སྨན་རྩིས་དྲ་བ། - ཆེད་རྩོམ།

གཙུག་ལག་རྩིས་རིག་ལས་སེམས་འཁྲུགས་པའི་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.11.2015
ཆེད་རྩོམ། >>

 

 

༄༅། །བོད་ཀྱི་སྲོལ་རྒྱུན་གཙུག་ལག་རྩིས་རིག་དང་འབྲེལ་ཏེ་སེམས་འཁྲུགས་ནད་ཀྱི་

གསོ་བཅོས་སྙིང་བསྡུས་གླེང་བ།


- ཨེ་པ་བསོད་ནམས་རིན་ཆེན།

 

 


དང་པོ། མཆོད་བརྗོད་དང་དམ་བཅའ།

ཨོཾསྭསྟིཿ བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བདག་རྒྱུད་རྣམ་པར་དག་པར་བྱིན་གྱིས་རློབས། །དེ་ཡང་འགྲོ་དྲུག་གཙོར་གྱུར་མི་ལུས་ལ། །རྣམ་པར་འཚེ་བའི་ནད་རིགས་གྲངས་མང་ཡང་། །ལུས་སེམས་གཉིས་སུ་མ་འདུས་ནད་མེད་ཅིང་། །ཁྱད་པར་སེམས་ཁམས་ནད་ཅེས་ཐ་མལ་གྱི། །སེམས་གཤིས་རྐྱེན་གྱིས་རྣམ་པར་བསྒྱུར་བྱས་སྟེ། །ལུས་ངག་བྱ་བ་རྒྱུན་ལས་གོ་ལྡག་དང་། །རང་ཚུགས་མི་ཐུབ་ལོག་པའི་གོལ་སར་ཤོར། །ཚུལ་འདི་བཅོས་ལ་སྲོལ་རྒྱུན་ཆོས་སྨན་གྱི། །གཞུང་ལུགས་སྤྱི་དང་བྱེ་བྲག་དེང་གི་དུས། །ཕྱི་གླིང་ཡུལ་དུ་རླུང་ལྟར་གྲགས་པ་ཡི། །སེམས་ཁམས་རིག་པ་སྨྲ་བའི་ཆེད་མཁས་ཚོས། །ངོས་འཛིན་གསོ་བཅོས་སྣ་ཚོགས་མཛད་མོད་ཀྱང་། །སྐབས་འདིར་རང་ལུགས་སྲོལ་རྒྱུན་རྩིས་རིག་དང་། །འབྲེལ་བའི་སེམས་ནད་གསོ་ཚུལ་སྙིང་བསྡུས་ཙམ། །དོན་གཉེར་འདུས་པའི་དབུས་སུ་གླེང་བར་བྱ། །


 

གཉིས་པ། གླེང་དོན་དོངས།

དང་པོ། རྒྱུ།

སེམས་ནད་རྒྱུ་རྐྱེན་འཇུག་ཚུལ་[དབྱེ་བ་]རྟགས་བཅོས་ལྔ[དྲུག]། །དང་པོ་རྒྱུ་ལ་རིང་རྒྱུ་ཉེ་རྒྱུ་གཉིས། །རིང་བ་སྔོན་ལས་ཉེ་བ་ཚེ་འདིའི་ལས། །ཁྱད་པར་མ་དག་སེམས་ལས་སྣ་ཚོགས་པ། །དེ་ལས་འདོད་ཆགས་ཞེ་སྡང་འཇིགས་ཚོགས་དང་། །སྲོག་གཅོད་སྣ་མང་ནད་འཇུག་རྒྱུ་རུ་གསུངས། །


 

