སྨན་རྩིས་དྲ་བ། - སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ།

གློ་བའི་འབྲས་ནད་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.12.2024
སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ། >>


༄༅། །གློ་བའི་འབྲས་ནད་སྐོར།

ྋསྐུ་བཅར་སྨན་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན།

 

དུག་གསུམ་རྒྱུ་འབྲས་ནད་སེལ་སྨན་གྱི་བླ།།

གངས་ཅན་གསོ་རིག་གཙུག་ནོར་གཡུ་ཐོག་མགོན།།

བྱང་ཟུར་དངོས་བརྒྱུད་བླ་མའི་ཚོགས་རྣམས་དང་།།

དབྱེར་མེད་གཅིག་བསྡུས་གངས་ཅན་མགོན་པོར་འདུད།།

 ཅེས་བདག་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་སྐྱབས་གནས་དམ་པ་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོས་གུས་ཕྱག་དང་བཅས་ཏེ། ད་ལམ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་དབུས་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ནང་བཞུགས་པའི་སྨན་པ་གཞོན་པ་རྣམས་པས་རེ་སྐུལ་ལྟར་གློ་བའི་འབྲས་ནད་ཀྱི་སྨན་བཅོས་ཉམས་མྱོང་སྐོར་ཅུང་ཙམ་བརྗོད་པར་བྱ་བ་ལ། སྤྱིར་གློ་བ་ནི་རླུང་གི་དྭངས་མ་དང་དབུགས་ཀྱི་རྟེན་དུ་གྱུར་པའི་བྱང་ཁོག་གི་གཡས་གཡོན་གཉིས་སུ་རེ་རེར་ཆགས་ཡོད་ཅིང་ཞོགས་གཡས་ངོས་ཀྱི་གློ་འདབ་སྟོད་མ་དང་བར་མ་འོག་མ་བཅས་གསུམ་དང་། ཞོགས་གཡོན་ངོས་ཀྱི་གློ་བར་གློ་འདབ་སྟོད་མ་དང་འོག་མ་བཅས་བསྡོམས་པའི་གློ་འདབ་ལྔ་ཡོད་པ་དེ་དག་གི་མདུན་ངོས་རྣམས་ལ་གློ་བའི་བུ་ལྔ་དང་རྒྱབ་ངོས་རྣམས་སུ་གློ་བའི་མ་ལྔ་ཟེར་བ་རེད་། གློ་བའི་ངོ་བོ་ནི་སོག་ཕོན་ལྤགས་གཡོག་དང་འདྲ་བར་གློ་བའི་བུ་ག་མང་པོ་མཉམ་རུབ་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་བུ་ག་དེ་ཚོའི་ནང་གསེབ་ཏུ་ཁྲག་རྩའི་དྲ་བ་ཆགས་ཡོད་པ་མ་ཟད་རྣམ་ཀུན་ནས་སྐྱེ་བོ་ཀུན་གྱིས་དབུགས་རྔུབ་འཐེན་བྱས་པའི་མཁའ་རླུང་དྭངས་མ་དེ་༼སྲོག་རླུང་༽ཞེས་ཟེར་བ་དང་ཕྱིར་གཏོང་བའི་མཁའ་རླུང་གི་སྙིགས་མ་དེ་གཉིས་གློ་བའི་བུ་གའི་ནང་དུ་ཕན་ཚུན་བརྗེ་ལེན་བྱེད་ཀྱི་ཡོད་པ་རེད།

གོང་དུ་གསལ་བའི་ལུས་ཀྱི་དོན་ལྔའི་ཡ་གྱལ་གློ་བ་མ་ལྔ་རྣམས་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་ནང་གི་བློན་པོ་དང་གློ་བ་བུ་རྣམས་ནི་རྒྱལ་པོ་ལྟ་བུའི་སྙིང་གི་སྲས་དང་འདྲ་བར་གསུངས་པ་བཞིན་དོན་ལྔའི་ནང་ཚན་གློ་བའི་འབྲས་ནད་བཅོས་པའི་ཉམས་མྱོང་ཞུ་རྒྱུར་དོན་ཚན་རྣམ་པ་ལྔའི་སྒོ་ནས་ངོ་སྤྲོད་ཞུ་རྒྱུར།

༡། གློ་འབྲས་ནད་ཀྱི་རྒྱུ་རྐྱེན་དང་། ༢། གློ་འབྲས་ནད་ཀྱི་དབྱེ་བ་དང་གསོ་བའི་རིམ་པ། ༣། གློ་བའི་འབྲས་ནད་ཀྱི་རྟགས། ༤། གློ་འབྲས་ནད་ཀྱི་བཅོས་ཐབས། ༥། གློ་འབྲས་ནད་ཀྱི་ཟས་སྤྱོད་ཀྱི་སྤང་བླང་བསྟེན་ཚུལ་བཅས་ལྔའོ།།

