་དུ་ཞུགས་པ་དང་། སྲས་དཀོན་པ་བཀྲ་ལ་རྒྱལ་ཕྲན་འ་ཞའི་ཡུལ་ནས་འ་ཞ་རྗེ་ཞེས་བྱ་བའི་སྨན་པ་མཁས་པ་ཞིག་སྤྱན་དྲངས་ནས་སྤྱན་ཕྱེ་དགོས་པའི་ཞལ་ཆེམས་གནང་བ་ལྟར་འ་ཞའི་སྨན་པས་རྒྱལ་བུའི་སྤྱན་གསེར་གྱི་ཐུར་མས་ཕྱེ་བ་བརྒྱུད་སྤྱན་བསྐྱར་དུ་གཟིགས་པའི་ཐོག་མར་སྐྱིད་ཤོད་སྟག་མོའི་རི་ལ་རི་དྭགས་གཉན་ཡོད་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་གྲགས་པ་བཅས་གོང་གསལ་ལོ་རྒྱུས་དེ་དག་ལས་བོད་ཀྱི་གསོ་རིག་དང་སྨན་རིག་ལག་རྩལ་གྱི་ཚད་གཞི་སྤྱིར་བཏང་གི་འཕེལ་རྒྱས་ཙམ་མ་ཡིན་པར་འགོས་ནད་ཀྱི་འབྱུང་རྐྱེན་ཤེས་ཀྱི་ཡོད་པ་དང་། མིག་གི་གཤགས་བཅོས་སོགས་ཆུ་ཚད་གང་ཙམ་ལ་སླེབས་པ་མཚོན་ནོ།།

            དེ་རྗེས་དུས་རབས་བདུན་པའི་ཡས་མས་སུ་གནམ་རི་སྲོང་བཙན་གྱི་དུས་སུ་རྒྱ་ནག་ནས་རྩིས་དང་སྨན་གྱི་སྐོར་འགའ་ཞིག་བླངས་པ་ལོ་རྒྱུས་འགར་གསལ་རུང་དར་རྒྱས་ཆེར་མ་བྱུང་ནའང་ལུང་རིག་དེ་དག་ལ་དཔྱད་ན། དུས་དེ་ཙམ་ནས་གཞན་གྱི་དགེ་མཚན་བླངས་ནས་རང་ཉིད་ཀྱི་གསོ་རིག་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཙལ་རྙེད་བྱུང་བའང་མཚོན་གྱི་ཡོད་པ་རེད།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ཞེས་པ་ནས་ཟུར་འདོན་ཞུས།།



མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།