གཉིས་པ། རྐྱེན།

རྐྱེན་ནི་འབྱུང་བ་འཁྲུགས་དང་རྣམ་རྟོག་གིས། །ལུས་སེམས་ནད་གཉིས་བསྐྱེད་པའི་རྒྱུར་གསུངས་ལྟར། །དེ་ཡང་འབྱུང་བ་འཁྲུགས་པ་གཙོར་བྱས་ཏེ། །བད་མཁྲིས་ལ་སོགས་ལུས་ནད་ཕལ་ཆེ་དང་། །རྣམ་རྟོག་གཙོར་བྱས་འབྱུང་ལྔའི་གདོན་སོགས་ཀྱིས། །བསྐྱེད་པའི་སེམས་འཁྲུགས་ནད་སློང་རྐྱེན་གཉིས་གྱུར། །ཁྱད་པར་རྐྱེན་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཟས་རྩུབ་བཅུད་མེད་གོས་སྲབ་དང་། །ཚ་སྐྱུར་བསྟེན་དྲག་བཀག་དང་གནོད་ཀྱིས་བཙིར(སྲོག་རླུང་འཁྲུགས་པའི་ཟས་སྤྱོད)། །མཚན་མོའི་དུས་སུ་མི་ཉལ་དྲག་ཤུལ་དང་། །སྐད་ཆེར་སྨྲ་ཞིང་མྱ་ངན་འཇིགས་ལས་དང་། །སེམས་ལས་བུད་མེད་དྲགས་དང་ཉིན་གཉིད་རྡབས། །དྲག་རློན་ལ་སོགས་རླུང་མཁྲིས་ལ་གནོད་སྦྱོར། །བྱེ་བྲག་ཆུ་ཆེན་རྐྱལ་(བབས་སྤར་ཁཾ་འཁེལ་དུས་)དང་མང་ཚོགས་དང་། །དུར་ཁྲོད་ནད་པའི་མདུན་སར་འགྲོ་བ་(རང་ཀེག་གི་དུས་སུ་)དང་། །ཐེ་ཚོམས་ཅན་གྱི་གྲུ་གཟིངས་ལ་བཞུགས་དང་། །བཞོན་པ་མི་བསྲུན་བཞིན་དུ་འཛེགས་པ་དང་། །(བླ་སྲོག་གི་རྡེལ་ནག་དུས་གཅིག་པུར་)མཚན་མོ་ཤིང་དྲུང་སུམ་མདོ་གྲོག་སྟོང་དང་། །ཉིན་ཡང་དུར་ཁྲོད་འགྲིམས་(བླ་འཁྱམས་པར་བྱེད་)དང་སྦྲིད་པ་དང་། །གད་མོ་གཡལ་དང་ཁ་གདངས་ལ་སོགས་ཀྱིས། །གདོན་དང་ནད་རིགས་འཇུག་པར་རྩིས་ལས་གསུངས། །


 

གསུམ་པ། འཇུག་ཚུལ།

གསུམ་པ་འཇུག་ཚུལ་སེམས་རྟེན་སྲོག་གི་རླུང་། །དེ་ཡང་ཁམས་ཀྱི་དྭངས་མ་བླ་ལ་རྟེན། །གོང་རྐྱེན་ཟས་སྤྱོད་གདོན་རྐྱེན་རྣམ་གསུམ་གྱིས། །ཐིག་ལེའི་དྭངས་མ་བླར་འཚེ་ཡང་ན་ནི། །ཐོག་མ་ཉིད་ནས་སེམས་འཛིན་རླུང་འཁྲུགས་པས། །ནད་གདོན་གཉིས་ཀྱིས་རྣམ་ཤེས་རྒྱུ་ལམ་དབང་། །ཐ་མལ་དྲན་ཤེས་རྣམ་པར་བསྒྱུར་བྱས་པས། །སེམས་ཞུམས་འཕྱོ་དང་སྨྱོ་སོགས་སེམས་ནད་འཇུག །


 