༡། གློ་འབྲས་ནད་ཀྱི་རྒྱུ་རྐྱེན།

མན་ངག་རྒྱུད་ལས། རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས།། ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་བྱུང་།། ཞེས་གསུངས་པ་ལྟར་ལུས་ཁམས་འགྲམས་འཁྲུགས་ཤེད་ཆེར་བྱུང་ནས་དམིགས་གསལ་གློ་བའི་གནས་སུ་འགྲམས་པའམ་འཁྲུགས་རྐྱེན་ཤེད་ཆེར་བྱུང་བ་དང་། གཞན་ཡང་ཁ་ཟས་ཟོས་པ་ལེགས་པར་མ་སྨིན་པ་དེ་ཉིད་མཆིན་པར་ཁྲག་ངན་མང་དུ་རྒྱས་ནས་དེ་དག་རླུང་གིས་གློ་བའི་ཁྲག་རྩའི་གནས་སུ་སྒོང་པོར་འདྲིལ་ནས་གློ་འབྲས་ཀྱི་ནད་དེ་ཉིད་འབྱུང་བ་ཡིན། གཞན་ཡང་སྐབས་འགར་སྨན་ཁང་ནང་གཤག་བཅོས་བྱ་དགོས་པ་དང་། སྨན་ཁབ་སོགས་དཔྱད་བཅོས་ཀྱི་སྐབས་དང་། སྐྲ་ཁང་དང་མཛེས་བཟོ་ཁང་སོགས་སུ་བསྐྱོད་སྐབས་སྐྱེ་བོ་ཀུན་ནས་གཙང་སྦྲ་དང་དོ་སྣང་གང་གཟབ་བྱ་གལ་ཆེའོ།།

དེ་མ་ཟད་རྒྱུན་དུ་འགྲོ་འདུག་བྱ་སའི་འཁོར་ཡུག་ཏུ་དུག་རླངས་མང་བ་དང་། གང་ཟག་རང་ཉིད་ནས་ཐ་མག་མང་དུ་འཐེན་པའམ་ཡང་ན་མི་གཞན་ཐ་མག་འཐེན་མཁན་གྱི་ཉེ་འགྲམ་དུ་སྡོད་པ། ཚ་ཞིང་སྐྱུར་བའི་ཟས་རིགས་དང་ཆང་རག་མང་དུ་འཐུང་བ་སོགས་ལས་གློ་འབྲས་ཀྱི་ནད་སློང་སྲིད་པའོ།།

༢། གློ་འབྲས་ནད་ཀྱི་དབྱེ་བ་དང་གསོ་བའི་རིམ་པ།

སྤྱིར་བབས་སའི་གནས་དོན་ལྔའི་ནང་ཚན་གློ་བར་བབས་པས་ན་སྐབས་འདིར་གློ་བའི་འབྲས་ནད་གཅིག་ཁོ་ནའོ།། ཕྲན་རང་ཉིད་ནས་གློ་འབྲས་རིམ་པ་དང་པོ་དང་གཉིས་པ་ནི་གསོ་སླ་ཞིང་། རིམ་པ་གསུམ་པ་དང་བཞི་པ་ནི་སྤྱིར་བཏང་ཅུང་གསོ་དཀའ་བའི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད། དེ་དག་ནི་གློ་བའི་འབྲས་ནད་ཁྱབ་འཕེལ་ཆེ་ཆུང་གི་ཁྱད་པར་ལས་བྱུང་བ་ཞིག་རེད། འོན་ཀྱང་རང་རེའི་གཞུང་ལས་གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ་ཞེས་གསུངས་པ་ལྟར་སྐབས་འགར་དངོས་སུ་དེ་ལྟར་ཡོང་བཞིན་འདུག་པས་འདིར་ཡང་ད་རིང་དུས་ཚོད་བྱུང་ན་གློ་འབྲས་རིམ་པ་བཞི་པ་ཟུངས་ཟད་བཅོས་སྡུག་ཅན་ཞིག་ལ་ཟླ་བ་གཉིས་རིང་རང་རེའི་སྨན་བཅོས་བྱས་ནས་དྲག་སྐྱེད་གང་ལེགས་བྱུང་བའི་ལོ་རྒྱུས་ངོ་སྤྲོད་ཞུས་ཆོག་པ་ཞུ།