བཞི་པ། དབྱེ་བ།

དབྱེ་བ་རྣམ་པ་མང་དུ་མཆིས་མོད་ཀྱང་། །བསྡུ་ན་སེམས་ཞུམས་སེམས་འཕྱོ་འཁྲུགས་པ་དང་། །སེམས་ཁ་ལོག་པའི་སྨྱོ་ནད་དང་བཅས་བཞི། །རེ་རེ་ལའང་དོན་ནད་གདོན་འགྱུར་གསུམ། །དེ་དག་ནད་ཚབས་ཆུང་འབྲིང་ཆེན་པོར་བཤད། །དེ་ལ་དང་པོ་དོན་ཞེས་བྱ་བ་ནི། །འཇིག་རྟེན་གཉེར་བྱའི་འདོད་དོན་མ་འགྲུབ་པས། །སེམས་ཞུམ་ནད་འབྱུང་དེ་ཉིད་མ་བཅོས་པས། །རིམ་པར་ནད་གདོན་འཇུག་པའི་སེམས་འཕྱོ་འཁྲུགས། །སེམས་ཁ་ལོག་པའི་སྨྱོ་ནད་འབྱུང་བ་ཡིན། །གཉིས་པ་ནད་ནི་ཉེས་པ་གསུམ་དང་ནི། །ཁྱད་པར་སེམས་རྟེན་བླ་སྲོག་ཉམས་དང་འཁྲུགས། །གསུམ་པ་གདོན་ནི་ཚུལ་མིན་རྣམ་རྟོག་ཅེས། །སེམས་ཀྱི་རང་སྣང་འཁྲུལ་ཆ་ལས་བྱུང་ཞིང་། །ཁྱད་པར་འབྱུང་བའི་གཤིས་དང་མཐུན་པ་ཡི། །རྒྱལ་བཙན་ཀླུ་སོགས་ཡུལ་ཁྱིམ་རྟེན་རྣམས་དང་། །གསོན་གཟིན་ལ་སོགས་མི་མིན་འབྱུང་པོ་ཡིས། །བླ་ཡི་རྒྱུན་གཅོད་དྲན་ཤེས་ཅི་དགར་བསྒྱུར། །དེ་ཡང་བསྡུ་ན་ལུས་སྲོག་བླ་དང་གསུམ། །ལུས་ཀྱི་དབང་རྟེན་རྩ་ཁམས་ཉམས་པ་དང་། །བརྟེན་པ་བླ་ཡི་ནོར་བརྐུས་སྲོག་རླུང་ལོག །


 

ལྔ་པ། བརྟག་ཐབས།

བརྟག་པའི་ཐབས་ལ་ཕྱི་ནང་གསང་བ་གསུམ། །དང་པོ་ཕྱི་བརྟག་ཡུལ་གྱི་ས་དཔྱད་ལ། །ཕྱི་ཡུལ་ལུང་པའི་ཕུ་མདའ་གདགས་སྲིབས་སོགས། །ས་དཔྱད་ས་མིག་ངན་པས་ས་བདག་ཁྲོས། །མི་བརྒྱུད་རིམ་པར་སེམས་ནད་༼སྨྱོ་ནད་༽འབྱུང་བའི་ཚུལ། །གཙུག་ལག་ས་དཔྱད་རིག་པའི་གཞུང་ལས་གསུངས། །དཔེར་ན་ས་ཡི་གནམ་སྒོ་བརྟག་པའི་སྐབས། །བྱང་དུ་གནམ་སྒོ་དམེ་གྲི་ཆུ་གྲི་འོང་། །བྱང་ཤར་སྨྱོ་གྲི་བུ་གྲི་འོང་། །ཞེས་སོགས་གསུངས་ལྟར་ཡུལ་དང་མི་བརྒྱུད་ཀྱི། །སེམས་ནད་ཕལ་ཆེར་ས་དཔྱད་ངན་ལ་རག །ལུས་ཕྱིར་ས་དཔྱད་ལེགས་པར་བརྟག་འདི་གཅེས། །

གཉིས་པ་ནང་བརྟག་བཙས་དུས་དང་སྦྱར་བའི། །ལོ་ཟླ་ཞག་དུས་གཟའ་སྐར་ལ་སོགས་པར། །བརྟག་ཚུལ་སྣེ་མང་གསུངས་ཀྱང་མདོར་བསྡུས་ན། །ཕྱི་སྐོར་ལོ་དང་བར་སྐོར་སྨེ་བ་དང་། །ཁྱད་པར་ནང་སྐོར་སྤར་ཁ་འདོམས་པའི་རྟེན། །དེ་ཡང་སྨེ་བ་གཅིག་དྲུག་བརྒྱད་གསུམ་དང་། །གཉིས་ནག་ལྔ་སེར་དགུ་དམར་ལོ་རྟ་ནི། །མེ་ཡི་བྱི་ཡོས་ལྕགས་ཀྱི་འབྲུག་སྦྲུལ་དང་། །ཆུ་ཕོ་རྟ་དང་ས་ཕོ་ཁྱི་ཅན་དང་། །ཁྱད་པར་སྤར་ཁ་ཟོན་དང་དྭ་ཐོག་བབས། །འདི་དག་སེམས་ཁམས་ནད་འབྱུང་སླ་བའི་རྟེན། །ཡིན་ཕྱིར་སེམས་ཁམས་ནད་ལ་ཐེ་ཚོམ་ན། །རྩིས་འགོ་འདི་དག་གསུམ་ལ་གཅེས་པར་བཟུང་། །གཞན་ཡང་ནད་འཕོག་དུས་དང་སྦྱར་བ་ཡི། །སྐོར་འགོ་ནད་རྩིས་ཐང་ཤིང་ལ་སོགས་ལྟོས། །

གསུམ་པ་གསང་བརྟག་ལའང་སྔོན་ཚུལ་དང་། །བདུད་ཆད་བླ་འཁྱམས་བླ་རྩར་དཔྱད་པ་གསུམ། །དང་པོ་སྔོན་ཚུལ་ནད་པ་དེ་ཉིད་ཀྱི། །ལུས་ངག་ཡིད་གསུམ་སྤྱོད་པ་སྔར་ལས་ལོག །དོན་མེད་དངང་དང་རྨི་ལམ་ཟ་ཟི་མང་། །ཁྱད་པར་མིག་གི་མདངས་ཉམས་གཅེར་བུར་བལྟ། །གཉིས་པ་ཐོག་མར་ནད་ཀྱི་ཟིན་པ་ཡི། །རྩིས་དུས་གནམ་ལོའི་དབང་དང་བསྟུན་པ་ཡི། །ལོག་མེན་ཕོ་མོ་གཉིས་དང་རང་ལོ་འཐབ། །དེ་ཡང་རང་གི་ལོག་མེན་སྲོག་དབང་གཉིས། །རང་ལོའི་སྲོག་དབང་གཉིས་ཀྱི་དགྲར་འགྱུར་ཚེ། །ཕོ་མོ་ནང་མཐུན་བདུད་ཆད་གཞན་བླ་འཁྱམས། །གསུམ་པ་གསོ་རིག་རྩ་མདོ་ལས་གསུངས་པའི། །མཁྲིག་མའི་མར་ཟུར་བླ་རྩར་བལྟས་པ་ཡིས། །བླ་རྩ་གནས་ན་བླ་ཚེ་མལ་དུ་གནས། །བླ་རྩ་མི་གསལ་བླ་ལ་གོད་ཆག་བྱུང་། །དེ་གསུམ་མཐུན་ན་བླ་ཉམས་ཚེ་ལ་གཟན། །ཁྱད་པར་སེམས་ཁམས་ནད་ཀྱི་སློང་རྐྱེན་དངོས། །


 