༣།  གློ་བའི་འབྲས་ནད་ཀྱི་རྟགས།

མན་རྒྱུད་འབྲས་ནད་ལེའུ་ལས།  གློ་འབྲས་མིད་པ་ན་ཞིང་ཟས་མིད་དཀའ། ཞེས་གསུངས་པ་ལྟར་གློ་བའི་འབྲས་ནི་གཙོ་བོ་དབུགས་རྒྱུའི་ལམ་དུ་འབྱུང་བའམ་གློ་བར་འབྲས་ནད་འཕེལ་བ་ལས་དབུགས་ལམ་དང་ཟས་ལམ་དུ་གཉན་འབྲས་རྒྱས་ནས་མིད་པར་ན་ཟུག་བཏང་ཞིང་ཐ་མར་ཟས་སྐོམ་རྣམས་མིད་དཀའ་བར་འགྱུར་བ་ཡིན། རྒྱུན་རིང་གློ་དང་ལུད་པ་ལྗན་ལྗིན་མང་བ་དང་། དབུགས་བསགས་པ། ལུད་པ་སྐྱ་སོབ་ཅན་ནམ་ཡང་ན་ནད་པ་འགར་ལུད་པ་འབྱར་བག་རྩི་རིང་ཅན་ཁ་མདོག་ལྗང་ནག་དང་སྨུག་པོ་ཐོན་པ། ཡང་ནད་ཅན་འགར་གློ་བར་གཉན་འབྲས་ཤིན་ཏུ་ཁྱབ་ཆེ་བའི་རིགས་ལ་གློ་དང་མཉམ་དུ་ཁྲག་ལིང་མང་དུ་ཐོན་པ་དང་། ཚ་བ་ཤེད་ཆེར་འཕར་བ། ཟས་ཀྱི་དང་ག་འགག་པ། ཟས་ཟོས་རྗེས་སྐྱུག་པ་དང་བཤང་ཁྲག་སོགས་བཤལ་བ། མཚན་མོར་གཉིད་མི་འཁུགས་ཤིང་རླུང་ཚད་ཤེད་ཆེར་འཕར་བ། ཉིན་རེ་བཞིན་ལུས་ཀྱི་ཤ་སྐེམ་པོར་གྱུར་པ་སོགས་ཀྱི་ནད་རྟགས་མངོན་བཞིན་འདུག ཡང་ནད་ཅན་འགར་སྐབས་རེར་བྱང་ཁོག་གི་མདུན་རྒྱབ་རྩིབ་མ་གཡས་གཡོན་སྟེང་ན་ཟུག་དྲག་པོ་བཏང་ནས་དབུགས་ཀྱང་གཏོང་ལེན་དཀའ་བ་སོགས་ཀྱི་ནད་རྟགས་ཡོང་གི་འདུག  ལྷག་པར་དུ་ལག་རྩའི་མཚན་ཉིད་ནི་ཐམས་ཅད་ལ་གཅིག་ཏུ་མ་ངེས་ཀྱང་ཞིབ་ཏུ་བརྟག་ན་གློ་བའི་རྩ་ཁ་སྦོམ་ལ་དལ་ཞིང་གཏིང་ཕྲ་ལ་གྲིམས་ཤས་ཞིག་ཡོད་པར་སྣང་ངོ་།། ཆུའི་རྟགས་ཀྱང་སྤྱིར་སྣ་ཚོགས་ཡོད་ཀྱང་ནད་ཅན་མང་ཆེ་བར་གཅིན་དྲི་ངན་པ་འདུག་གོ།