དྲུག་པ་བཅོས་ཐབས།

གཉིས་པ་[དྲུག་པ་]བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །དང་པོ་ནད་དོན་གཉིས་ཀྱིས་སྐྱེས་པ་ཡི། །སེམས་ཞུམས་སེམས་འཕྱོ་འཁྲུགས་པ་གསུམ་པོ་ལ། །དོན་ལས་བསྐྱེད་ན་དེ་བསྟུན་འཇིག་རྟེན་གྱི། །མི་ཆོས་སྤྱོད་པ་བསླབ་སོགས་སེམས་རྒྱ་བསྐྱེད། །ཁྱད་པར་ནང་པའི་ཆོས་ཀྱི་བསླབ་བྱ་ཟབ། །གང་ལ་གང་མཁོ་རང་གི་རིག་པས་དཔྱོད། །ནད་ལས་སྐྱེས་ན་ཟས་སྤྱོད་སྨན་དཔྱད་བསྟེན། །ཁྱད་པར་རླུང་བཅོས་གདམས་པ་ལག་ཏུ་ལོངས། །གདོན་ལས་བསྐྱེད་ན་སྲུང་སྒྲིབ་བཟློག་པ་གཅེས། །དེ་ཡང་ནད་ཚབས་ཆེ་ཆུང་རིམ་པར་སྦྱར། །ཐོག་མར་གོང་གི་ལོ་སྨེ་སྤར་ཁ་ཡི། །རྟེན་ཅན་རྣམས་དང་ལུས་སེམས་ནད་སྤྱི་ལ། །གཟའ་སྐར་ས་བདག་གདོན་སོགས་གློ་བུར་གྱི། །གནོད་པ་སྲུང་ཕྱིར་ཉེས་སེལ་འཁོར་ལོ་གདགས། །བར་དུ་ནད་བཞུགས་རྗེས་ལ་རྫས་སྣ་ཡི། །འབྱུང་གདོན་སྒྲིབ་དང་ནད་སོགས་སེལ་བར་བྱ། །ཐ་མ་སྟོབས་ཆེན་གཏོ་བཟློག་དྲག་པོས་བཅོས། །དེ་ཡང་བྱེ་བྲག་གང་ལ་གང་དགོས་གཏོ། །དཔེར་ན་སྲོག་གུད་པ་ལ་སྲོག་བསླུ་དང་། །བླ་ཉམས་འཁྱམས་ལ་བླ་འགུག་ཚེ་ཆོག་དང་། །རྒྱལ་གདོན་གནོད་པར་རྒྱལ་པོ་སྐྱས་འདེབས་དང་། །བཙན་ལ་བཅན་མདོས་ཀླུ་ལ་ཀླུ་ཞག་གྲོལ། །ས་བདག་སྤྱི་ལ་ས་བདག་འཁྲུགས་བཅོས་སོགས། །གདོན་རིགས་བཅོས་ཀ་གང་ལ་གང་དགོས་པ། །གཙུག་ལག་གཏོ་མདོས་གཞུང་ལས་ལག་ཏུ་ལོངས། །