༤།  གློ་འབྲས་ནད་ཀྱི་བཅོས་ཐབས།

སྨན་དཔྱད་ཟས་སྤྱོད་བཞི་དང་ཟས་སྤྱོད་ཀྱི་སྤང་བླང་བཅས་ལྔ་ཡོད་པ་ལས།

 ༡། གློ་འབྲས་ནད་ཀྱི་སྨན་བཅོས།

སྨན་གསུམ་དང་། ཟླ་ཤེལ་སོ་བདུན། སྨན་གཉིས། ཅུ་གང་ཉེར་ལྔ་དང་གསང་བདག་མཉམ་བསྲེས། རྒ་སྤང་དང་ཁྲབ་རིལ་མཉམ་བསྲེས། སྤང་ཁྱུང་། སྤང་ནི། སྤང་རྩི་བཅུ་གཉིས། ཟངས་ཐལ་ཉེར་ལྔ། ཅུ་གང་བདེ་བྱེད། བསེ་རུ་ཉེར་ལྔ། ལི་གསང་། ཐང་ཆེན་ཉེར་ལྔ། ཙན་བརྒྱད། ད་ལི་བཅུ་དྲུག གཙོ་བོ་ཉེར་ལྔ། གཙོ་བརྒྱད། གཉན་ཐང་བཅོ་ལྔ། དགའ་བ་བཅུ་དྲུག བསམ་ནོར། བྱང་ཆོས་སོ་བདུན། གསང་བདག་དར་ཡ་ཀན། རྡོ་རྗེ་ཁྲབ་རིལ། སྐྲན་བཤིག བྱ་ཁྱུང་ལྔ་པ། ཁྱུང་ལྔ་མཆུ་སྡེར། ཁྱུང་ལྔ་ནི་ལ། གུར་ཁྱུང་ཕྱག་རྡོར། ཕན་པ་ཀུན་ལྡན། ཨ་ཚེས། ཚངས་ལྷ། རིན་ཆེན་མང་སྦྱོར་ཆེན་མོ་དང་། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ། རིན་ཆེན་རཏྣ་བསམ་འཕེལ་སོགས་ནད་པའི་རང་བཞིན་དང་མེ་དྲོད། ནད་སྟོབས་ཆེ་ཆུང་སོགས་ལ་གཞིགས་ཏེ་བསྟེན་ན་གང་ལེགས་ཕན་བསྐྱེད་ཡོང་གི་འདུག

༢། གློ་འབྲས་ནད་ཀྱི་དཔྱད་བཅོས།

གློ་བའི་གསང་གནས་དང་ནད་དམིགས་སྟེང་སྐབས་འགར་དགོས་གལ་ལ་གཞིག་པའི་ཟངས་བུམ་དང་། ཤེལ་བུམ། སྤྲ་མེ་དང་གསེར་རྟེལ་གྱི་མེ་བཙའ་དངོས་སམ་རྟེན་འབྲེལ་མེ་བཙའ་གང་འཕྲོད་བརྒྱབ་ནའང་ཕན་ཆེར་སྣང་ངོ་།།

༥། ཟས་སྤྱོད་ཀྱི་སྤང་བླང་།

རྒྱུན་དུ་ཚ་སྐྱུར་རིགས་ཟ་བ་དང་། ཆང་རག་འཐུང་བ། ཐ་མག་འཐེན་པ། ཐ་མག་འཐེན་མཁན་དང་དུ་རླངས་བཙོག་པའི་རིགས། ལྷག་པར་དུ་ཐལ་རྡུལ་མང་སར་འགྲོ་འདུག་སོགས་ངེས་པར་དུ་འཛེམ་དགོས། ཁྱད་པར་ཆམ་པ་རྙིང་པ་དང་། གློ་བའི་གཉན་ཚད་སོགས་བྱུང་ན་ལྷོད་ཡེངས་སུ་མ་སོང་བར་དུས་ཐོག་ཏུ་སྨན་བཅོས་བྱ་གལ་ཆེའོ།། ཟས་སུ་སྤྲིང་མོག་དང་བག་ལེབ་རྙིང་པ་གྲང་མོ། ཕྱུར་རུལ་གྱི་ཚོད་མ། ལ་ཕུག་སྙལ་ཚལ། སུར་པན་སྐྱུར་སྙལ་ཅན། རྔོ་བསྲེག་མ་བྱས་པའི་གྲང་ཚལ། བྱི་རིལ་མངར་མོ། ཆུ་གྲང་མངར་མོ། ཆང་རག ཞོ་རྙིང་པ། སྣུམ་བསྲེགས་བག་ལེབ་སོགས་སྤང་དགོས།

༡། ཟས་སྐོམ་བླང་བྱ།

ནས་རྩམ་གསར་པ་དང་། འབྲས་དཀར་དམར་བཟང་པོའི་རིགས། བག་ལེབ་གསར་པ། ཞོ་གསར། རྩམ་ཐུག་དང་འཐེན་ཐུག རྒྱ་ཐུག གྲོ་ཆག་ཐུག་པ། འབྲས་ཐུག་སོགས་སོས་པ། རབ་དགའ་གཡང་འཛིན་དང་ཇ་ཤིང་ལྔ་པ། བད་ཀན་ཇ་དང་རླུང་ཇ་སོགས་བོད་ཀྱི་གསོ་རིག་སྨན་ཇའི་རིགས་དང་། དེང་དུས་ཇ་(Green Tea)སོགས་སོས་པའི་རིགས། སྲན་ལྗང་དང་རྒྱ་སྲན་ལེབ་མོ་ཆེན་མོ། སྔོ་ཚལ་ལྗང་ཁུའི་རིགས། མེ་ཏོག་པད་ཚལ། ལོ་འཁོར་པད་ཚལ། ཀྲུ་མ་ཀྲུ། ཞོག་ཁོག ལ་ཕུག་དཀར་དམར། སྒ་སྐྱ། སྒ་སྨུག ཟི་ར་དཀར་ནག འབྲི་ཏ་ས་འཛིན།  སྒ་སེར། ཉ་ཤ་དང་བྱ་ཤ་ལུག་ཤ་སོགས་སོས་པ། དར་བ་སོས་པ། ཆུ་བསྐོལ་དྲོ་འཇམ། ཤིང་འབྲས་ཀུ་ཤུ་དང་། ངང་ལག རྒུན་འབྲུམ་དཀར་པོ་དང་དམར་པོ་སྨུག་པོ་སོགས་སོས་པའི་རིགས་ཕན་པར་སྣང་ངོ་།།

༢། སྤྱོད་ལམ་གྱི་སྤང་བླང་།

རྒྱུན་དུ་ནད་ཅན་རང་ཉིད་ཀྱིས་ལུས་ངག་ཡིད་གསུམ་འདོད་ཆགས་དང་ཞེ་སྡང་ང་རྒྱལ་ཁོང་ཁྲོ་སོགས་གང་ཡང་མི་བྱ་བར་ལྷོད་དལ་ངང་། ལུས་ཀྱིས་ཕྱག་དང་སྐོར་བ་སོགས་ལུས་སྦྱོང་གང་ཐུབ་བྱེད་པ་དང་། དམིགས་གསལ་ཉིན་ལྟར་སྔ་དགོང་ལུས་རྩལ་དང་དབུགས་སྦྱོང་སོགས་གང་ཐུབ་གནང་རྒྱུ་གལ་ཆེ། ངག་གི་སྒོ་ནས་ཁ་འདོན་དགེ་སྦྱོར་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་། སངས་རྒྱས་སྨན་བླ། འཕགས་མཆོག་སྤྱན་རས་གཟིགས། རྗེ་བཙུན་འཕགས་མ་སྒྲོལ་མ་སོགས་ཀྱི་གཟུངས་སྔགས་བྱིན་ཆེན་རྣམས་གང་ཐུབ་བསགས་འདོན་དང་། ཡིད་ཀྱི་སྒོ་ནས་མཆོག་གསུམ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྒོ་ནས་སྒོམ་སྒྲུབ་བསྙེན་མཚམས་དང་། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་བྱང་སེམས་ཀྱི་སྒོ་ནས་ནད་པ་རང་ཉིད་ནས་གཏོང་ལེན་གྱི་དམིགས་པ་སོགས་གང་ཐུབ་ཉམས་ལེན་བྱ་ཐུབ་ན་ནད་གཞི་འདི་དག་གང་མགྱོགས་དྲག་སྐྱེད་ཡོང་རྒྱུར་ཕན་སྐྱེད་ཆེན་པོ་ཡོང་གི་འདུག 

སླར་སྨོན། གློ་འབྲས་ནད་གྱི་རྒྱུ་རྐྱེན་དབྱེ་བ་དང་། །ནད་རྟགས་སྨན་དཔྱད་ཟས་དང་སྤྱོད་ལམ་སོགས། །སྙིང་པོར་བཀོད་འདི་ལོ་མང་ནད་བཅོས་སྐབས།      །དངོས་སུ་ནད་བརྟག་ཉམས་མྱོང་གང་བྱུང་དང་། །གཞུང་ནང་གང་གསལ་མཐོང་བརྒྱུད་དམར་ཁྲིད་སོགས། །གང་བྱུང་བྲིས་པ་ཀུན་ལ་ཕན་ཕྱིར་དང་། །གངས་ཅན་མགོན་པོའི་སྐུ་ཚེ་རབ་བརྟན་ཅིང་། །འཛམ་གླིང་ཀུན་ཏུ་དམག་འཁྲུགས་ནད་ཡམས་དང་།  །འབྱུང་བའི་གོད་ཆགས་ལ་སོགས་རབ་ཏུ་ཞི། །སྨན་རྩིས་བསྟན་པ་ཕྱོགས་དུས་ཀུན་དུ་རྒྱས། །འགྲོ་ཀུན་སྨན་རྒྱལ་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་དྷ་སྟེང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་ལྷ་སྒྲོན་གྱིས་ ༡༢/༦/༢༠༢༤ ལ་བྲིས་པ་དགེའོ།། །།



མཐའ་མའི་འདོན་ཐེངས་།: 06.12.2024 ཉིན། 10:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།