བྱེ་བྲག་སེམས་འཕྱོ་འཁྲུགས་ལ་དབྱངས་འཆར་དང་། །དུས་འཁོར་ལས་གསུངས་ལམ་ལྔའི་རླུང་རྩིས་ཀྱི། །སྦྱོར་བ་ཉམས་སུ་བླངས་པས་སེམས་འཕྱོ་དང་། །སེམས་འཁྲུགས་ལ་སོགས་མི་བརྟན་གདོན་པ་ཞི། །ཁྱད་པར་ནང་གི་སྒྲ་གཅན་འཁྲུགས་པ་ཡི། །སེམས་ནད་བཅོས་ལ་རླུང་སྦྱོར་སྲུང་འཁོར་གཉིས། །དེ་ཡང་གཙུག་ལག་གཞུང་ལས་འདི་སྐད་གསུངས། །ཀུན་གྱི་གཙོ་བ་སྒྲ་གཅན་ལ། །ཕྱི་ནང་གཉིས་སུ་ཤེས་བྱས་ཏེ། །གང་ཚེ་ནང་གི་སྒྲ་གཅན་འཁྲུགས། །དེ་ཡི་གཉེན་པོར་ངེས་པར་ནི། །ཡིད་ནི་བདག་མེད་ལམ་དུ་སྦྱངས། །མཆན་ཁུང་རྩ་ནི་ལེགས་བསྡམས་ཏེ། །བ་སྤུའི་མཐར་ཐུག་རླུང་གིས་དགང་། །གྱེན་རླུང་ཐུར་སེལ་དབང་དུ་བསྡུ། །ཟླ་ཕྱེད་ཀྱིས་ནི་འཆི་བ་འཕྲོག །ཕྱི་ཡི་སྒྲ་གཅན་གནོད་པ་ལ། །རྣལ་འབྱོར་གྱིས་ནི་རྒྱལ་བར་འགྱུར། །གཞན་ཡང་བྱིས་པའི་འགྲོ་བ་ལ། །འབྱུང་བའི་དཀྱིལ་འཁོར་སྒྲ་གཅན་བཅས། །དབུས་སུ་ཚེག་དྲག་ལྡན་པའི་ཧཾཿ །དབྱངས་དང་གསལ་བྱེད་ཀྱིས་བསྐོར་ཞིང་། །རྟེན་འབྲེལ་ལྡན་པ་བྲིས་བྱས་ཏེ། །རྡོ་རྗེ་ཤུགས་བསྒོམ་གཏོར་མ་སྦྱིན། །སྤེལ་ཚིག་བཅས་པའི་འཁོར་ལོ་དེ། །བཅངས་པས་དུས་སྦྱོར་གནོད་པ་རྣམས། །ཞི་བྱེད་རྟེན་འབྲེལ་ཆེ་བ་ཡིན། །

 

མཇུག་བསྡུ།

ཞེས་སོགས་མན་ངག་ཟབ་རྒྱ་འབྱུང་མོད་ཀྱང་། །དེང་འདིར་རང་བློ་དམན་པའི་ཁབ་མིག་ཏུ། །ཕྲན་ཙམ་ཆུད་པའི་སྡོམས་ཚིག་སྙིང་བསྡུས་འདི། །སྨན་རྩིས་འདུས་པའི་གླིང་ནས་ལུས་སེམས་དང་། སྲོག་གི་རིག་པར་ཞིབ་འཇུག་མཛད་སྡེ་ནས། །ཐེངས་འདིར་མཁས་མང་ཚོགས་པའི་གྲལ་དབུས་སུ། །གཙུག་ལག་རྩིས་ལས་སེམས་འཁྲུགས་ནད་བཅོས་ཚུལ། །ཇི་བསྟན་གླེང་དགོས་ཞེས་པའི་འཕྲིན་ཡིག་གི། །སྐུལ་མའི་ལན་ངོ་མ་བཟློག་ཙམ་དུ་བྲིས། །ལེགས་བཤད་མཆིས་ན་ཀུན་བྱང་སྙིང་པོར་བསྔོ། །སྙིགས་དུས་སེམས་ཅན་ནད་དང་བྲལ་བར་སྨོན། །ཉེས་པ་ཅི་མཆིས་དུས་ལྷའི་སྤྱན་སྔར་གཤགས། །

ཅེས་པའང་སྨན་རྩིས་རིག་པ་འཛིན་པའི་གྲལ་མཐར་སོན་པ་ཨེ་པའི་མིང་འཛིན་ནས་རབ་བྱུང་རི་ཟླའི་ཤིང་ལུག་རྒྱུད་ལུགས་དབྱུག་ཟླའི་མར་ངོར་བྲིས།། །།


 

འདིར་ནོན་ནས་ཨེ་པ་བསོད་ནམས་རིན་ཆེན་ལགས་ཀྱིས་བརྗོད་བྱ་འདི་ཉིད་སྟེང་དུ་གསུང་བཤད་གནང་བ་དེ་གསན།

 




མཐའ་མའི་འདོན་ཐེངས་།: 09.11.2015 ཉིན། 11:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།